དཀོན་མཆོག་འཕེལ་རྒྱས།

 

༄༅།། ཆུ་བོ་དང་ཆུ་ཕྲན་ཁྲི་མ་འབུམ་གྱི་འབབ་རྒྱུན་གཅིག་ཏུ་འཁྱིལ་བའི་ཆུ་གཏེར་རིང་པོ་སྐ་རགས་ལ་བཅིངས་པའི་བརྟན་གཡོའི་འཇིག་རྟེན་ཆེན་པོ་ཛམ་བྨུའི་རྐང་འཐུང་གིས་ཉེ་བར་མཚན་པའི་གོ་ལ་རིལ་པོའི་མཐོ་སྒང་དུ། བོད་ཁམས་ཏེ་གངས་རིའི་མན་ཤེལ་དཀྲིགས་པའི་ཡུལ་གྲུ་འདིར། རང་སྐད་དང་བསྟུན་པའི་ཡི་གེ་དང་རིག་གཞུང་གི་སྤུས་ཚད་གཞན་ལ་ངོམ་དུ་རི་བ་ཞིག་ཡོད་པ་ནི་དུས་རབས་བདུན་པའི་ནང་བོད་རྒྱལ་སྲོང་བཙན་སྒམ་པོའི་ལུགས་གཉིས་ཀྱི་གཟིཊ་རྒྱ་ཡངས་པོའི་འོག་མཛངས་བློན་ཆེན་པོ་ཐོན་མི་ཨ་ནུ་མཆོག་འཇིགས་རུང་རི་བྲག་གི་འཕྲང་ལམ་བརྒྱུད་ནས་རྒྱ་གར་འཕགས་པའི་ཡུལ་ལ་ཕེབས་ཏེ་ལེགས་སྦྱར་སྒྲ་རིག་རྒྱ་མཚོར་ཆེད་སྦྱངས་ཀྱིས་མཁས་པའི་ཕུལ་དུ་གྱུར་པ་དང༌།

དུས་མཚུངས་སུ་བསྟན་བཅོས་མང་པོས་མགུལ་བ་བརྒྱན་ནས་རང་ཡུལ་ཁ་བའི་ལྗོངས་སུ་བདེ་བར་འབྱོར་ཏེ་དབྱངས་གསལ་གཏན་འབེབས་ཀྱིས་བོད་ཡིག་གསར་བཟོ་མཛད་ནས་རྒྱལ་འབངས་རིས་མེད་ལ་ཡི་གེའི་ངོ་བོ་བསླབས་ཤིང་བརྡ་སྤྲོད་རིག་པའི་བསྟན་བཅོས་བརྒྱད་མཛད་པ་སོགས་ཀྱི་ཕྱག་རྗེས་རླབས་ཆེ་བའི་འབྲས་རྟགས་ཁྱད་དུ་འཕགས་པ་ཞིག་རེད།

 

སློབ་དཔོན་ཐོན་མིས་བརྗེད་དུ་ཕངས་པའི་བརྡ་སྤྲོད་ཀྱི་བསྟན་བཅོས་བརྒྱད་མཛད་པ་ལས་དྲུག་ཙམ་ཞིག་མིང་དང་བཅས་བརླག་པ་ནི་བོད་རྒྱལ་འུ་དུམ་བཙན་གླང་དར་མའི་སྐབས་གསུང་རབ་དང་སྐུ་རྟེན་རིན་ཐང་བྲལ་བ་ཁག་ཆུར་བསྐྱུར་མེར་བསྲེགས་ཀྱི་དུས་འགྱུར་གྱི་གནོན་ཤུགས་ཚབས་ཆེ་བའི་འོག་བྱུང་བར་གླེང་ཞིང༌། ད་ལྟ་དེ་དག་ལས་སུམ་ཅུ་པ་དང་རྟགས་འཇུག་གཉིས་ལས་གཞན་ཕྱི་རབས་བོད་མིའི་མིག་བསོད་དུ་གྱུར་མི་འདུག སྐབས་དེར་ང་ཚཱུའི་སྤྱི་ཚོགས་ཐོག་ཆོས་ལུགས་དར་སྤེལ་གཏོང་མཁན་གྱི་རབ་བྱུང་བཙུན་པ་དང་རིག་གཞུང་སྤྱིའི་ཐོག་གྱོང་གུད་ཀྱི་འགྱུར་བ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུ་ཞིག་བྱུང་ཡོད་པ་ནི་གདོན་མི་ཟ།  ལོ་རྒྱུས་རྙོག་འཛིངས་ཅན་གྱི་དུས་རབས་ཀྱི་གད་སྙིགས་དེ་ལྟ་བུའི་ཁྲོད་བརྡ་སྤྲོད་རིག་པའི་བསྟན་བཅོས་དྲུག་ཙམ་ཞིག་མིང་དང་བཅས་བརླག་པ་ནི་ང་ཚོའི་གྱོང་གུད་རེད་ལ། ང་ཚོའི་གཅེས་ནོར་ཏེ་སུམ་རྟགས་གཉིས་སྐབས་དེར་ཆུར་མ་ནུབ་ཅིང་མེར་མ་ལྷུང་བར་ད་ལྟ་མིག་མཐོང་དུ་གྲུབ་པ་ནི་ང་ཚོའི་བསོད་ནམས་ཀྱང་རེད། དེའི་ཕྱིར་བོད་ཀྱི་རིག་གཞུང་གང་ཞིག་གི་ཐད་འཆད་རྩོད་རྩོམ་གསུམ་གྱི་ལག་ལེན་ལྷུར་ལེན་པའི་དཔྱོད་ལྡན་པ་དག་བོད་ཀྱི་བརྡ་སྤྲོད་བསྟན་བཅོས་ཀྱི་བཀས་བཅད་ལས་མི་འདའ་ཞིང༌། ཁོང་ཚོས་རིག་པའི་གཞུང་ལུགས་གང་ཞིག་ངག་གིས་བརྗོད་ཅིང་ཕྱག་གིས་འབྲི་སྐབས་སུམ་རྟགས་གཉིས་ཀྱི་དགོངས་པ་ཡང་དག་པར་བསྟུན་གང་ཐུབ་བྱེད་པ་ཡིན། བོད་ལ་དྲིན་ཆེ་བའི་སློབ་དཔོན་ཐོན་མི་མཆོག་གིས་བརྡ་སྤྲོད་པའི་བསྟན་བཅོས་ཁག་བརྩམས་གྲུབ་རྗེས་ཀྱི་དུས་རབས་རིམ་བྱུང་ཁྲོད་བོད་ཀྱི་པཎྜི་ཏ་དང་ལོ་ཙཱ་བ་སོགས་མཁས་གྲུབ་གཉིས་ལྡན་གྱི་རྣམ་དཔྱོད་ཅན་མང་དག་ཅིག་གིས་སུམ་རྟགས་ཀྱི་རྩ་བ་ལ་ཚིག་དོན་གྱི་འགྲེལ་པ་མཐའ་ཀླས་ཤིང༌། ལེགས་བཤད་ཀྱི་རི་བོ་རྩེག་ཅིང་ཆུ་གཏེར་འཕྱུར་བཞིན་གདའ། འདིར་སྐབས་སུ་བབས་པ་སུམ་ཅུ་པའི་སྐོར་གྱི་རྣམ་དབྱེ་དང་རྣམ་དབྱེའི་གྲངས་ཀྱི་ཐད་ལ་བློ་ཁ་ཅུང་ཙམ་ཕྱོགས་ཚེ།

