. . . .

24020180 5005efdcd6༄༅།། སྙན་བརྒྱུད་གདམས་པའི་མཛོད་འཛིན་མཚན་ཞབས་མཁན་པོ་ཚང་ངམ་ཀིརྟིའི་མཚན་ཞབས་རྗེ་བློ་བཟང་འཇིགས་མེད་དམ་ཆོས་མཆོག་ནི། ྋསྐྱབས་མགོན་ཀིརྟི་སྐུ་ཕྲེང་ན་རིམ་གྱི་ལྷ་འབངས་དང་སྐུ་ཕྲེང་ལྔ་པའི་ཉེ་གནས་སུ་གཏོགས་པའི་ཀིརྟིའི་རྐ་ཆུ་ཁ་པའི་ཚེ་གྱ་སྡེ་པ་གོང་མ་རུ། ཕྱི་ལོ་༡༩༢༦ རབ་བྱུང་བཅོ་ལྔ་པའི་མེ་སྟག་ལོའི་ཟླ་༡ ཚེས་༡༥ ཉིན་བསོད་ནམས་དང་རིགས་རུས་ཀྱིས་མངོན་པར་མཐོ་བ་ཡབ་དཀོན་ཚེ་དང་ཡུམ་ཨ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ྋསྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་པ་ངག་དབང་བློ་བཟང་བསྟན་པ་ཚེ་རིང་མཆོག་གིས་ཚ་ཕྲུག་དགེ་བཤེས་དམ་ཆོས་ཕུན་ཚོགས་ཚང་གི་སྐུ་ཕྲེང་གཉིས་པར་ངོས་འཛིན་གནང༌། དགུང་ལོ་དགུའི་ཐོག་སྐུ་གོང་མའི་གདན་ས་སྟག་ཚང་ལྷ་མོ་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་དགེ་ཚུལ་སློང་གི་བསླབ་སྡོམ་རིམ་བཞེས་དང་སྐུ་ཡོན་གསན་བཞེས། དགེ་བའི་བཤེས་གཉེན་དུ་མའི་མདུན་ནས་དབང་ལུང་མན་ངག་གི་ཁྲིད་སོགས་བུམ་པ་གང་བྱོའི་ཚུལ་དུ་གསན་བསམ་རྒྱ་ཆེར་གནང༌། སྟག་ཚང་ལྷ་མོ་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་མཁན་པོར་བཞུགས།

                ཕྱི་ལོ་ ༡༩༥༧ ལོར་ྋསྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་མཆོག་དབུས་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་འཆད་ཉན་གནང་བར་ཕེབས་སྐབས་མཚན་ཞབས་སུ་བཅར་བཞུགས་གནང༌།

ས་ཕག་ལོའི་དུས་འགྱུར་སྐབས་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་དང་སྟོན་འཁོར་ལྷན་རྒྱས་བལ་ཡུལ་བརྒྱུད་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ཏེ་འཆད་ཉན་རྒྱུན་འཁྱོངས་ངོས་བོད་གཞུང་གི་བཀའ་འབྲེལ་ལྟར་ལོ་ཤས་རིང་སློབ་གྲྭ་ཁག་གི་དགེ་རྒན་གྱི་ཐུགས་འགན་བཞེས།

                དགུང་ལོ་ཞེ་བདུན་བཞེས་པ་ཕྱི་ལོ་ ༡༩༧༢ སློབ་དཔོན་དཔའ་བོས། ཐོས་པས་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱེད། །སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་པར་འགྱུར། །ཞེས་གསུངས་པའི་དོན་ཐུགས་ལ་བརྣག་སྟེ། དབེན་པའི་རི་ཁྲོད་ཅིག་ཏུ་གཞི་ཕབ་རྩིས་ཀྱི་སྐོར་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་མཆོག་ལ་སྙན་སེང་བཀའ་འཁྲོལ་ཞུས་ཏེ་རྗེ་བཙུན་མི་ལའི་རྣམ་ཐར་ལ་འགྲན་བཟོད་པའི་རྩེ་གཅིག་ལ་ཉམས་ལེན་ལ་མི་ལོ་བཅོ་བརྒྱད་རིང་གཞོལ།

