DSC 5256།། འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་འདི་ནི། བོད་ཡུལ་གངས་ལྗོངས་སུ་ྋརྒྱལ་བསྟན་སླར་གསོའི་ཉི་ཟེར་སྤྲིན་བར་ནས་འཆར་སྐབས་ཀིརྟི་ཚང་དང་འབྲེལ་ཡོད་ཀྱི་གཙོས་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་ནས་གྲྭ་གཞོན་མང་པོ་ཞིག་ཧི་མ་ལ་ཡ་ཞེས་བོད་ནུབ་རྒྱུད་ཀྱི་གས་རིའི་རྭ་བ་བརྒལ་ནས། བོད་ཀྱི་རྒྱལ་ས་གཉིས་པ་བཞུགས་སྒར་རྡ་རམ་ས་ལར་སྔ་ཕྱི་རིམ་འབྱོར་བྱུང་བ་རྣམས་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དང༌། ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་༸རྗེ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་རྣམ་གཉིས་ཀྱི་སྐུའི་ཉེ་འཁྲིས་སུ་འཁོར་ནས་ཕྱོགས་གཅིག་ཏུ་འདུས་སྡོད་བྱས་པ་ལས་རིམ་བཞིན་གྲྭ་ཚོགས་འཕེལ་རྒྱས་ཀྱིས་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་ཉེར་ཁང་འདི་བྱུང་སྟེ།

༡༽  བོད་ཀྱི་ཐུན་མོང་མ་ཡིན་པའི་བཅུ་ཕྲག་རིག་པའི་གཞུང་ལུགས་ཀྱི་ཁྱད་ནོར་རྙིང་པ་འདི་དག་མི་ཉམས་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་ལས་འགན་དགེ་འདུན་པ་རྣམས་ཀྱིས་གཙོ་བོར་བཞེས་དགོས་པ།

༢༽ བོད་མི་སྤྱི་དང་ལྷག་པར་འབྲེལ་ཡོད་བོད་ནང་གི་གྲྭ་གཞོན་རྣམས་ཐོག་དང་པོར་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྤྱིའི་རྨང་གཞི་དང་ལྡན་པའི་ཤེས་ཡོན་ཅན་ཞེ་གཅིག་ཏུ་བསྒྱུར་ཆེད། འདི་ནས་རིག་གནས་དགེ་རྒན་ཚད་ལོངས་པ་གང་མང་ཞིག་གསོ་སྐྱོང་བྱ་རྒྱུ།

༣༽ དགེ་འདུན་པའི་སྡེ་སྤྱི་དང༌། ལྷག་པར་འདི་གའི་དགེ་འདུན་པ་རྣམས་ཀྱི་ལུས་ངག་གི་སྤྱོད་པ་དམ་ཆོས་འདུལ་བ་དང་མཐུན་ཞིང༌། བོད་མི་སྤྱི་དང་ཁྱད་པར་ཀིརྟི་ཚང་གི་བླ་སློབ་སྤྱིའི་མཚན་ཤས་སུ་མི་འགྲོ་བའི་ཡ་རབས་སྤྱོད་བཟང་ཅན་མིག་དཔེར་འོས་པ་ཞིག་ཡོང་ཐབས་སུ་སྒོ་ཀུན་ནས་འབད་དགོས་པ་བཅས་ཡིན།

གོང་གསལ་དོན་ཚན་གསུམ་པོ་འདི་ནི་ྋསྐྱབས་མགོན་དམ་པའི་ཐུགས་ཀྱི་དགོངས་གཞིའི་གཙོ་བོ་དང་གྲྭ་ཚང་འདིའི་དམིགས་ཡུལ་གྱི་ཚངས་ཐིག་ཡིན། དེ་ཡང་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ནས་ཕྱི་ལོ་༡༩༨༨ ལོར་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་འདི་ཉིད་ཀྱི་རྨང་ཐོག་མར་བཏིང་ཞིང༌།