སྤྱིར་བཏང་བོད་ཡིག་གསར་གཏོད་པས་བོད་ཀྱི་བརྡ་སྤྲོད་བསྟན་བཅོས་ཁག་བོད་རང་གི་ཁ་སྐད་ཀྱི་གནས་བབས་དང་བསྟུན་ནས་དབྱེ་བསྡུ་མཛད་ཡོད་པ་ལགས་ན་བོད་ཀྱི་རྣམ་དབྱེ་དང་དེའི་དབྱེ་བསྡུའང་བོད་རང་གི་སྐད་ཆའི་བབས་དང་སྒོ་བསྟུན་ཏེ་རྣམ་བཞག་གཏན་ལ་ཕབ་ཡོད་ཅེས་སྨྲ་བཏུབ། དོར་ཞི་གདང་དྲུག་སྙེམས་བློས། དེ་ཡང་རྣམ་དབྱེ་ཡོད་མེད་དང་རྣམ་དབྱེའི་གྲངས་མང་ཉུང་སྐད་རིགས་སོ་སོ་ལ་ཡོད་པ་མི་འདྲ་སྟེ། རྒྱ་གར་ཡི་གེ་ལ་རྣམ་དབྱེ་ཉེར་གཅིག་དང༌། དབྱིན་ཡིག་ལ་རྣམ་དབྱེ་གསུམ་དང༌། ཨུ་རུ་སུའི་ཡི་གེ་ལ་རྣམ་དབྱེ་དྲུག་དང༌། རྒྱ་ཡིག་གི་གནའ་ཡིག་ལ་རྣམ་དབྱེ་རྗེས་མཐུན་པ་ཞིག་ཡོད་པར་འདོད་ཅེས་དང༌། ཡང་ཁོང་གིས། བོད་ཡིག་ལ་རྣམ་དབྱེ་དུ་ཡོད་དང༌། རྣམ་དབྱེ་སོ་སོའི་དབྱེ་བ་འབྱེད་ཚུལ་ནི། སྐད་རིགས་གཞན་པའི་ཤན་ཤོར་དུ་མ་བཅུག་པར། བོད་སྐད་རང་གི་གྲུབ་ལུགས་དང་ཁྱད་ཆོས་མཚོན་ཐུབ་པ་ཞིག་གི་སྟེང་ནས་གཞི་རྩ་འཛིན་དགོས་སོ་ཞེས་གསུངས་པ་ལྟར། བོད་ཀྱི་རྣམ་དབྱེའང་བོད་རང་གི་ཁ་སྐད་གྲུབ་ལུཊ་དང་ཁྱད་ཆོས་མཚོན་ཐབས་ཀྱི་སྟབས་བདེའི་རང་བཞིན་ཅན་ཞིག་ཡིན།

 

