. . . .

དང་པོ། ཕྱག་མཛོད་ནི། སློབ་གཉེར་ཁང་འདིའི་དཔལ་འབྱོར་དང་འབྲེལ་བའི་ལས་དོན་ཡོངས་ཀྱི་འགན་འཁུར་དང་ཐབས་འཚོལ་བྱེད་མཁན་གཙོ་བོ་དེ་ཡིན་ནའང་ལོག་འཚོ་དང་མ་འདྲེས་པ་ཞིག་ངེས་པར་བྱེད་དགོས་པ་དང༌། རྒྱ་བོད་ཀྱི་ལས་ཁུངས་སོགས་ལ་འབྲེལ་གཏུགས་ཀྱིས་མཚོན་གྲྭ་ཚང་འདིའི་ཕྱི་འབྲེལ་གྱི་ལས་དོན་ཆེ་ཕྲ་མཐའ་དག་ཁོང་རིན་པོ་ཆེ་དང་ལས་སྣེའི་བཀའ་འཁྲོལ་བཞིན་སྒྲུབ་དགོས་པའི་ལས་འགན་ཡོད།

གྲྭ་ཚང་གི་སྤྱི་རྫས་སམ་དགེ་འདུན་པའི་དཀོར་ཟས་འདི་ལྕགས་གོང་མེ་ལྕེ་འབར་བ་བཞིན་ཉེན་ཆེ་ཞིང་ཉེས་པ་ཤིན་ཏུ་ལྕི་བས་གྲྭ་ཚང་གཞུང་གི་རྒྱུ་དངོས་ཕྲན་ཚགས་ཤིག་ཡིན་ནའང༌། ཁྱིམ་པ་ཕོ་མོ་དང༌། ངོ་ཤེས། མཛའ་གྲོགས། ཉེ་འབྲེལ་སོགས་ལ་ཏིལ་འབྲུ་ཙམ་ཡང་འགོ་རུ་འཇུག་མི་རུང་བར་མ་ཟད། ཕྱག་མཛོད་ཁང་ངམ་ཕྱག་མཛོད་སོ་སོས་དོན་མེད་རྒྱས་སྤྲོས་བྱེད་པ་སོགས་སྤྱི་རྫས་བག་མེད་ལོངས་སྤྱོད་དུ་མི་འགྲོ་བའི་དོ་དམ་ཕྱོགས་གང་ས་ནས་ནན་པོ་མཛད་དགོས་པའི་འགན་ཡོད།

གཉིས་པ། ཕྱག་མཛོད་རྣམས་ཀྱི་གོ་གནས་དང་ལས་དོན་ཐག་གཅོད་ཐད་དབང་ཆ་འདྲ་མཉམ་མ་གཏོགས་མི་གཅིག་གིས་ཁ་ཤུགས་བྱེད་མི་ཆོག ཕྱག་མཛོད་ཀྱི་ལས་བགོས་ནི་ཕྱག་མཛོད་རྣམས་ཕན་ཚུན་གྲོས་བསྡུར་གྱི་ལམ་ནས་ཐག་གཅོད་མཛད་དགོས། ལས་དོན་གང་ཡིན་རུང་ཕྱག་མཛོད་ནང་ཕན་ཚུན་གསང་བ་མཛད་མི་རུང་བར་མ་ཟད་ཀུན་ལ་ངེས་སུ་འཇུག་དགོས། གལ་སྲིད་ཕྱག་མཛོད་ལས་རོགས་རེ་དགོས་ཚེ་ཕྱག་མཛོད་ཁང་ནས་འོས་འཛུགས་བྱས་པར་ཚོགས་འདུ་ལས་སྣེས་འོས་མིན་དང་དགོས་མིན་ཐག་གཅོད་མཛད་རྒྱུ།