ཕྱི་ལོ་༡༩༩༢ ལོར་བོད་ཀྱི་རིག་གནས་སྤྱི་བྱེར་རྒྱུགས་སྤྲོད་ཀྱིས་སློབ་ཡུན་ལོ་ལྔ་ཅན་སྔོན་འགྲོའི་འཛིན་གྲྭ་གཉིས་དང་དངོས་གཞིའི་འཛིན་གྲྭ་གསུམ་ཅན་བཅས་གསར་འཛུགས་ཀྱིས། ལམ་རིམ་དང༌། གྲུབ་མཐའ། ཆོས་འབྱུང༌། སུམ་རྟགས། བརྡ་དག སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྒྲ། སྨན། རྩིས། རྒྱལ་རབས་སོགས་ཀྱི་སྐོར་རྩ་འགྲེལ་རྒྱས་བསྡུས་སྣ་ཚོགས་པར་སྦྱང་བརྩོན་བགྱིས་ཏེ། ཕྱི་ལོ་༡༩༩༦ ལོར་གོང་གསལ་སློབ་ཚན་གཞིར་བཟུང་སློབ་སྦྱོང་ཆ་ཚང་ཐོན་ཟིན་པ་སྐབས་དང་པོའི་མཐོ་རིམ་རིག་གནས་རབ་འབྱམས་པའི་ཕྱག་འཁྱེར་བཞེས་མཁན་མི་དགུ་བྱུང་བའི་ཐེངས་དང་པོའི་མཛད་སྒོའི་ཐོག་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་ཆིབས་བསྒྱུར་གྱིས་བླང་དོར་བཀའ་སློབ་བཀའ་དྲིན་ཆེ་བ་བྱུང་བ་ནས། མཐོ་རིམ་རིག་གནས་རབ་འབྱམས་པའི་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་རང་གཞུང་གི་མཛད་གཙོ་རེ་གདན་ཞུས་ཀྱིས་ཕྱི་ལོ་༢༠༡༢ བར་མཐོ་རིམ་རིག་གནས་སློབ་ཐོན་པ་གྲངས་༨༥ བྱུང་བ་ལས་མཐར་ཕྱིན་རྒྱུགས་འཕྲོད་པ་གྲངས་༧༩ ལ་མཐོ་རིམ་རིག་གནས་རབ་འབྱམས་པའི་ཕྱག་འཁྱེར་འབུལ་བཞེས་ཞུས་ཡོད།

ཕྱི་ལོ་༢༠༡༤ ལོར་འབྲིང་རིམ་རིག་གནས་སློབ་ཐོན་པ་བཞི་ལའང་ཕྱག་འཁྱེར་འབུལ་ལམ་བྱུང་ཡོད།

ཕྱི་ལོ་༢༠༠༡ ལོར་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་བཞིན་མཚན་ཉིད་སྦྱོང་བའི་རིགས་ལམ་འཛིན་གྲྭ་ཟུར་འཛུགས་ཀྱིས་བསྡུས་གྲྭ་དང་བློ་རྟགས། ཕར་ཕྱིན། དབུ་མ་སོགས་ྋརྗེ་ཡབ་སྲས་དང་པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆ་གཞིར་བཟུང་བའི་སློབ་ཚན་དང་འཛིན་རིམ། རྒྱུགས་སྤྲོད། ལོ་དུས་བཅས་གཏན་འབེབས་མཛད་པ་ནས་ཕྱི་ལོ་༢༠༡༦ བར་ཕར་ཕྱིན་སློབ་ཐོན་རིམ་པ་བཞི་དང་རབ་འབྱམས་པའི་ཕྱག་འཁྱེར་བཞེས་མཁན་༢༩ དབུ་མ་སློབ་ཐོན་རིམ་པ་གཉིས་དང་རབ་འབྱམས་པའི་ཕྱག་འཁྱེར་བཞེས་མཁན་༡༦ མཛོད་སློབ་ཐོན་དང་པོ་བྱུང་སྟེ་རབ་འབྱམས་པའི་ཕྱག་འཁྱེར་འབུལ་འཆར་དང་། ཕྱི་ལོ་༢༠༠༨ ཙམ་ནས་རིམ་བཞིན་སློབ་གཉེར་པ་ཡོངས་མཚན་ཉིད་ཀྱི་གཞུང་ཆེན་ཁག་གཙོ་བོར་སློབ་སྦྱོང་བྱེད་པའི་སྡེ་ཚན་དུ་བསྒྱུར་ནས་རིག་གནས་སློབ་ཚན་ཟུར་སྦྱོང་བྱེད་བཞིན་ཡོད།