                དང་པོ། རྣམ་དབྱེ་ངོ་སྤྲོད་ཐེབས་པ་ལ་རྣམ་དབྱེའི་འཇོག་བྱེད་བློ་ལ་ངེས་དགོས་པས། འདིར་བོད་ཀྱི་བརྡ་སྤྲོད་པའི་དེབ་ཕྲེང་བྱེ་བྲག་པ་རེ་ལས་བརྡ་སྤྲོད་མཁན་པོ་རང་རང་གིས་མཛད་པའི་རྣམ་དབྱེའི་གོ་དོན་ཁག་ཅིག་དྲངས་ན། དེ་ཡང་ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས། རྣམ་དབྱེ་ཞེས་པ་ནི་ཆོས་གཉིས་མ་འདྲེས་པར་སོ་སོར་འབྱེད་པར་བྱེད་པའི་སྒྲའི་ཆ་ཤས་སམ་ཚིག་ཕྲད་ཅིག་ལ་རྣམ་དབྱེ་ཞེས་པ་ཡིན་ཏེ་ཞེས་དང༌། མཁས་དབང་ཚེ་ཏན་ཞབས་དྲུང་དབྱངས་ལྡན་རིག་པའི་འདོད་འཇོས། ཆོས་གང་ཡང་རུང་བ་ཞིག་གི་མིང་ཚིག་དེ་གཞན་དང་མ་འདྲེས་པར་རྣམ་པར་ཏེ་སོ་སོར་དབྱེ་ཞིང་འབྱེད་ནུས་པའི་སྒྲའི་ཆ་ཤས་སུ་གྱུར་པའི་ཚིག་ཕྲད་ཅིག་ལ་རྣམ་དབྱེ་ཞེས་བྱ་སྟེ་ཞེས་དང༌། དོར་ཞི་གདོང་དྲུག་སྙེམས་བློས། རྣམ་དབྱེ་ཞེས་པ་ནི་མིང་རྣམས་ཚིག་ཏུ་བསྒྲུབ་པའི་ཚེ། ཚིག་གི་ཆ་ཤས་སུ་གྱུར་བའི་མིང་སོ་སཱུའི་བྱེད་ལས་ཀྱི་ངོ་བོ་གཞན་དང་མ་འདྲེས་པར་གསལ་བར་ཕྱེད་ཅིང༌། ཚིག་གི་བསྟན་དོན་ངེས་པར་བྱེད་པའི་ནུས་པ་དང་ལྡན་པའི་རྐྱེན་ཁྱད་པར་ཅན་སྦྱོར་ཚུལ་གྱི་རྣམ་བཞག་ཅིག་རེད་ཅེས་བརྗོད། རྣམ་དབྱེའི་གོ་དོན་གོང་མ་ཚོའི་སྟེང་ནས་བལྟས་ན། རྣམ་དབྱེ་ནི་ཆོས་ཕན་ཚུན་མ་འདྲེས་པར་སོ་སོར་དབྱེ་བའི་སྒྲའི་ཆ་ཤས་ཀྱི་ཚིག་ཕྲད་ཅིག་ལ་ངོས་འཛིན་དགོས་པ་ལྟ་བུར་ཆགས་འདུག ངོས་འཛིན་དེ་ལྟར་བྱས་ན་ང་ཚོའི་རྣམ་དབྱེའི་ཁྲོད་མིང་ཙམ་བརྗོད་པའི་རྣམ་དབྱེ་དང་འབོད་པའི་རྣམ་དབྱེ་གཉིས་རྣམ་དབྱེའི་ཁོངས་སུ་གཏོགས་དཀའ་ཞིང༌། དེ་གཉིས་སྒྲའི་ཆ་ཤས་ཀྱི་ཚིག་ཕྲད་གང་ཡང་མིན་པས་རྣམ་དབྱེའི་གྲལ་ནས་ཁོལ་ཕྱུང་གིས་མ་བསྐྱུར་ཐབས་མེད་ལྟ་བུ་ཡིན།

 

                སྤྱིར་བཏང་རྣམ་དབྱེ་ཞེས་པའི་སྤྱི་མིང་དེར་ནང་གསེས་རྣམ་པར་དབྱེ་སྟངས་མི་འདྲ་བ་རེ་ཡོད་པས་རྣམ་དབྱེའང་མི་འདྲ་བ་མང་པོ་ཡོད་པ་ཡིན། དེའི་ཕྱིར་རྣམ་པར་དབྱེ་སྟངས་ཕྱོགས་གཅིག་གིས་རྣམ་དབྱེ་ཡོངས་ཀྱི་གོ་དོན་ལ་མ་ཁྱབ་ཅིང༌། རྣམ་པར་དབྱེ་སྟངས་ཡོངས་རྣམ་པར་དབྱེ་སྟངས་ཕྱོགས་གཅིག་གི་འོག་ཏུ་ཆུམས་དཀའ། གོང་གི་སྒྲའི་ཆ་ཤས་ཀྱི་ཚིག་ཕྲད་ཅིག་གིས་རྣམ་པར་དབྱེ་སྟངས་དེ་རྣམ་པར་དབྱེ་སྟངས་ཕྱོགས་གཅིག་ཡིན་སྙམ། དེ་མཚུངས་ང་ཚོའི་རྣམ་དབྱེ་རྣམས་ཀྱི་ནང་ན་རྣམ་པར་དབྱེ་སྟངས་ལ་ཕྱོགས་ཙམ་ཡང་མི་འདྲ་སའི་ཆེ་ཁག་གཉིས་ཡོད་དེ།

 

                གཅིག་ནི་རྣམ་དབྱེ་དང་པོ་མིང་ཙམ་བརྗོད་པ་དང་རྣམ་དབྱེ་བརྒྱད་པར་བརྩི་བའི་འབོད་པའི་རྣམ་དབྱེ་གཉིས་ཀྱི་རྣམ་པར་དབྱེ་ཚུལ་ཡིན། གཅིག་ནི་རྣམ་དབྱེ་གཉིས་པ་དང༌། རྣམ་དབྱེ་གསུམ་པ། རྣམ་དབྱེ་བཞི་པ། རྣམ་དབྱེ་ལྔ་པ། རྣམ་དབྱེ་དྲུག་པ། རྣམ་དབྱེ་བདུན་པ། ཚེ་སྐབས། དེ་ཉིད་རྣམས་ཀྱི་རྣམ་པར་དབྱེ་ཚུལ་ཕལ་ཆེར་མིང་དང་ཚིག བྱ་བྱེད། བྱ་ཡུལ་དང་བྱ་ཚིག་སོགས་ཀྱི་རྣམ་པར་དབྱེ་ཚུལ་ཡིན།

 