གྲྭ་ཚང་གི་དངུལ་དངོས་དང་ཚོང་རྫས་སོགས་གཞན་ལ་སྐྱེད་གཡར། མགྲོན་ཁང༌། ཟ་ཁང་སོགས་གྲྭ་ཚང་གི་ཁ་རྗེ་དབང་ཐང་དང་རྒྱུ་རྫས་གང་ཡིན་ཀྱང་རུང་གཞན་ལ་སྤྲོད་པ། གླར་གཏོང་བ། གཏའ་མར་འཇོག་པ། བོག་མར་གཏོང་བ། ཚོང་ལས་མཉམ་སྦྲེལ་བྱེད་པ་སོགས་སྤྱི་སྒེར་སུ་ལ་ཡིན་རུང་ཕན་ཚུན་གཉིས་མོས་ཀྱི་གན་རྒྱའི་ཡི་གེ་ཚད་ལྡན་རེ་མེད་པའི་ལས་དོན་ནམ་ཡང་བྱེད་མི་ཆོག

ཁོང་རིན་པོ་ཆེའམ་ཚོགས་འདུ་ལས་སྣེའི་བཀའ་འཁྲོལ་མེད་པར་ལས་དོན་གལ་ཆེའི་རིགས་ཐག་གཅོད་དང་ལས་གཞི་གསར་པ་འགོ་འཛུགས་བྱེད་མི་ཆོག དངུལ་དང་འབྲེལ་བའི་ལས་དོན་ལ་དང་པོ་དངུལ་གཉེར་དང་རྩིས་པ་ལ་གོ་བསྡུར་གྱིས་བཀའ་འཁྲོལ་མ་ཞུས་པའི་སྔོན་དུ་ལས་དོན་གང་ཡང་བྱེད་མི་རུང་ལ། བཀའ་འཁྲོལ་སྔོན་སོང་མེད་པའི་དངུལ་རྩིས་རྣམས་རྩིས་ཁོངས་སུ་གཏོང་མི་ཆོག་པའི་འགན་ཡོད།

གསུམ་པ། དགེ་སློབ་ཡོངས་ཀྱི་འཚོ་གོས། གནས་མལ། སྨན་བཅོས། སློབ་གཉེར་གྱི་མཐུན་རྐྱེན། སློབ་ཡོན། དགེ་རྒན་དང་ལས་བྱེད་པའི་ཟླ་ཕོགས། སྤྱི་རྫས་དང་ས་ཁང་བདག་གཉེར། མགྲོན་ཁང༌། ཚོང་ཁང༌། གཉེར་ཚང༌། སྤྱི་ཐབ་དང་ཟ་ཁང༌། དཔེ་དེབ་དཔར་བསྐྲུན། སློབ་དེབ་དང་དཔེ་མཛོད་ཀྱི་དགོས་མཁོ། རྒྱུགས་སྤྲོད་ལེན་དང་འབྲེལ་བའི་དགོས་མཁོ། ལེགས་སྐྱེས་དང་གསོལ་རས། དུས་སྟོན། དབྱར་སྐྱིད། ལོ་སར་སོགས་ཀྱི་འགྲོ་གྲོན་ཐམས་ཅད་ཐབས་འཚོལ་དང་འབྲེལ་ནར་གཏོང་བྱེད་དགོས་པའི་འགན་ཡང་ཡོད། རྒྱུན་དུ་འགྲོ་གྲོན་ལ་སྲི་ཚགས། ལས་དོན་ཐོག་སྟངས་འཛིན། ལས་དོན་གོ་སྒྲིག གཤམ་འོག་ལས་བྱེད་པར་བསྐུལ་འདེད་དང་སྒྲིགས་གནོན་མཛད་དགོས་པའི་འགན་དབང་ཡོད། སྡེ་ཚན་རེ་རེ་བཞིན་རྩིས་ཞིབ་དུས་ལས་མ་ཡོལ་བར་བྱེད་དགོས་པའི་འགན་དབང་ཡོད།