འདི་ནས་སློབ་སྦྱོང་སྤྲོད་ཕྱོགས་ཀྱི་བརྒྱུད་རིམ་ལ་མཚོན་ན། དེ་སྔོན་རིག་གནས་འཛིན་གྲྭའི་སྔོན་འགྲོའི་ཟླ་བ་དྲུག་ཕུད་པའི་དངོས་གཞིའི་སློབ་ཡུན་ལོ་ལྔ་དང༌། རིགས་ལམ་འཛིན་གྲྭའི་སློབ་ཡུན་བསྡུས་གྲྭ་དང་བློ་རྟགས་ལོ་རིམ་གསུམ། ཕར་ཕྱིན་ལོ་རིམ་དྲུག དབུ་མ་ལོ་རིམ་གསུམ། མཛོད་ལོ་རིམ་གསུམ། འདུལ་བ་ལོ་རིམ་གསུམ་བཅས་ཀྱི་རིམ་པ་རྣམས་ད་ལྟ་འགྲོ་བཞིན་པ་ཡིན། རིགས་ལམ་འཛིན་གྲྭ་སོ་སོར་ལོ་རེར་ཟླ་གསུམ་རེའི་མཚམས་རྒྱུགས་སྤྲོད་རེ་དང༌། ལོ་མཇུག་ཚད་མའི་དགུན་ཆོས་རྒྱུགས་སྤྲོད་དང་བཅས་པ་འགྲོ་བཞིན་ཡོད། ལོ་གསུམ་རེའི་མཚམས་སུ་ལྷོ་ཕྱོགས་གདན་ས་ཁག་གི་ཚད་མའི་དགུན་ཆོས་ཆེན་མོར་མཉམ་ཞུགས་བྱེད་མུས་ཡིན།  ཕར་ཕྱིན་དང་དབུ་མ་སོགས་ཀྱི་སློབ་ཡུན་རེ་རྫོགས་མཚམས་མཐར་ཕྱིན་རྒྱུགས་སྤྲོད་ཆེན་མོ་ཟུར་དུ་བྱས་ཏེ་རྒྱུགས་འཕྲོད་པ་རྣམས་ལ་ཕར་ཕྱིན་རབ་འབྱམས་པ་དང་དབུ་མ་རབ་འབྱམས་པ་སོགས་ཀྱི་ཕྱག་འཁྱེར་འབུལ་བཞེས་གནང་གི་ཡོད། དེ་མཚུངས་རྒྱ་གར་རྡོ་རྗེ་གླིང་སུ་ཁེའི་ཀིརྟིའི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་ནས་ཕེབས་པའི་གྲྭ་གཞོན་རྣམས་ལ་དམིགས་བསལ་གཞི་རིམ་འཛིན་གྲྭ་བཙུགས་པའི་བསླབ་པ་མཐར་སོན་མཚམས་དམིགས་བསལ་སློབ་སྦྱོང་ཐོན་པའི་ཕྱག་འཁྱེར་ལོ་ཤས་རིང་གནང་ཡོད་ཀྱང་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་རྣམ་གཉིས་ཀྱི་ལམ་སྟོན་བཞིན་དེང་སྐབས་སློབ་གཉེར་པ་སྤྱི་མཚུངས་བཞིན་སྔོན་འགྲོའི་འཛིན་གྲྭ་ཁག་ཐོན་མཚམས། བསྡུས་གྲྭ་དང་བློ་རྟགས་སོགས་རིམ་པས་གཞུང་ཆེན་མོར་སྦྱང་རྒྱུའི་འབད་བརྩོན་དང་། རྒན་པ་འགས་གཞུང་ཆེན་ཁག་ལ་སློབ་གཉེར་གནང་བཞིན་ཡོད།

གྲྭ་ཚང་འདིའི་སློབ་གཉེར་པའི་ཡོང་ཁུངས་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་དབྱེ་བ་མེད་པར་སྒྲིག་གཞི་ནང་གསལ་ལྟར་རང་ཉིད་ཀྱིས་སློབ་གཉེར་གནང་ནས་བཞུགས་ཐུབ་ཚེ་འཛུལ་ཞུགས་བྱེད་ཆོག

 

ལས་སྣེ་དང་ཚོགས་འདུ་ལྷན་རྒྱས་ཀྱི་ངོ་བོ་དང་འགན་དབང༌།

 

དང་པོ།  ལས་སྣེ་ལྷན་རྒྱས་ཀྱི་གྲུབ་གཞི་ནི། མཁན་པོ། སྐུ་ཚབ། སློབ་སྤྱི། དགེ་བསྐུལ། དབུ་མཛད། གྲྭ་ཚང་གི་ཕྱག་མཛོད་གཉིས་བཅས་གདན་འཛོམས་པ་ལ་ལས་སྣེ་ལྷན་རྒྱས་ཞེས་ཟེར། འདི་ཁོང་རིན་པོ་ཆེའི་འོག་ནས་གྲྭ་ཚང་གི་ལས་དོན་ཆེ་ཕྲ་ཀུན་ཐག་གཅོད་བྱེད་ནུས་པའི་ཆེས་མཐོའི་དབང་ཚད་ལྡན་པའི་ལྷན་ཚོགས་གཙོ་བོ་དེ་ཡིན།