                ཕྲད་རང་དབང་ཅན་དང་གཞན་དབང་ཅན་གྱིས་བསྡུས་པའི་རྣམ་པར་དབྱེ་བྱེད་ཀྱི་ཕྲད་དམ་རྣམ་དབྱེའི་རྐྱེན་ལ་བོད་ཀྱི་རྣམ་དབྱེའི་དབང་དུ་བྱས་པའི་ཐུན་མོང་བའི་རྐྱེན་དང་ཐུན་མོང་མ་ཡིན་པའི་རྐྱེན་གཉིས་ཡོད་དེ། རྣམ་དབྱེ་གཉིས་པ་དང༌། རྣམ་དབྱེ་བཞི་པ། རྣམ་དབྱེ་བདུན་པ། ཚེ་སྐབས། དེ་ཉིད་བཅས་འཇུག་ཡུལ་ལྔ་ལ་འཇུག་པའི་ལ་དོན་གྱི་ཕྲད་སུ་སོཊ་ཐུན་མོང་བའི་ཕྲད་དམ་རྐྱེན་དང༌། བྱེད་འབྲེལ་གྱི་ཕྲད་ཀྱི་ཀྱིས་སོགས་དང༌། འབྱུང་ཁུངས་ཀྱི་ནས་ལས་གཉིས་བཅས་ཐུན་མོང་མ་ཡིན་པའི་ཕྲད་དམ་རྐྱེན་ཡིན། ཅི་ཞེ་ན། སུ་སོགས་ལ་དོན་གྱི་ཕྲད་བདུན་པོ་ལ་དོན་གྱི་འཇུག་ཡུལ་ལྔ་ཀར་ཐུན་མོང་དུ་འཇུག་པ་དང༌། ཨི་ལྡན་གྱི་ས་ཡོད་མེད་གཉིས་དང༌། རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཀྱི་ནས་ལས་བཅས་ནི་རང་རང་གི་འཇུག་ཡུལ་ཁྱད་པར་བ་རེ་ལས་ཐུན་མོང་དུ་མི་འཇུག་པས་སོ།།

 

                བོད་ཀྱི་རྣམ་དབྱེ་ལ་ཚིག་ཕྲད་ཅན་གྱི་རྣམ་དབྱེ་དང༌། ཚིག་ཕྲད་མེད་པའི་རྣམ་དབྱེ་གཉིས་ཕྱེ་ཆོག་པ་ལས། རྣམ་དབྱེ་དང་པོ་མིང་ཙམ་སྟོན་པ་དང་འབོད་པའི་རྣམ་དབྱེ་གཉིས་ཚིག་ཕྲད་མེད་པའི་རྣམ་དབྱེ་ཞིག་ཡིན། སྤྱིར་མིང་རྐྱང་ཡོད་ཚད་དང་བྱ་བྱེད་ལས་གསུམ་སྐུལ་ཚིག་དང་བཅས་པ་རྣམ་དབྱེ་དང་པོའི་ཁོངས་སུ་འདུ།

 

