01ཚོགས་པ་འདི་ནི་རྒྱ་གར་རྡ་རམ་ས་ལའི་ཀིརྟིའི་བྱེས་པ་གྲྭ་ཚང་དུ་གནས་བཞུགས་བླ་སྤྲུལ་རྣམ་པ་ཐུན་མོང་གི་སྒྲིག་འཛུགས་ཤིག་དང༌། ྋརྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བའི་ལས་དོན་ལ་མཐུན་འགྱུར་ཞབས་འདེགས་ཞུ་བའི་ཆོས་ཕྱོགས་ཁོ་ནའི་ཚོགས་པ་ཞིག་ཡིན། དུས་རབས་ཉི་ཤུ་པའི་ནང་བོད་གངས་ཅན་ལྗོངས་སུ་དུས་འགྱུར་གྱི་བཟད་པ་བྱུང་སྟེ་སྣོད་བཅུད་གཉིས་ཆར་གོད་ཆག་ཚད་ལས་འདས་པ་བྱུང་ཞིང༌། ལྷག་པར་སྐྱེ་འགྲོ་ཀུན་གྱི་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རླུང་ནང་གི་མར་མེ་ལྟར་ཤིན་ཏུ་ཉག་ཕྲ་བར་གྱུར་པ་འདི་ཉིད་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་གཏོང་བ་དང༌། ཡང་སྒོས་སུ་ྋརོང་ཆེན་བསྟན་པའི་སྒྲོན་མེ་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེའི་གདན་ས་གོང་འོག་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དབང་ལུང་ཁྲིད་གསུམ་སོགས་སྔོན་བྱོན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་བཞེས་བཟང་པོ་རྣམས་མི་ཉམས་རྒྱུན་འཛིན་གྱིས་དར་སྤེལ་གཏོང་དགོས་པ་ནི། སྐྱེས་ཆེན་དམ་པ་གོང་མ་དེ་དག་གི་ཡང་སྲིད་དུ་ངོས་འཛིན་མཛད་པའི་ད་ལྟའི་བླ་སྤྲུལ་རྣམ་པར་དམིགས་བསལ་གྱིས་འཁྲི་བའི་ལས་འགན་ཞིག་ཡིན་པ་དང༌། ལས་འགན་འདི་ཡང་མཉམ་རུབ་ཀྱི་ཚོགས་པའི་ཐོག་ནས་བསྒྲུབས་ན་ཕན་པ་ལྷག་པར་ཆེ་ཞིང་དུས་རབས་ཀྱི་འགྱུར་འགྲོས་དང་མཐུན་པའི་བསྟན་པའི་ཞབས་འདེགས་ཞུ་ཕྱོགས་གསར་པ་དགེ་མཚན་ལྡན་པ་ཞིག་ཏུའང་འགྱུར་བ་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ཚོགས་པ་འདི་ཉིད་གསར་འཛུགས་གནང༌།

                དོན་གྱི་དབང་དེ་ལ་གཟིགས་ནས་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ནས་ཚོགས་པ་འདི་ཉིད་གསར་འཛུགས་དགོས་པའི་ལམ་སྟོན་བཀའ་སློབ་སྤྱི་ཕེབས་བྱུང་བའི་དགོངས་ དོན་ལྟར། ཕྱི་ལོ་ ༢༠༠༤ ལོར་ཚོགས་པ་འདི་གསར་འཛུགས་ཀྱིས་ཡོངས་སུ་དབུ་བརྙེས། ཚོགས་པ་འདི་འཛུགས་དགོས་དོན་གྱི་དམིགས་ཡུལ་ནི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་མཆོག་དང༌། ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་རྣམ་གཉིས་09ཀྱི་སྐུ་ཚེ་མཛད་འཕྲིན་རྒྱས་ཐབས་དང༌། ཐུན་མོང་དང་ཐུན་མོང་མ་ཡིན་པའི་དབང་ལུང་ཁྲིད་གསུམ་སོགས་མི་ཉམས་རྒྱུན་འཛིན། འབྲེལ་ཡོད་བོད་ཕྱི་ནང་གཉིས་ཀྱི་བླ་སྤྲུལ་རྣམ་པའི་དབར་འབྲེལ་ལམ་གོང་སྤེལ། བསྟན་པ་ལ་མཛད་རྗེས་ཅན་དང་གྲྭ་གཞོན་སློབ་གཉེར་བ་རྣམས་ལ་མཐུན་འགྱུར་རམ་འདེགས། སྤྱི་ཚོགས་ལ་ཕན་པའི་ལས་རིགས་གང་ཐུབ་བསྒྲུབ་རྒྱུ་སོགས་ཡིན།

