སྔོན་གླེང་།


01 In front Books Cover༄༅།། དེ་ཡང་རྣམ་འདྲེན་སྟོང་གི་བཞི་པ་སྟོན་པ་ཐུབ་པའི་དབང་པོ་མཆོག་གིས་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་གྱི་ལམ་ལ་འགོད་ཕྱིར་རྒྱལ་སྲིད་སྤངས་ཤིང་སྐྱེ་བོ་ཐ་མལ་པའི་བརྟུལ་ཞུགས་ལྷུར་བཞེས་ཏེ། རྒྱ་གར་རྡོ་རྗེ་གདན་གྱི་སྤོ་ལ་མངོན་པར་རྫོགས་པ་སངས་རྒྱས་པའི་ཚུལ་མཛད་ཅིང་། ཆོས་འཁོར་རིམ་པ་གསུམ་དུ་བསྐོར་བ་ལས། བྱ་རྒོད་ཕུང་པོའི་རིར་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཏེ་ཤེར་ཕྱིན་གྱི་མདོ་སྡེ་ཟབ་མོ་འདི་བྱུང་།
སྟོན་པ་ཐུབ་པའི་དབང་པོ་མཆོག་ཞི་བའི་དབྱིངས་སུ་བདེ་བར་གཤེགས་ནས་མི་ལོ་བཞི་བརྒྱ་ཙམ་ཞིག་འདས་པ་ན། མདོ་སྡེ་ལངྐར་གཤེགས་པ་དང་འཇམ་དཔལ་རྩ་རྒྱུད་སོགས་སུ་ལུང་བསྟན་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་བྱོན་ཏེ། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་རྩལ་དུ་བཏོན་ནས་དོན་ཕྱིན་ཅི་མ་ལོག་པར་འགྲེལ་པ་དབུ་མ་རིགས་ཚོགས་དྲུག་སོགས་བསྟན་བཅོས་ཆེན་མོ་དུ་མ་མཛད། གཞན་ཡང་། སངས་རྒྱས་འདས་ནས་ལོ་དགུ་བརྒྱ་ཙམ་གྱི་རྗེས་སུ་ཐུབ་པའི་བསྟན་པ་འཛིན་པར་ལུང་གིས་ཟིན་པ་འཕགས་པ་ཐོགས་མེད་བྱོན་ཏེ། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བར་བྱེད་པའི་བསྟན་བཅོས་བྱམས་ཆོས་སྡེ་ལྔ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་མཛད་པ་ནས་ཐེག་ཆེན་གྱི་བསྟན་པ་ཆེས་ཆེར་འཕེལ། དེ་ལྟར་རྒྱ་གར་འཕགས་པའི་ཡུལ་དུ་ཤེར་ཕྱིན་གྱི་འགྲེལ་པ་མང་དུ་བྱུང་ཞིང་བོད་དུ་འགྱུར་བའང་ཇི་སྙེད་ཅིག་བཞུགས་པ་ལས། ཚིག་ཉུང་ལ་དོན་འདྲིལ་ཞིང་གསལ་བ་སློབ་དཔོན་སེངྒེ་བཟང་པོའི་འགྲེལ་ཆུང་དོན་གསལ་དུ་གྲགས་པ་འདི་ཉིད་བོད་ཀྱི་མཁས་པ་དག་གིས་འགྲེལ་པའི་མཆོག་ཏུ་འཛིན་པར་མཛད།


དེ་ཡང་འཕགས་བོད་གཉིས་སུ་ཤེར་ཕྱིན་གྱི་མདོ་སྡེའི་འཆད་ཉན་འཕེལ་བ་ནས་རྒྱུན་མ་ཉམས་པར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་སྲས་ཀྱི་ཐུ་བོ་ཁུ་རྔོག་འབྲོམ་གསུམ་སོགས་ནས་ཉེ་བར་བརྒྱུད་པ་ལས། རྒྱལ་བའི་དམ་ཆོས་འཛིན་པ་ལ་སྨོན་ལམ་གྱི་མཐུ་གྲུབ་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཇམ་མགོན་བླ་མ་ཤར་ཙོང་ཁ་པ་ཆེན་པོས་རིས་སུ་མ་ཆད་པའི་དགེ་བའི་བཤེས་གཉེན་མང་དུ་བསྟེན་ཏེ།

“གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས། །ཚིམས་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། །”ཞེས་ཇི་སྐད་གསུངས་པ་དང་ཚུལ་ཀུན་ནས་མཚུངས་པ་ཤེར་ཕྱིན་གྱི་གཞུང་རྒྱས་བསྡུས་མ་ལུས་པ་ཐུགས་སུ་ཆུད་པར་མཛད་ཅིང་། “ཟབ་བརླིང་དོན་བཟང་བདུན་ཅུའི་རིན་ཆེན་ཕྲེང་། །སྡེབ་ལེགས་ཚིག་གི་སྲད་བུ་ལ་བརྒྱུས་ཤིང་། ། ལུང་རིགས་གཟི་འོད་བརྒྱ་ཡིས་བསྟར་བ་ཡི། །བློ་གསལ་མགྲིན་པའི་རྒྱན་ཅིག་བདག་གིས་སྤེལ། །”ཞེས་དམ་བཅས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་ཞེས་བྱ་བ་མཛད་དེ། གངས་རིའི་ལྗོངས་སུ་ཤེར་ཕྱིན་གྱི་དོན་ཆེས་ཆེར་གསལ་བར་མཛད། སྲས་ཀྱི་ཐུ་བོ་རྒྱལ་ཚབ་དར་མ་རིན་ཆེན་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་བུ་སློབ་ནམ་མཁའི་སྐར་ཚོགས་ལྟར་བྱོན་པ་རྣམས་ཀྱིས་ཀྱང་གཞུང་ཆེན་མོའི་འགྲེལ་བཤད་བར་མ་ཆད་དུ་བརྩམས་ཤིང་སློབ་ཚོགས་ཀྱང་རྒྱ་ཆེར་བསྐྱངས།
བསྟན་པ་འདི་ལ་སྟོན་པ་གཉིས་པ་ལྟར་བསྔགས་པར་འོས་པ་རྗེ་བླ་མ་བློ་བཟང་གྲགས་པའི་དཔལ་གྱི་གསེར་སྦྱངས་བཙོ་མ་ལྟ་བུའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་དྲི་མ་མེད་པའི་རིང་ལུགས་འཛིན་པའི་བུ་ཆེན། བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་བདུན་གྱི་ནང་ཚན། མདོ་རོང་གི་མཁས་པ་མི་བཞིའི་ཡ་གྱལ། རོང་ཆེན་ལྗགས་ནག་པ་དགེ་འདུན་རྒྱལ་མཚན་མདོ་རོང་མཐའ་འཁོབ་ཀྱི་ཡུལ་དུ་ཕེབས་ནས་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་གྱི་ལམ་ལ་བཀོད་པ་དང་། དགོན་སྡེ་ཕྱག་འདེབས་ཀྱིས་མཚོན་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་ཕྱོགས་མཐར་སྤེལ། དེ་ལྟར་སྐྱེ་བོ་ཕལ་པའི་བློ་ལས་འགོངས་པའི་མཛད་པ་རྒྱ་ཆེར་སྐྱོང་བའི་སྐུའི་ཕྲེང་བ་བཅུ་གཅིག་བྱོན་པ་ལས། འཆད་རྩོད་རྩོམ་གསུམ་དང་མཁས་བཙུན་བཟང་གསུམ་གྱི་མཛད་པ་མཁའ་ལྟར་ཡངས་པ་ཀིརྟི་མཁས་ཆེན་ཚང་ཞེས་ཀུན་ལ་གྲགས་པ་༸སྐྱབས་མགོན་ཀིརྟི་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་དཀོན་མཆོག་བསྟན་པ་རྒྱ་མཚོ་དཔལ་བཟང་པོ་མཆོག་གིས་<<ཕར་ཕྱིན་སྐབས་དང་པོའི་བརྗེད