                འདིར་ཐོག་མར་རྣམ་དབྱེ་དང་པོ་རེད་ཅེས་བརྗོད་ཀྱང་མི་ཆོག་པ་མེད་པའི་ཁ་སྐད་ཐོག་གི་འདོད་རྗེས་ཀྱི་མིང་མ་དག་པ་འགའི་ནག་ཉེས་ཐེར་འདོན་བྱེད་པར་འདོད། ཤོད་སྲོལ་ལ་ནོར་ཡོད་ཅིང་འབྲི་སྟངས་ཐོག་ནོར་མེད་པའི་གླེང་འབྲིའི་གནས་སྐབས་ལྟག་སྤྲོད་དུ་གྱུར་པ་དཔེར་ན། ཡི་གེའི་ཐོག་གྲི་ཞེས་འབྲི་ཡང༌། ཁ་སྐད་སྟེང་གྱི་ཞེས་བརྗོད་པ་དང༌། དེ་མཚུངས་གྲོ་ལ་གྱོ། གྲོ་མ་ལ་གྱོ་མ། སྐྱག་དྲི་ལ་སྐྱག་རི། སླེ་བོ་ལ་སེ་བོ། སློག་པ་ལ་སྩོག་པ། བསླངས་ལ་བསྩངས། གྲིབ་མ་ལ་གྱིབ་མ། གྲོག་མ་ལ་གྱོག་མ། གྲལ་ལ་གྱལ། གྲགས་ལ་གྱགས། གྲང་ལ་གྱང༌། གྲངས་ཀ་ལ་གྱངས་ཀ། སྐྲ་ལ་སྐྱ། ཁྲིད་ལ་ཁྱིད། ལག་པ་བཀྲུས་ལ་ལག་པ་བཀྱུས། དགྲ་ཡ་ལ་དགྱ་ཡ། གྲོས་བྱས་པ་ལ་གྱོས་བྱས་པ། འགྲོ་བ་ལ་འགྱོ་བ། ཁྲག་ལ་ཁྱག བགྲད་ལ་བགྱད། དཀྲིས་ལ་དཀྱིས། སྐྲངས་ལ་སྐྱངས། སྐུད་པ་སྒྲིམ་ལ་སྐུད་པ་སྒྱིམ། མགྲོན་པུ་ལ་མགྱོན་བུ། ཁྲ་ཁྲ་ལ་ཁྱ་ཁྱ། བཀྲམ་གྱི་སྐུལ་ཚིག་ཁྲོམས་ལ་ཁྱོམས། ཁ་བཀྲམ་ལ་ཁ་བཀྱམ། བོད་བློན་སྟག་སྒྲ་ཀླུ་གོང་ལ་སྟག་ར་ཀླུ་གོང༌། བླ་བྲང་ལ་ལབ་རང༌། སྦྲུལ་ལ་རུལ་ལམ་རུའུ་ཞེས་བརྗོད་པ་སོགས་མིང་འདི་འདྲས་མཚོན་པའི་ར་བཏགས་དང་ལ་བཏགས་ཅན་མང་པོ་ཞིག་ཨ་མདོའི་ཁ་སྐད་ཐོག་ངག་གི་བརྗོད་སྟངས་དང་ལག་གི་འབྲི་སྟངས་གཉིས་ཁ་བྲལ་བ་ལྟ་བུ་ཡིན། མིང་འདི་རིགས་ཨ་མདོའི་ཡུལ་དུ་ཡིག་ཐོག་ནས་འབྲི་བ་ལྟར་ཕལ་ཆེར་ངག་ཐོག་ཏུ་མི་གླེང་ལ། ངག་ཐོག་ནས་གླེང་པ་ལྟར་ཡིག་ཐོག་ཏུ་འབྲི་སྟངས་མེད། ཡིག་ཐོག་གི་ར་བཏགས་ཅན་མང་པོ་ཞིག་ངག་ཐོག་ཏུ་ཡ་བཏགས་ཅན་དུ་བརྗོད་ཚུལ་འདུག་ཅིང༌། ཞིམ་དྲི་ལ་ཞིམ་རི་བརྗོད་པ་དེ་དྲི་ཞེས་པའི་དྲིའི་ཟུར་གྱི་ད་ཆད་དེ་ར་སྟ་ལ་དབྱངས་ཨི་སྦྱར་བའི་ཚུལ་དུ་རིས་གོ་ཆོད་ཀྱིས་བརྗོད་པར་གོར་མ་ཆག དེ་བཞིན་སླེ་བོ་ལ་སེ་བོ་ཞེས་བརྗོད་པ་འང་སླེ་བཱུའི་ཟུར་གྱི་སེའི་འོག་གི་ལ་ཆད་ནས་སེ་བོ་ཞེས་བརྗོད་པ་ཡིན། སློག་པ། བསླངས། སླ་སོགས་ལ་སྔོན་གྱི་བརྡ་རྙིང་གི་མདོག་མ་འགྱུར་བར་རིམ་བཞིན་སྩོག་པ། བསྩངས། སྩ་ཞེས་བརྗོད་སྟངས་ལོགས་ཤིག་ཡོད། སྦྲུལ་ཞེས་པའི་ར་སྟ་དང་ཞབས་ཀྱུ་ལའང་རུ་ཡིག་ཏུ་བརྗོད་ཅིང་རྗེས་འཇུག་ལ་ཡིག་རང་སོར་བརྗོད་དེ་སྦྲུལ་ལ་རུལ་ལམ་རུའུ་ཞེས་པའི་གདངས་དེ་དབུས་གཙང་གིས་དབྱངས་ཨུ་ཞུགས་ཀློག་སྟངས་ལྟར་དིང་སང་ཨ་མདོ་ཐེ་བོའི་ཁ་སྐད་དུ་ཁ་རླངས་དང་འགྲོགས་ནས་ཐོན་གྱིན་ཡོད། དབུས་ཁུལ་ལམ་ལྷ་ས་པའི་ཁ་སྐད་དུའང་དེ་འདྲ་མེད་པ་མིན་ཏེ། འདིར་ཀ་ཁ་ག་ང་བཞི་འབྲེལ་བའི་མིང་དཔེར་ན། སྐྱིད་པོ་ལ་སྐིད་པོ། ཁྱེད་རང་ལ་ཁེད་རང༌། ཁྱད་མཚར་ལ་ཁད་མཚར། ཁྱི་ལ་ཁི། རྒྱལ་པོ་ལ་རྒལ་པོ། འཕེལ་རྒྱས་ལ་འཕེལ་རྒས། སོགས་དབུས་གཙང་རང་གིས་དབྱངས་བཞི་དང་རྗེས་འཇུག་ལ་བཅས་ཨ་མདོ་བ་དང་མི་འདྲ་བའི་རྗོད་ཚུལ་ཞིག་ཡོད་པ་ལྟར་བྱས་ན་སྒྲ་གདངས་ཕ་གི་རང་ཐོན། བརྗོད་སྲོལ་ཡོད་ལ་འབྲི་སྲོལ་མེད་པའི་ཐ་སྙད་འདི་རིགས་ནི་སྐད་གདངས་ཐོག་གི་ཚེག་ཁྱིམ་གཅིག་གི་ཁོངས་ཀྱི་གདངས་ཟུར་ཉམས་པར་