                ཕྱི་ལོ་ ༡༩༧༤ ྋགོང་ས་ྋརྒྱལ་བའི་དབང་པོ་མཆོག་གི་བཀའ་འབྲེལ་བཞིན་བུ་སྟོན་དུས་འཁོར་རྒྱུད་འགྲེལ་མཆན་བཞི་སྦྲགས་བཤད་ཁྲིད་ཀྱི་རྒྱུན་གསེར་ཀོང་མཚན་ཞབས་པར་སྔ་ཕྱིར་གནང༌།

                ཕྱི་ལོ་ ༡༩༨༧ ལོར་དཔལ་ལྡན་འབྲས་སྤུངས་མི་ཏྲ་བརྒྱ་རྩའི་དབང་ཆེན་དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་ལ་གནང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབང་ལུང་ཁྲིད་རྒྱུན་གང་མཆིས་ཀྱི་རྒྱུན་མ་ཉམས་པར་དར་སྤེལ་དགོས་གལ་གྱི་ལམ་སྟོན་བཀའ་དགོངས་ཟབ་མོ་དུས་ནས་དུས་སུ་ཕེབས་པ་བཞིན། དགུང་ལོ་རེ་བཞི་བཞེས་པ་ཕྱི་ལོ་ ༡༩༨༩ ནས་མདོ་དང་སྔགས་ཀྱིས་བསྡུས་པའི་དབང་ལུང་ཁྲིད། རྗེས་གནང་སོགས་གང་ཞིག་མཆིས་པ་མ་ཚང་བ་མེད་པར་དད་ལྡན་གདུལ་བྱ་རྒྱ་མཚོའི་ཚོགས་ལ་གནང་བའི་དབུ་བཟུང་སྟེ། རྒྱ་གར་དང་ཨ་རིའི་ཁུལ། ཡོ་རོབ་ཁུལ། ཨོ་སུ་ཊི་ལའི་ཡ། ཨིན་ལན། ཧོང་ཀོང༌། སིངྒ་པུར། མ་ལ་ཤིའི་ཡ། ར་ཤི་ཡ་སོགས་འཛམ་གླིང་གི་ཡུལ་གྲུ་ཆེ་ཆུང་དུ་མར་གདན་ཞུས་བཞིན་ཞབས་ཀྱིས་བཅགས་ཏེ་ྋརྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར། གཞན་ཡང་མཁས་གྲུབ་དུ་མའི་གསུང་འབུམ་གྱི་ལུང་རྒྱུན་སོགས་བགྲང་ལས་འདས་ཤིང༌། སྐུ་ཚེའི་རིང་མི་ཏྲ་བརྒྱ་རྩའི་བཀའ་དབང་ཐེངས་གསུམ། རྡོར་ཕྲེང་གི་བཀའ་དབང་ཐེངས་གཉིས། ཟུར་བཀའ་བརྒྱ་རྩའི་རྗེས་གནང་ཐེངས་གཉིས། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་སུམ་ཅུ་སོ་ལྔ། བུ་སྟོན་དུས་འཁོར་རྒྱུད་འགྲེལ་མཆན་དྲུག་སྦྲགས་ཀྱིས་བཀའ་ཁྲིད་ཐེངས་བདུན་ལ་གནང་བ་སོགས་རིགས་ལྡན་པདྨ་དཀར་པོ་སླར་བྱོན་པ་ལྟ་བུའི་མཛད་པ་རྣམ་ཐར་བདག་གིར་བཞེས་ཏེ་འཕགས་མཆོག་ཐུགས་རྗེ་ཆེན་པོ་དང་མི་གཉིས་པ་ྋགོང་ས་ྋརྒྱལ་བའི་དབང་པོ་ཐུགས་དགྱེས་པའི་མཆོད་སྤྲིན་སྤྲོས།