                ད་ཕན་ལྷན་ཚོགས་ཀྱི་ངོས་ནས་རྒྱུན་ལྡན་བླ་སྤྲུལ་རྣམས་ཀྱི་སློབ་གཉེར་དང་འཕྲོད་བསྟེན་སོགས་ཀྱི་ཆེད་མཐུན་སྦྱོར་དང༌། འབྲེལ་ཡོད་བོད་གཞིས་བྱེས་གཉིས་ཀྱི་བླ་སྤྲུལ་རྣམས་ཀྱི་དབར་འབྲེལ་ལམ་སྔར་ལས་དམ་ཟབ་རྒྱུན་སྐྱོང་ཐོག ཕྱི་ལོ་༢༠༠༨ ལོར་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ལ་གཞིས་བྱེས་ཀིརྟི་ཚང་གི་དགོན་མ་ལག་གི་མཁན་གདན་ཟུར་བླ་སྤྲུལ་ཡོངས་ཀྱི་ངོ་བོ་མཚོན་པའི་ཐོག་ནས་བརྟན་བཞུགས་རྒྱས་པ་བསྟར་འབུལ། སྔ་ཕྱིར་རིག་གནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དཔེ་དེབ་དཔར་སྐྲུན། སྐུ་ཐང་དང་འོད་སྡེར་སོགས་འདོན་སྤེལ་གྱིས་མཚོན་བསྟན་འགྲོའི་ཞབས་འདེགས་ཞུས་དང་ཞུ་བཞིན་པ་ཡིན།

                ཀིརྟིའི་བྱེས་པ་གྲྭ་ཚང་གི་འགྲིག་འོག་ཏུ་ཡོད་པའི་བླ་སྤྲུལ་རྒན་གཞོན་ཐམས་ཅད་ཚོགས་པ་འདིའི་ཚོགས་མི་ཡིན་ལ། འབྲེལ་ཡོད་དགོན་སྡེ་ཁག་གི་བླ་སྤྲུལ་གོང་གསལ་དམིགས་ཡུལ་དང་མཐུན་པའི་ལས་དོན་བྱེད་འདོད་ཡོད་མཁན་སུ་ཡིན་ཡང་ལྷན་ཚོགས་འདིའི་ཚོགས་མིར་ཞུགས་ཆོག ད་བར་རྒྱུན་ལས་སྐབས་གསུམ་ཕེབས་ཡོད་པ་དང༌། རྒྱུན་ལས་གྲངས་བཞི། དབུས་ཚོགས་མི་གྲངས་བཅུ་ཙམ། དེ་མིན་ཚོགས་མི་གྲངས་བཅུ་ལྷག་ཡོད་པ་བཅས་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་བླ་སྤྲུལ་ལྷན་རྒྱས་ཀྱི་ངོ་སྤྲོད་མདོར་བསྡུས་དང་ལྷན་ཚོགས་འདིའི་སྐོར་རྒྱས་པ་མཁྱེན་འདོད་ཡོད་རིགས་ནས་ལྷན་ཚོགས་འདིའི་སྒྲིག་གཞི་ལ་གཟིགས་པར་འཚལ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.