བཞི་པ། གྲྭ་ཚང་གི་དྲུང་ཡིག གཉེར་པ། སྤོས་བཟོ། ཁང་གཉེར། ཆུ་གཉེར། འཕྲོད་བསྟེན་ལས་བྱེད། ཟ་ཁང་གི་ལས་བྱེད། ཚོང་ཁང་ལས་བྱེད། མགྲོན་ཁང་ལས་བྱེད། མ་བྱན། རླངས་འཁོར་ཁ་ལོ་པ་སོགས་སོ་སོའི་སྒྲིགས་གཞི་ཟུར་གསལ་ལྟར་ཕྱག་མཛོད་ཁང་གི་ལྟ་རྟོག་འོག་གནས་དགོས་ཤིང༌། ལས་དོན་ལ་འཐུས་ཤོར་མི་འབྱུང་ཆེད་ཕྱག་མཛོད་ཀྱིས་བཀོད་ཁྱབ་དུས་ཐོག་སོ་སོར་མཛད་དགོས་པ་དང༌། འབྲེལ་ཡོད་ལས་བྱེད་པས་ཕྱག་མཛོད་ཁང་གི་བཀའ་ལ་དང་ལེན་བྱེད་དགོས་པའི་འགན་དབང་འཛིན་ཐུབ་པ་ཞིག་ཕྱག་མཛོད་ཁང་ནས་གནང་དགོས།

ལྔ་པ། སྡེ་ཚན་སོ་སོའི་རྩིས་ཞིབ་དུས་མཚམས་སོ་སོར་ཕྱག་མཛོད་ཁང་ནས་བཞེས་དགོས། ཕྱག་མཛོད་ཁང་གི་ལོ་འཁོར་རྩིས་ཞིབ་ཕྱི་ཟླ་གསུམ་པའི་ནང་རྩིས་རྒྱག་ཆེན་མོ་རེ་ལོ་ལྟར་ཆག་མེད་བྱེད་དགོས། ཕྱག་མཛོད་ཁང་གི་རྒྱུན་གྱི་འགྲོ་སོང་ཆེ་ཕྲའི་འཆར་གཞི་ཁག་དང༌། ཚུར་ཡོང་གི་སྙན་སེང་དང༌། བཀའ་འཁྲོལ་ཞུ་དགོས་རིགས་ལ་འཆར་གཞི་སྔོན་འགོད་ཀྱིས་རྩིས་པ་དང་དངུལ་གཉེར་བརྒྱུད་ཕྱག་མཛོད་ཁང་ནས་ཁོང་རིན་པོ་ཆེ་དང༌། ཁོང་རིན་པོ་ཆེ་བཞུགས་མེད་ཚེ་མཁན་པོ་དང་སྐུ་ཚབ་ནས་ཆོག་མཆན་མཚན་རྟགས་ཞུས་རྗེས་མ་གཏོགས་ལས་དོན་བྱེད་མི་ཆོག ཆོག་མཆན་མེད་པའི་ལས་དོན་གང་ཞིག་བྱས་ཡོད་ཚེ་དེ་རྩིས་ཁོངས་སུ་གཏོང་ཐབས་མེད།

དྲུག་པ། ཕྱག་མཛོད་གསར་རྙིང་བརྗེ་ལེན་སྐབས། ཡོང་སོང་ལྷག་གསུམ་གྱི་རྩིས་ཁྲ་ཁམས་དྭངས་ལས་སྣེ་ལྷན་རྒྱས་སར་ཞིབ་རྩིས་ཤིག་རྒྱག་དགོས། ཡང་སྤྱི་རྒྱུ་དངུལ་དངོས་ལོན་རྒྱུ་མེད་པའི་རྐུབ་ནག་སྟོང་རྩིས་དང་ཁྲིམས་ཤོག་ཐོག་ཁྲིམས་མཐུན་ཡིག་ཆ་ཚད་ལྡན་མེད་པའི་གྲྭ་ཚང་གི་དངུལ་བུན་རྩིས་སྤྲོད་བྱེད་མི་ཆོག ཕྱག་མཛོད་གསར་རྙིང་བརྗེ་ལེན་ཟིན་རྗེས་སུ་ཕྱག་མཛོད་རྙིང་པ་སྤྱི་ཐོག་དང་སྒེར་སུ་རུང་གི་མིང་ཐོག་ནས་གྲྭ་ཚང་ལ་བུ་ལོན་འདེད་མཁན་བྱུང་ན་གྲྭ་ཚང་གི་ཕྱག་མཛོད་གསར་པ་ནས་འགན་ལེན་བྱེད་མི་དགོས་པའི་ཁྲིམས་མཐུན་ཡིག་ཆ་ཞིག་ཀྱང་ཕྱག་མཛོད་རྙིང་པས་གྲྭ་ཚང་ལ་འབུལ་དགོས།