བརྗོད་དབང་གིས་མ་དག་རྒྱུན་འབྱམས་སུ་ཐོན་པ་ཡིན། ཨ་མདོ་བས་གྲོག་མ་ལ་གྱོག་མ་དང༌། ལྷ་ས་བས་ཁྱད་པར་ལ་ཁད་པར་ཟེར་བ་སོགས་ཁོང་ཚོས་བརྗོད་ཉེས་ཡིན། གལ་ཏེ་ད་དུང་མུ་མཐུད་ནས་འབྲི་གླེང་གི་གནས་སྐབས་ཆ་མི་མཉམ་པའི་ཟུར་ཆག་འདི་ཚོར་ཆ་འཇོག་གི་རྒྱུན་བསྲིངས་ཚེ། སྐབས་ཤིག་ཏུ་དཔེར་ན། བླ་བྲང་དང་ལབ་རང༌། ཁྱད་མཚར་དང་ཁད་མཚར་སོགས་ཟུར་ཆག་མིན་གཉིས་ཀ་དག་པར་བརྩི་དགོས་པའི་ཉོག་དྲ་ཞིག་སླེབས་མི་སྲིད་པ་མིན། བླ་བྲང་དང་ཁྱད་མཚར་ཞེས་པའི་མིང་འདི་གཉིས་ཀ་བརྗོད་སྲོལ་དང་འབྲི་སྲོལ་གཉིས་ཀར་ཡོད་ཅིང་སྐད་དང་ཡིག་གཟུགས་ཁ་བྲལ་མེད་པའི་དོན་དངོས་དང་མཐུན་པ་ཞིག་ཡིན། ལབ་རང་དང་ཁད་མཚར་ཞེས་མདོ་དབུས་སྤྱི་ཚོགས་ཁྲོད་གླེང་སྲོལ་ཡོད་པར་གཞིགས་ན། གླེང་པ་ནང་བཞིན་འབྲི་སྲོལ་མེད་པ་འདིས་ལབ་རང་དང་ཁད་མཚར་ཞེས་པར་མ་དག་པའི་རང་མཚང་ཞིག་ངང་གིས་སྟོན་གྱི་ཡོད་དེ། མ་དག་པའི་ཚུལ་ནི། བླ་བྲང་ཞེས་པའི་བླའི་ཡི་གེ་བརྩེགས་མ་དེ་རྗེས་འཇུག་དང་མིང་གཞིའི་ཚུལ་གྱིས་བརྗོད་པ་དང༌། བྲང་ཞེས་པའི་ར་སྟ་གཅིག་པུ་ལ་རྗེས་འཇུག་ང་བཞག་པའི་ཚུལ་དུ་བརྗོད་པ་དང༌། ཁྱད་མཚར་ཞེས་པའི་ཁའི་ཡ་སྟ་ཆད་ནས་འཁྲུལ་བར་བརྗོད་པས་མ་དག་པ་ཁོ་ནར་བཤད་ཐུབ། མདོ་སྟོད་མིའི་ཆོལ་ཁའམ་ཁམས་ཀྱི་ཁ་སྐད་ཐོག་ལ་ཡང་འདི་ལྟའི་ཟུར་ཆག་གི་མིང་ཉོག་ཡོད་སྲིད་ཀྱང་ཁམས་སྐད་ལ་རྒྱུས་ཞན་པས་འབྲིར་མ་བཏུབ། སྤྱིར་བཏང་ཡིག་སྡེབ་ཁ་སྐད་དང་བསྟུན་ནས་མཛད་པ་ཞིག་ན་ཡིག་སྡེབ་དེ་གཏན་ཆགས་རང་བཞིན་ཅན་ཞིག་གི་ཐོག་ཁ་སྐད་མཚོན་གྱིན་ཡོད་པ་ལྟར་ཁ་སྐད་དང་ཡིག་སྡེབ་མཐུན་དགོས་པ་ཡིན། དཔེར་ན། ཡིག་གཟུགས་ཀྱི་རྣམ་པར་སྐྲ་ཞེས་བྲིས་ཤིང་དེ་ཉིད་ཁ་སྐད་ཀྱི་ལག་ལེན་ཐོག་སྐྱ་ཞེས་ཤོད་རྐྱང་བྱས་ཚེ་ཡི་གེའི་བསམ་བློའི་འཕྲོ་འདུ་དང་རྗོད་བྱེད་དང་བརྗོད་བྱའི་སྒྲ་གདངས་མཚོན་བྱེད་ཀྱི་ཡིག་སྡེབ་མཛད་པའི་དགོས་པ་བརླག་པ་ཡིན། དང་ཐོག་ཁ་སྐད་ལ་བསྟུན་ནས་ཡིག་གཟུགས་ཀྱི་བསྣོལ་སྡེབ་བཟོས་པ་ཡིན་ཡང་ཡིག་སྡེབ་བཟོས་ཚར་ཕྱིན་མི་རབས་ནས་མི་རབས་བར་གཏན་ཆགས་ཀྱི་རྣམ་པར་གནས་ཐུབ་པས། ཕྱི་རབས་པས་ང་ཚོའི་རིག་གཞུང་གི་སྲོག་སྙིང་སྟེ་གླེགས་བམ་ལ་བྲིས་ཤིང་དཔར་ཤིང་ལ་བརྐོས་པར་ཁ་མིག་ཡར་ལྟ་མཛད་དགོས། བོད་མདོ་དབུས་ཁམས་གསུམ་གྱི་རིག་གནས་པ་གསུམ་ལྷན་ཅིག་ཏུ་འདུ་འཛོམས་སྐབས་ཁ་སྐད་ཐུན་མོང་བ་ཞིག་གིས་ཕན་ཚུན་གོ་བརྡ་འཕྲོད་ཁག་ཙམ་ཡིན་ཡང་བོད་ཡིག་གི་གནས་བྲིས་ཤིག་བཀླག་ན་གོ་བ་ཆ་མཉམ་དུ་ལེན་ཐུབ་པའི་གནས་ཚུལ་འདིས། ང་ཚོའི་སྤྱི་ཚོགས་སྟེང་བོད་ཀྱི་ཡིག་གཟུགས་ཀྱི་བསྣོལ་འཁྱུག་གཅིག་གྱུར་ཡིན་པ་དང་གོམས་སྲོལ་གྱི་ཁ་སྐད་གཅིག་གྱུར་མིན་པའི་གནས་ཚུལ་ཁྱད་མཚར་པོ་ཞིག་ཆགས་ཡོད་པ་མཐོང་ཐུབ། གལ་ཏེ་ང་ཚོར་ཡུལ་མི་རང་བཞིན་པའི་སྐད་ལྟར་ཐུན་མོང་གི་ཁ་སྐད་སྤུས་གཙང་ཞིག་དགོས་ན། རང་རེའི་ཁ་སྐད་དེ་གཅིག་གྱུར་རང་བཞིན་ལྡན་པའི་ཡིག་གཟུགས་ཀྱི་བསྣོལ་འཁྱུག་ལ་བསྟུན་གང་ཐུབ་བྱས་ནས་ཡིག་སྡེབ་དང་ཁ་སྐད་ཁ་མི་འབྲལ་ཐབས་ལ་འབད་དགོས་སྙམ།

