. . . .

 རྩོམ་སྒྲིག་སྡེ་ཚན་གྱི་ལོ་རྒྱུས་ཉིང་བསྡུས།

༄༅།།༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་གིས།དུས་རབས་ཉི་ཤུ་པའི་སྨད་ཀྱི་ཆར་འཕགས་ཡུལ་འདིར།བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་འདི་ཉིད་གསར་འཛུགས་བཀའ་དྲིན་བསྐྱངས་ཏེ་ལམ་སྟོན་བཀའ་སློབ་སྔ་ཕྱིའི་དགོངས་དོན་ལྟར་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོའི་ཆེད་སློབ་སྤྱི་ཁང་གི་ཁྱབ་ཁོངས་སུ་རྩོམ་སྒྲིག་སྡེ་ཚན་འདི་ཉིད་ཕྱི་ལོ་༡༩༩༩ལོར་ཆེད་དམིགས་ཟུར་འཛུགས་ཀྱིས་སྤྱི་ཁྱབ་རྩོམ་སྒྲིག་པའམ་རྩོམ་སྒྲིག་འགན་འཛིན་དུ་དགེ་རྒན་དང་རིག་གནས་རབ་འབྱམས་པ་ཁག་(རེ་མདོ་སེངྒེ།སོ་རུ་དར་རྒྱས།སྨན་ཤེར་བློ་གྲོས།སླར་ཡང་སོ་རུ་དར་རྒྱས།ཆབ་ཚང་འཇམ་དཔལ།ཚོང་རུ་སེངྒེ་)རིམ་པར་བསྐོ་བཞག་དང་ལས་རོགས་སུ་རིག་གནས་སློབ་ཐོན་རིམ་བྱུང་གིས་རྐང་འགན་ཁུར་ཏེ།༸སྐྱབས་མགོན་ཀིརྟི་སྐུ་ཕྲེང་རིམ་བྱོན་གཙོ་བོར་གྱུར་པའི་ཀིརྟི་ཚང་གི་གདན་ས་གོང་འོག་གི་མཁན་བླ་སྤྲུལ་དགེ་བཤེས་སོགས་ཀྱི་མཛད་རྣམ་ཕྱོགས་བསྒྲིགས་བྱས་པ་རྣམ་ཐར་གསེར་ཕྲེང་དང་།གཞུང་ཆེན་མོར་འགྲེལ་པ་འགྲེལ་བཤད་སོགས་གསུང་རྩོམ་གལ་ཆེན་གང་རྙེད་ཕྱོགས་བསྡུས་ཀྱིས་ཀིརྟི་ཚང་གི་སློབ་བརྒྱུད་མཁས་གྲུབ་རིམ་བྱོན་གྱིས་མཛད་པའི་གསུང་རྩོམ་ཕྱོགས་བསྒྲིགས་དེབ་ཕྲེང་ལེགས་བཤད་འོད་དཀར་ཕྲེེང་བ་དང་།༸སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་གི་བཀའ་རྩོམ་གསུང་འབུམ་ཕྱོགས་བསྒྲིགས། (འདི་ཕྱི་ལོ་༢༠༠༥ནས་གསུམ་རྩོམ་ཕྱོགས་སྒྲིག་པ་གྲྭ་ཚང་གི་རྩོམ་སྒྲིག་སྡེ་ཚན་ལས་ལོགས་སུ་ཕྱེས།) ལོ་ལྔ་རེའི་མཚམས་སུ་འདི་ག་གྲྭ་ཚང་ནས་བསླབ་པ་མཐར་སོན་སྐབས་སློབ་ཐོན་པ་སོ་སོས་རྩོམ་རྒྱུགས་ཀྱི་ངོ་བོ་བྲིས་པའི་དཔྱད་བརྗོད་རྩོམ་ཡིག་ཁག་ཕྱོགས་བསྒྲིགས་བྱས་པ་དཔྱད་རྩོམ་ནོར་བུའི་ཕྲེང་བ།  འདི་གའི་རྒྱུགས་སྤྲོད་ཆེད་བཟོས་པའི་སུམ་རྟགས་སོགས་ཀྱི་དྲི་བ་རྣམས་ཕྱོགས་བསྒྲིགས་བྱས་པའི་དྲི་བ་དང་དེ་ལ་རྩོམ་སྒྲིག་སྡེ་ཚན་ནས་ལན་འདེབས་བྱས་པ་དྲིས་ལན་སྐོར་གྱི་དེབ་ཕྲེང་ཁག་མ་འདྲ་བ་ལམ་སྟོན་སྒྲོན་མེའི་ཕྲེང་བ།སློབ་གཉེར་པ་དང་སྐབས་སོ་སོར་སློབ་མཐར་ཕྱིན་པ་རྣམས་ཀྱི་དཔྱད་རྩོམ་དང་སྙན་ངག་སོགས་ཆེད་རྩོམ་བྱས་པ་སྤེལ་ཡུལ་གྱི་དུས་དེབ་རླབས་ཕྲེང་།གྲྭ་ཚང་ནང་ཁུལ་གྱི་རྩོམ་རྩལ་ཡར་རྒྱས་ཆེད་དམིགས་ཏེ་སློབ་གཉེར་པ་ཡོངས་ལ་རྩོམ་སྐུལ་གྱིས་ཟླ་གསུམ་རེའི་མཚམས་སུ་འདོན་སྤེལ་བྱེད་བཞིན་པའི་རྩོམ་ཡིག་འགྲན་བསྡུར་གྱི་རྣམ་པ་གསལ་ཤོག་རྩོམ་རིག་གར་ཕྲེང།ལོ་རེའི་ནང་དགེ་སློབ་ཡོངས་ཀྱིས་དཔྱད་བརྗོད་འདྲ་མིན་སྤེལ་བ་ཁག་ཕྱོགས་གཅིག་ཏུ་བསྡུས་པ་དཔྱད་རྩོམ་རིག་པའི་རྩལ་ཕྲེང་།དེ་བཞིན་འདི་གའི་དགེ་རྒན་དང་།མཐོ་རིམ་རིག་གནས་རབ་འབྱམས་པ་དང་སློབ་གཉེར་པ་བཅས་འགའ་རེས་གཞུང་ལུགས་སྤྱི་དང་བྱེ་བྲག་ལ་དོགས་དཔྱོད་སོགས་འགྲེལ་པ་འགྲེལ་བཤད་ཀྱི་བརྩམས་ཆོས་སོགས་ད་བར་དེབ་ཕྲེང་སྣ་ཚོགས་བརྒྱ་ཕྲག་གཅིག་དང་ཕྱེད་ལྷག་རྩོམ་སྒྲིག་གིས་པར་བསྐྲུན་འགྲེམ་སྤེལ་བྱས་ཡོད་ཅིང་། བོད་ཕྱི་ནང་གཉིས་ཀའི་ཤེས་ཡོན་པའི་ཁྲོད་གདེང་འཇོག་ཚད་མི་དམན་པ་ཐོབ་དང་འཐོབ་བཞིན་ཡོད།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.