                ཁྱད་པར་དུ་རྙེད་བཀུར་དང་གྲགས་པ་སོགས་ལ་ཡེ་མི་གཟིགས་ཤིང་ཚུལ་མིན་ཡིད་བྱེད་ཀྱིས་ཅུང་ཟད་ཀྱང་གོས་པ་མེད་པར་གཏན་བདེའི་ས་ལ་འགོད་འདོད་ཀྱི་ཐུགས་བཞེད་བཅོས་མ་མ་ཡིན་པ་བྱམས་སྙིང་རྗེའི་ཀུན་ནས་བསླངས་ཏེ། མདོ་རྒྱུད་ཀྱི་གཞུང་དང་དབང་ལུང་ཁྲིད་གསུམ་སོགས་ཆེ་ཕྲ་གང་ཞིག་འཆད་ཀྱང་ཡན་ལག་དང་ཉིང་ལག་སོགས་མ་ཚང་བ་མེད་པར་ཉན་པ་པོ་དག་གི་བློ་དང་བབ་བསྟུན་གྱིས་གསུང་གི་གདངས་དག་ཅིང༌། དོན་བདེ་བླག་ཏུ་གོ་བ། སྤྱི་བྱེའི་ཚིག་དོན་མ་འདྲེས་པས་ཡིད་ལ་གཟུང་བདེ་བ་འཆད་པ་དང༌། ཁྱད་པར་དུ་བཀའ་སློབ་ཞུ་མི་སུ་བྱུང་ལ་ཆོས་ཁས་ལེན་མིན་ཇི་ལྟར་ཡང་ཡ་རབས་བཟང་སྤྱོད་དགོས་སྐོར་དང༌། མདོ་ཕྱོགས་སྐོར་གྱི་བཀའ་ཆོས་གནང་སྐབས་སྔོན་འགྲོའི་དུས་ཡུན་ལ་དཔགས་ཏེ་ལམ་གཙོ་རྣམ་གསུམ་གྱི་ཐོག་ནས་ལམ་གྱི་འགྲོ་སྟངས་རྒྱས་བསྡུས་སྣ་ཚོགས་ཀྱིས་ནང་ཆོས་ངོ་སྤྲོད་ཆག་མེད་དང༌། གསང་སྔགས་ཀྱི་དབང་ལུང་གནང་ཚེ་གསང་སྔགས་ཀྱི་སྤྱི་བཤད་དང་སྐབས་འགར་དྲི་བ་དང་དྲིས་ལན། རྒྱལ་ཁབ་ཁག་གི་ཆོས་ཚོགས་འགས་རེ་ཞུས་ལྟར་དྲ་རྒྱ་བརྒྱུད་གསང་སྔགས་སོགས་ཀྱི་སྤྱི་བཤད་གནང་བ་སོགས་གང་ལ་གང་འདུལ་གྱིས་འཆད་ཚུལ་འབྱམས་ཀླས།

                གཞན་ཡང་ཞུ་བ་པོ་མང་ཉུང་དང་མི་ལ་ལྟོས་པ་མེད་པར་གདུལ་བྱ་གཅིག་རེ་ལའང་ཉིན་མང་པོར་གསུང་ཆོས་དང་དྲི་བ་དྲིས་ལན་རྒྱུན་མཐུད་གནང་དགོས་ནའང༌། བརྩེ་བའི་བདག་ཉིད་སྐྱོ་ངལ་སྤངས། །ཞེས་གསུངས་པའི་དོན་ལས་མ་འདས་པ་དང༌། ཆོས་འཆད་ཉན་དང་བཀའ་སློབ་སོགས་སྙིང་ལ་བབ་པ་གནང་བས། ཇི་ལྟར་སྨན་པ་མཁས་གྱུར་པས། །ནད་པ་སྒྲུབ་མེད་དཀོན་དེ་བཞིན། །བྱང་ཆུབ་སེམས་དཔའི་སྟོབས་རྙེད་ནས། །གདུལ་བྱ་མ་ཡིན་ཤིན་ཏུ་དཀོན། །ཞེས་གསུངས་པ་བཞིན། དེང་གི་དུས་ྋརྒྱལ་བ་ཤཱཀྱ་སེངྒེའི་བསྟན་པའི་བདག་པོར་གྱུར་པ་ཕལ་མོ་ཆེ་རྗེ་འདིའི་དངོས་སློབ་ཏུ་གྱུར་པ་སོགས་རྒྱལ་བའི་དམ་ཆོས་འཛིན་པའི་སྨོན་ལམ་གྱི་མཐུ་གྲུབ་པའི་སྐྱེས་བུ་ཆེན་པོ་ཞིག་ལགས་ལ།

                ཕྱི་ལོ་ ༢༠༠༦ དགུང་ལོ་བརྒྱད་ཅུ་གྱ་གཅིག་བཞེས་པ་བོད་ཟླ་ ༡༠ ཚེས་ ༢༥ དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་པ་སོགས་རྣམ་ཐར་རགས་བཏུས་སུ་བཀོད་པའོ།། རྒྱས་པར་ནི་རང་རྣམ་དང་གཞན་གྱིས་བྲིས་པ་དག་ལས་མཁྱེན་པར་ཞུའོ།། །།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.