 

                གོང་གསལ་ལྟར་ང་ཚོའི་སྐད་ཆའི་ཁྲོད་ངག་ཐོག་ཏུ་བརྗོད་པ་བཞིན་ཡིག་ཐོག་ལ་འབྲི་སྟངས་མེད་ཅིང༌། ཡིག་ཐོག་ཏུ་འབྲི་བ་བཞིན་ངག་ཐོག་ནས་བརྗོད་སྟངས་བླང་བའི་མིང་རྐྱང་དང་བྱ་ཚིག་དེ་རིགས་ལ་ཡིག་སྡེབ་དང་སྐད་ཆའི་གནས་སྐབས་ཁ་བྲལ་ཏེ་སོ་སོར་གྱུར་ཡོད་པ་དེ་བཟང་པོ་ཞིག་མིན། མིང་ཡིག་འདི་ཚོ་ང་ཚོའི་ཞིང་འབྲོག་གི་ཡུལ་ལུང་རེ་རེའམ་ཆོལ་ཁ་རེ་རེའི་ངག་ཐོག་གི་བརྗོད་སྟངས་ཁོ་ནའི་སྟེང་མ་དག་རྒྱུན་འབྱམས་ཀྱིས་གོམས་སྲོལ་དུ་ཆགས་པ་ཡིན་ཞིང༌། བོད་ཀྱི་དབང་དུ་བྱས་པའི་སྐད་རིགས་བཞིའི་ནང་གི་ཟུར་ཆག་ལ་གཏོགས་པ་ཡིན། ཟུར་ཆག་གི་སྐད་ནི་ང་ཚོས་བླང་དོར་གཉིས་ལས་དོར་བྱར་འཛིན་དགོས་ཏེ། གསེར་ཏོག་སྐྱེ་ཕྲེང་ལྔ་པ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་མཛད་པའི་སུམ་རྟགས་ཀྱི་མཆན་འགྲེལ་ངོ་མཚར་འཕྲུལ་གྱི་ལྡེ་མིག་ཏུ། ད་ནི་ཟུར་ཆག་ཅུང་ཟད་བཤད་ན། སྤྱན་རས་གཟིགས་ཀྱི་འདུལ་ཞིང་སྟོད་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག བྱང་ཧོར་ཡུལ་རྣམས་སུ་བརྗོད་བྱའི་ཡི་གེའི་ཚོགས་པ་ལ་མི་འདྲ་བ་མེད་ཀྱང༌། རྗོད་བྱེད་ཀྱི་ངག་ལ་མི་འདྲ་བའི་ཡ་མ་ཟུང་སྣ་ཚོགས་པ་ཡོད་དེ་ཞེས་པ་དང༌། ཡང་ཕྲག་དོག་ལ་ཕ་ར་དོག ཕྲ་རྒྱས་ལ་ཕ་ར་རྒྱས་ཞེས་པ་ཀློག་དག་ན། ཁྲོ་བ་ལ་ཁ་རོ་བ། དྲ་བ་ལ་ད་ར་བ་ཞེས་བརྗོད་དགོས་ཀྱང་དེ་ལྟར་མི་བརྗོད་པ་དེ་གང་ཡིན་ཞེས་གསུངས་པ་དང༌། མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གིས་མཛད་པའི་སུམ་རྟགས་ཀྱི་རྣམ་གཞག་རྒྱ་ཆེར་བཤད་པ་ཐོན་མིའི་ཞལ་ལུང་རྟགས་འཇུག་སྐབས་ཀྱི་རྗེས་འཇུག་རྣམས་དགོས་པ་ཅིའི་འཇུག་པའི་མཐའ་དཔྱོད་ལས། འདིར་ལེགས་སྦྱར་དང་ཟུར་ཆག་གི་སྐད་ཅེས་སོ་སོར་བསྟན་པའི་དགོས་པ་ནི་སྔ་མ་དོན་དུ་གཉེར་བྱ་དང༌། ཕྱི་མ་ནི་སྤོང་ཅི་ཐུབ་བྱེད་དགོས་ཏེ་ཞེས་པ་དང༌། ཡང༌། བླུན་པོའི་གྲོང་ཚིག་ཅེས་པ་མས་འཕུལ་དང་འས་འཕུལ་ནོར་བ་དང༌། ཡ་སྟ་དང་ར་སྟ་ནོར་བ་དང༌། ལུང་པ་ཁུག་ཀྱོག་སོ་སོའི་ཕལ་སྐད་འདྲེས་པ་སོགས་རྒྱ་ཆེར་གསུངས་པ་དེ་དག་ཤེས་དགོས་པ་ཤ་སྟག་ཡིན་པར་མ་ཟད། སློབ་དཔོན་ཐོན་མིའི་མཁྱེན་རབ་ཀྱི་རྣམ་པར་དཔྱོད་པས་གཏན་ལ་ཕབ་པའི་སུམ་རྟགས་ཀྱི་དགོངས་པ་དང་མཐུན་པའི་མིང་ཚིག་ཕྲ་ཞིང་ཞིབ་པ་རྣམས་དང༌། ཡི་གེ་སོ་སོའི་སྐྱེ་གནས་དང་མཐུན་པའི་གདངས་དག་པ་དར་སྤེལ་བྱེད་པའི་གོ་ཆ་བཙན་པོ་བགོ་བ་ལ་བརྩོན་པར་རིགས་སོ་ཞེས་དང༌། རྡོ་བྲག་རྒྱལ་ཁམས་པ་དགེ་ཆོས་ཀྱིས། སྐད་ཡིག་སོ་སོར་གྱེས་པས་བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ་མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས་ཞེས་སོགས་གསུངས་པ་ལྟར་ཡི་གེ་དང་མིང་ཚིག་གསོག་སྡེབ་ཀྱིས་འགྲུབ་པའི་ངག་བརྗོད་ཁ་སྐད་དང༌། དེ་མཚོན་བྱེད་ཀྱི་ཡི་གེའི་གཟུགས་རིས་གཉིས་སོ་སོར་གྱེས་མི་ཉན་པར་ངག་གིས་བརྗོད་པ་དེ་ལག་གིས་འབྲི་སྟངས་ཡོད་ལ། ལག་གིས་འབྲི་བ་དེ་ངག་གིས་བརྗོད་སྟངས་ཀྱང་ཡོད་པའི་སྐད་ཆ་དང་ཡིག་གཟུགས་གཅིག་གྱུར་ཞིག་ཡོང་ཐབས་ལ་ངག་གི་ཕྲེང་བའི་ཁ་སྐད་འགྲུབ་པར་མེད་དུ་མི་རུང་བའི་མིང་དང་ཚིག་གི་ཚེག་ཁྱིམ་རེ་རེ་ནས་མ་འཁྲུལ་བར་བརྗོད་དགོས་པ་ཡིན། ཁད་མཚར་ཞེས་པ་བརྗོད་པ་ལས་མི་འབྲི་བ་ནི་དོན་ངོ་མའི་ཁྱད་མཚར་ཞེས་པ་བརྗོད་སྟངས་ཇི་བཞིན་མ་ཐོན་པས་ཡིན་པ་མ་ཟད། འབྲི་བརྗོད་ཆ་མི་མཉམ་པའི་ཟུར་ཆག་ཏུ་གཏོགས་པ་ཁྱི་ལ་ཁི་དང༌། རྒྱལ་པོ་ལ་རྒལ་པོ་ལྟ་བུ་སྐད་ཆའི་ཁྲོད་བེད་སྤྱོད་ཇི་ཙམ་བྱས་པ་དེ་ཙམ་གྱིས་ཁ་སྐད་ཀྱི་དུམ་བུ་དེ་ལ་ལྷད་བརྒྱབ་པ་ཡིན། བླ་བྲང་ཞེས་པར་འབྲི་གླེང་གཉིས་ཀའི་སྲོལ་ཡོད་པ་ནི་དོན་དངོས་དང་མཐུན་པས་བརྗོད་སྟངས་འགྲིག་པ་ཡིན།