གཉིས་པ།  ཚོགས་འདུ་ལྷན་རྒྱས་ཀྱི་གྲུབ་གཞི་ནི། གོང་གསལ་ལས་སྣེ་ལྷན་རྒྱས་ཀྱི་སྟེང༌། གྲྭ་ཚང་གི་གཉེར་པ་གཉིས། གྲྭ་ཚང་གི་དྲུང་ཡིག དཔེ་མཛོད་དབུ་འཛིན། ལས་བྱེད་པའི་འཐུས་མི། རིགས་ལམ་འཛིན་གྲྭའི་གཞུང་གསར་འཛིན་གྲྭ་ཡན་གྱི་འཛིན་གྲྭ་སོ་སོའི་སྐྱོར་དཔོན་བཅས་ལྷན་རྒྱས་ལས་གྲུབ་པས་གྲྭ་ཚང་འདིའི་ཚོགས་འདུ་རྒྱས་ཤོས་དེ་ཡིན།

གསུམ་པ།  ལས་སྣེ་དང་ཚོགས་འདུ་ལྷན་རྒྱས་ཀྱི་དབུ་བཞུགས་ནི་རྒྱུན་དུ་མཁན་པོས་གནང་རྒྱུ་དང། མཁན་པོ་བཞུགས་མེད་ཚེ་སྐུ་ཚབ་ནས་དབུ་བཞུགས་མཛད་རྒྱུ། ཟླ་རེའི་ནང་ཚོགས་འདུ་ལྷན་རྒྱས་ཐེངས་རེ་ངེས་པར་གནང་དགོས། ལས་དོན་དམིགས་བསལ་ཅན་གྱི་རིགས་ནམ་བྱུང་ལ་ལས་སྣེ་ལྷན་རྒྱས་ཟུར་ཚོགས་དང༌། ཚོགས་འདུ་འཕར་མ་དུས་ཚོད་ངེས་མེད་དུ་ལྷན་རྒྱས་གནང་ཆོག་རྒྱུ། ལྷན་རྒྱས་དེ་གཉིས་ཀྱི་ཚོགས་དུས་མཁན་པོ་ལ་སྐུ་ཚབ་ནས་གྲོས་བསྡུར་གྱིས་དུས་ཚོད་གཏན་འཁེལ་མཛད་པའི་ཚོགས་འདུའི་བརྡ་ལན་སྐུ་ཚབ་ནས་དགེ་བསྐུལ་ལ་གནང་ཚེ། ཚོགས་བརྡ་གཏོང་རྒྱུ་དགེ་བསྐུལ་ནས་འགན་བཞེས་དགོས།          

བཞི་པ།  ལས་སྣེ་དང་ཚོགས་འདུ་ལྷན་རྒྱས་ཀྱི་འགན་དབང་ནི། ཀིརྟིའི་བྱེས་པ་གྲྭ་ཚང་གི་འཛིན་སྐྱོང༌། སློབ་གཉེར། སྒྲིགས་ལམ་སོགས་ལས་དོན་ཆེ་ཕྲ་སྤྱི་དང༌། དམིགས་བསལ་སྒྲིགས་གཞིར་བསྒྱུར་བཀོད་དང༌། ཉེས་ཆད་གཏན་འབེབས། དགོངས་ཞུའི་རིགས་ལ་དགོངས་འཁྲོལ་འོས་མིན་གྱི་ཚད་འཛིན། ཞུ་རྩོད་ལ་བདེན་རྫུན་དབྱེ་འབྱེད། ལས་བྱེད་བསྐོ་བཞག ཉེས་ཅན་གནས་དབྱུང༌། ལས་གཞིའི་འཆར་འགོད་སོགས་ལས་དོན་ལམ་སེང་ཐག་གཅོད་ཐུབ་པ་རྣམས་ཐག་གཅོད་མཛད་པའི་གྲོས་ཆོད་ཁག་དེབ་ཡིག་ཏུ་མ་ཆད་པར་འགོད་དགོས། གལ་ཆེ་བའི་རིགས་ལྷན་རྒྱས་ཀྱི་ཐག་གཅོད་དེ་བཞིན་ཁོང་རིན་པོ་ཆེར་མཁན་པོ་དང་སྐུ་ཚབ་བརྒྱུད་ནས་སྙན་སེང་དང་འབྲེལ་བཀའ་འཁྲོལ་བྱུང་མཚམས་མཐའ་མའི་ཐག་གཅོད་དུ་གཏན་འབེབས་མཛད་རྒྱུ།