་བྱང་སྡོམ་ཚིག་འཕྲོ་ཅན་>>ཏེ་རྒྱ་བོད་མཁས་པའི་ཤེར་ཕྱིན་གྱི་གཞུང་དོན་སྤྱི་དང་དཀའ་གནད་ཅི་རིགས་པའི་དོན་ཤིན་ཏུ་གསལ་བ་དེ་ཉིད་མཛད། དེ་ལ་མདོ་སྨད་ལྷོ་རྒྱུད་ཀྱི་ཆོས་སྡེ་ཆེན་པོ། ༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་སྐུ་ཕྲེང་རིམ་བྱོན་གྱི་གདན་སའི་གཙོ་བོ་སྟག་ཚང་དཔལ་གྱི་ལྷ་མོ་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་གསང་སྔགས་རྒྱུད་པ་གྲྭ་ཚང་གི་མཁན་ཁྲི་ལས་ཐོག་པ་མདོ་སྔགས་རབ་འབྱམས་སྨྲ་བ་དཀོན་མཆོག་བཟོད་པ་མཆོག་ནས། རྗེ་བླ་མ་ཡབ་སྲས་སོགས་རྒྱ་བོད་མཁས་པ་དང་རང་རེའི་ཡིག་ཆ་རྣམས་ཀྱི་དགོངས་དོན་དང་མཐུན་པའི་ས་བཅད་དང་མཆན་འགྲེལ་ཤིན་ཏུ་གསལ་བ་<<ཕར་ཕྱིན་སྡོམ་ཚིག་གི་མཆན་འགྲེལ་ལུང་རིགས་འོད་སྟོང་འབར་བའི་ཉིན་བྱེད་>>ཅེས་པ་ལྗགས་རྩོམ་གནང་། གཞུང་འགྲེལ་འདི་ཉིད་གཞུང་ཆེན་མོར་སློབ་གཉེར་གནང་བ་ཡོངས་ལ་ཕན་ཆེ་བ་དང་།

བོད་ཀྱི་ཆོས་རིག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་སོགས་སྒོ་དུ་མའི་སླད་དུ། ༸སྐྱབས་མགོན་ཀིརྟི་རིན་པོ་ཆེའི་ལམ་སྟོན་བཀའ་སློབ་བཞིན་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་ནས། ཀིརྟི་ཚང་གི་སློབ་བརྒྱུད་མཁས་གྲུབ་རིམ་བྱོན་གྱིས་མཛད་པའི་གསུང་རྩོམ་ཕྱོགས་བསྒྲིགས་<<ལེགས་བཤད་འོད་དཀར་ཕྲེང་བ་>>ཞེས་པའི་དེབ་ཕྲེང་དུ་བསྡུས་ཏེ་རྩོམ་སྒྲིག་དང་པར་འགྲེམས་བྱས།
རྩོམ་སྒྲིག་གི་སྐབས་སུ། བོད་དུ་པར་བསྐྲུན་ཟིན་པའི་དཔེ་དེབ་དེ་ཉིད་དང་ཞིབ་བསྡུར་གྱིས། པར་སྐྱོན་དུ་ངེས་རིགས་དང་མཆན་འགོད་སྟངས། ཚེག་དང་ཤད་འདེབས་སྟངས་ཙམ་ལ་འགྱུར་བ་ཕྲན་བུ་བཏང་བ་ལས་གཞན་རྣམས་རང་སོར་བཞག་སྟེ་གང་ལེགས་ཡོང་ཐབས་ལ་འབད་ཁུལ་བྱས་ཀྱང་། རྩོམ་སྒྲིག་གི་དུས་ཡུན་ཐུང་བ་དང་ཤེས་མྱོང་གིས་མ་འདང་བའི་རྐྱེན་སོགས་ལས་ནོར་འཁྲུུལ་དང་འགལ་འཛོལ་གང་མང་ཡོད་ངེས་པས། གཞུང་ལུགས་རབ་འབྱམས་སྨྲ་བ་དག་གིས་སླད་མར་ཕན་པའི་དགོངས་འཆར་དང་ཡོ་བསྲང་གནང་བའི་ཞུ་བསྐུལ་བཅས།
འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་རྩོམ་སྒྲིག་སྡེ་ཚན་ནས། ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༨ ལ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.