བདུན་པ། གྲྭ་ཚང་གི་དཔལ་འབྱོར་ཕུགས་འཕེར་སྲ་བརྟན་ཡོང་ཆེད་མ་དངུལ་ཕུགས་གསོག་བྱེད་མཁན་གྱི་སྦུག་མཛོད་ཁང་ཞིག་ཟུར་འཛུགས། ཕུགས་གསོག་བྱེད་སྟངས་སྐོར་གྱི་སྒྲིགས་གཞི་ལྟར་ལག་ལེན་བསྟར་རྒྱུ། ཛ་དྲག་ཤིན་ཏུ་ཆེ་བའི་སྐབས་ལས་སྣེ་དང་ཚོགས་འདུས་དགོས་པ་རྒྱུ་མཚན་ཁྱད་པར་ཅན་ལ་གཟིགས་ནས་ཡར་ཞུ་དང་འབྲེལ། ཁོང་རིན་པོ་ཆེ་ནས་བཀའ་འཁྲོལ་བྱུང་ན་ལས། དེ་མིན་ཕུགས་གསོག་མ་དངུལ་ལས་ནམ་ཡང་མ་དངུལ་ཕྱིར་འཐེན་དང་སྐྱེད་གཡར་སོགས་བྱེད་མི་ཆོག

བརྒྱད་པ། ཁོང་རིན་པོ་ཆེའམ་ལས་སྣེའི་བཀའ་འཁྲོལ་མེད་པར་ཕྱག་མཛོད་སྤྱི་སྒེར་གང་རུང་ནས་གཞུང་འབྲེལ་མ་ཡིན་པའི་ཆབ་སྲིད་ཀྱི་ལས་དོན་དང་ཚོགས་པ་ཁག་གི་ནང་ཞུགས་པ། དེ་དག་གི་ལས་ཀའི་འགན་ལེན་བྱེད་པ། སྤྱི་རྫས་སྒེར་བེད་སྤྱོད་པ། དོན་མེད་རྒྱས་སྤྲོས་བྱེད་པ། གཞུང་དངུལ་རང་དོན་དུ་བུན་སྐྱེད་གཏོང་བའམ་གཞན་ལ་གཡར་བ། ཡོངས་གྲགས་ཆེ་བའི་ནག་ཚོང་བརྒྱབ་པ། སྒེར་ཚོང་དང་སྒེར་ནས་དངུལ་བུན་བསྐྱེད་ལེན་གྱི་ཁེ་ཚོང་བརྒྱབ་པ། བཀའ་འཁྲོལ་མེད་པར་ཕྱི་རྒྱལ་དུ་འགྲོ་བ་དང༌།

ཕྱག་མཛོད་ནས་གྲྭ་ཚང་གི་ཕྱི་ནང་གང་སར་གྲྭ་ཆས་ཚུལ་མཐུན་མི་གྱོན་པ། ཤོ་བག་མ་གྱང༌། ཏ་ཟི་སོགས་རྒྱན་པ་ཡོད་མེད་ལ་མི་ལྟ་བར་ཚུལ་མིན་གྱི་རྩེད་མོ་བརྩེས་པ། ཕྱག་མཛོད་སྒེར་དང་གཞན་ལ་མཉམ་སྡེབ་ཀྱིས་སྒེར་ཚོང་བྱས་པ་སོགས་ཀྱི་ར་འཕྲོད་བྱུང་ཚེ་ལས་སྣེ་དང་ཚོགས་འདུའི་བཀའ་བཞིན་ཉེས་ཆད་སྒྲུབ་དགོས། གོང་རིམ་གྱི་བཀའ་འཁྲོལ་མེད་པར་གྲྭ་ཚང་གི་མཚན་གནས་དང་ལས་ཤོག་སྒེར་དོན་སྒྲུབ་ཆེད་བེད་སྤྱོད་གཏོང་མི་ཆོག ཕྱག་མཛོད་ནི་གྲྭ་ཚང་གི་སྒྲིགས་འོག་ཏུ་གྲྭ་པ་དཀྱུས་མ་སྤྱི་མཚུངས་བཞིན་གནས་དགོས་པ་དང་གལ་སྲིད་ཉེས་ཆད་བྱུང་ན་དང་ལེན་ཞུ་དགོས།

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.