ལྔ་པ།  ལས་སྣེ་དང་ཚོགས་འདུ་ལྷན་རྒྱས་གང་ཡིན་ཀྱང་རུང་ཚོགས་མི་སྤྱིའི་གྲངས་འབོར་གྱི་དངོས་ཡོད་གྲངས་ཚད་ཀྱི་ཕྱེད་ཀ་ལྷག་མ་འཛོམས་ཚེ་ཐག་གཅོད་གསར་པ་གང་ཡང་གནང་མི་རུང༌། དོན་གནད་འགའ་རེའི་ཐོག་སྐབས་འགར་མང་མོས་དང༌། འོས་བསྡུ། སྐབས་འགར་མཁན་པོ་དང་སྐུ་ཚབ་ནས་གནད་དོན་འགྲེལ་བཤད་ཀྱིས་དགག་དགོས་ལ་གཟིགས་ནས་ཐག་གཅོད་འདི་ལྟར་མཛད་དགོས་པའི་རེ་འདུན་ཡང་གནང་ཆོག གལ་སྲིད་ཐག་གཅོད་བྱས་ཟིན་པའི་ལས་དོན་ཆེ་ཕྲ་གང་ཡང་རུང་བར་དགག་དགོས་རྒྱུ་མཚན་ལ་གཟིགས་ནས་ཁོང་རིན་པོ་ཆེས་ཐག་གཅོད་གཞན་ཞིག་ཀྱང་མཛད་ཆོག་པར་མ་ཟད། ཐག་གཅོད་དེ་ཉིད་ལྷན་རྒྱས་ཀྱི་ཐག་གཅོད་ཡིན་པ་ལྟར་བརྩི་བཀུར་གྱིས་རྒྱབ་སྐྱོར་ཡང་མཛད་དགོས།

 

གྲྭ་ཚང་གི་ལོ་རེའི་བྱེད་སྒོ།

 

གྲྭ་ཚང་འདིའི་ལོ་རེའི་འཆར་ཅན་གྱི་བྱེད་སྒོ་རགས་ཙམ་ནི། བོད་ཟླ་དང་པོའི་ཚེས་གཅིག་ནས་དྲུག་བར་ལོ་གསར་ཀྱི་དུས་སྟོན་ཡིན། ཚེས་གཅིག་ཉིན་གྱི་ཞོགས་ཀར་ཚེས་གཏོར་དང༌། ྋསྐྱབས་མགོན་ཀིརྟི་རིན་པོ་ཆེར་འབྲེལ་ཡོད་སེར་སྐྱ་ཡོངས་ནས་བརྟན་བཞུགས་བསྟར་འབུལ་དང་མཇལ་ཞུ། ཆོས་འཁོར་སོགས་ཀྱི་ཚོགས་གླེང༌། ཚེས་གཉིས་ཉིན་གནས་ཆུང་ལྷ་ཚེས། ཕྱི་ཟླ་བཞི་པའི་ཚེས་གཅིག་ནས་གྲྭ་ཚང་དང་དད་ལྡན་སྦྱིན་བདག་ཁག་གི་ལོ་རེའི་སྐུ་རིམ་དུ། ྋརྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་འདོན་དང་སྒྲོལ་མ་འབུམ་འདོན། ཛཾ་དཀར་གཏེར་སྒྲུབ། ཞི་རྒྱས་དབང་གསུམ་གྱི་སྦྱིན་སྲེག གཞན་ཡང་ྋཁོང་རིན་པོ་ཆེ་དང་གྲྭ་ཚང་ལ་ལོ་རེའི་ནང་དམིགས་བསལ་གྱི་ཞབས་རིམ་གང་ཡོད་གྲྭ་མང་ལྷན་འཚོགས་ཀྱིས་ཉི་མ་མང་པོར་དག་སྒྲུབ་གནང་རྒྱུ་དང༌། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་སྐུ་ལྷུམས་སུ་ཞུགས་པ་དང་། སྐུ་འཁྲུངས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པའི་དུས་ཆེན་ཁྱད་པར་ཅན་ས་ག་ཟླ་བའི་དུས་ཆེན་ཉིན་དང༌། ཡུལ་ཝཱ་ར་ཎཱ་སིར་བཀའ་དང་པོ་བདེན་པ་བཞི་ལས་བརྩམས་པའི་ཆོས་གསུངས་པའི་དུས་ཚིགས་ཁྱད་པར་ཅན་ཆོས་འཁོར་དུས་ཆེན། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ཡུམ་གྱི་དྲིན་ལན་གསབ་ཕྱིར་ལྷ་ཡུལ་དུ་ཕེབས་ནས་སླར་མི་ཡུལ་དུ་འབྱོན་སྐབས་ཀྱི་དུས་ཚིགས་རྒྱལ་བ་ལྷ་ལས་བབ་པའི་དུས་ཆེན་སོགས་ཆོས་ཕྱོགས་ཀྱི་དུས་ཆེན་ཁག་ལ་གྲྭ་མང་ལྷན་ཚོགས་ཀྱིས་སྤྱོད་འཇུག་ཆེན་མོ་གསུངས་ནས་དུས་ཆེན་སྲུང་བརྩི་གནང་རྒྱུ། བོད་ཟླ་དྲུག་པའི་ཚེས་བཅོ་ལྔའི་སྔོན་གྱི་ཉིན་བདུན་རིང་ྋརོང་ཆེན་བསྟན་པའི་སྒྲོན་མེ་ྋསྐྱབས་མགོན་ཀིརྟི་ཚང་གི་སྒོས་ཀྱི་བཀའ་སྲུང་ནོར་བདག་ཀརྨ་བཛྲ་གྱི་གཏེར་སྒྲུབ་ཉིན་བདུན་དང་བཅོ་ལྔའི་ཉིན་ལྷ་ཚེས་རྒྱས་པ། ྋའཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་གཤེགས་པའི་རྗེས་དྲན་དུས་ཚིགས་དགའ་ལྡན་ལྔ་མཆོད་ཆེན་མོར་སྔ་དྲོ་གྲྭ་མང་ལྷན་ཚོགས་དང་། ཕྱི་དྲོ་དམ་བཅའ་ཚུགས་ནས་གཞུང་ཆེན་མོར་བརྒལ་བརྟག་གནང་རྒྱུ། དགོང་དྲོ་སྣང་གསལ་སྒྲོན་མེ་དང་། གློག་མཆོད་རྒྱས་པ་ཕུལ་ནས་གྲྭ་མང་གིས་གོས་སྐུ་ཆེན་མོའི་མདུན་དུ་སྤྱན་འདྲེན་ཁྲུས་གསོལ་གསུང་རྗེས་ཕྱག་མཆོད་ཕུལ་ཏེ་མཇུག་ཏུ་དགེ་བསྔོ་གནང་རྒྱུ། ཟླ་རེའི་བོད་ཚེས་གཉིས་དང་བཅོ་ལྔ་ནམ་ཡིན་ལ་རྒྱལ་པོ་སྐུ་ལྔ་དང་ཀིརྟི་ཚང་གི་སྒོས་ཀྱི་བཀའ་སྲུང་ཆོས་སྐྱོང་དཔའ་བོ་རྩལ་རྣམ་གཉིས་ཀྱི་ལྷ་ཚེས་རྒྱུན་འཚོགས་དང་། ཟླ་རེའི་ལྷ་ཚེས་གཉིས་ཀྱི་སྐབས་གང་རུང་རེར་ཡོན་བདག་རྣམས་ཀྱི་ཞབས་རིམ་སྨིན་སྒྲུབ་ཉིན་འཚོགས་གནང་རྒྱུ། ལོ་མཇུག་ཏུ་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་མགོན་ཆོས་སོགས་ཀྱི་བསྐང་གསོལ་རྒྱས་པ་གནད་སྨིན་གྱི་དགུ་གཏོར་ཉིན་གཉིས་དང་མཇུག་ཏུ་གཏོར་རྒྱག་བཅས་འཆར་ཅན་དུ་ཚོགས་སྲོལ་ཡོད། ལོ་རེའི་ཕྱི་ཟླ་གཉིས་པ་དང་གསུམ་པའི་ཟླ་གཉིས་རིང་ཆོས་མཚམས་ཆེན་མོ་ཡིན།

image1.jpg14

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.