 

                ད་ནི་རྣམ་དབྱེ་གཉིས་པ་སོགས་སྟོན་ཕྱིར་ཕྲད་དང་ལྡན་པའི་རྣམ་དབྱེ་དང་ཕྲད་མེད་པའི་རྣམ་དབྱེ་ཕལ་ཆེར་ཅིག་ཆར་དུ་བསྟན་པའི་དཔེར་བརྗོད་ཅིག་རང་ཉིད་ཀྱིས་༸གོང་ས་མཆོག་ལ་ངག་ཕྱག་འབུལ་བའི་ཚུལ་དུ་དཔེར་ན།

 

ཞི་བསིལ་བཤུལ་རིང་གཅིག་པུར་ཕེབས་པ་འཛམ་བུ་མངོན་ལྡེམ་གླིང་གིས་སྒྲོག །མཐའ་ཀླས་འགྲོ་བར་ཐུབ་གསུང་འཆད་བཞིན་སྙོམས་གཟིགས་མིག་ལས་སྤྱན་ཆབ་ཤོར། །ཞི་བདེའི་བྱ་དགའ་ཕྱག་ཏུ་རབ་མཛེས་གངས་ཅན་མགོན་པོའི་སྒྱུ་འཕྲུལ་གར། །བོད་ཁམས་བསོད་ནམས་ཟོང་གིས་ཁུགས་པ་སྤྲོ་དགའི་སྙིང་པོར་སོམས་ཤིག་ཀྱེ།

 

                ཞེས་ཚིགས་བཅད་ཤོ་ལོ་ཀ་འདིའི་ཟུར་གསལ་དུ་༸གོང་ས་མཆོག་འཚེ་མེད་ཞི་བའི་ལམ་ལ་ཕེབས་པ་རྣམ་དབྱེ་གཉིས་པ་དང༌། འཛམ་བུ་གླིང་གིས་ྋགོང་ས་མཆོག་གི་མཚན་སྙན་སྒྲོགས་པ་རྣམ་དབྱེ་གསུམ་པ་དང༌། ྋགོང་ས་མཆོག་གིས་འགྲོ་བ་མཐའ་ཀླས་པའི་རྒྱུད་སྨིན་པའི་ཕྱིར་ཐུབ་པའི་གསུང་རབ་འཆད་པ་རྣམ་དབྱེ་བཞི་པ་དང༌། ྋགོང་ས་མཆོག་གསུང་ཆོས་སྐབས་མཚམས་རེར་ཀུན་མཁྱེན་ཉི་མའི་གཉེན་གྱི་གསང་བ་གསུམ་གྱི་མཁྱེན་ཡོན་དྲན་བཞིན་པའི་ཐོག་སྤྱན་ལས་སྤྱན་ཆབ་ཤོར་བ་རྣམ་དབྱེ་ལྔ་པ་དང༌། ཞི་བདེའི་བྱ་དགའམ་ཞི་བདེའི་རྟགས་མ་ཞེས་པ་ཨི་དང་ལྡན་པའི་རྣམ་དབྱེ་དྲུག་པ་དང༌། ཕྱི་ལོ་༡༩༨༩ ཟླ་༡༢ ཚེས་༡༠ ལ་ནུབ་གླིང་སྟོབས་ལྡན་རྒྱལ་ཁབ་ནོར་ཝེའི་རྒྱལ་ས་ཨོསེ་ལོ་ནས་ྋགོང་ས་མཆོག་འཛམ་གླིང་ཞི་བདེའི་དེད་དཔོན་དུ་གྱུར་པ་མཚོན་ཕྱིར་ཞི་བདེའི་རྟགས་མ་བསྩལ་པ་༸གོང་ས་མཆོག་གི་ཕྱག་ཏུ་འོད་ཆེམས་ཆེམས་སུ་འཛམ་གླིང་གི་གསར་འགྱུར་ཁྱབ་བསྒྲགས་གནང་བའི་རྒྱལ་ཁབ་སོ་སོའི་བརྙན་འཕྲིན་སྡེ་ཚན་ཁག་ལས་མཐོང་བ་རྣམ་དབྱེ་བདུན་པ་དང༌། འཕགས་པ་འཇིག་རྟེན་དབང་ཕྱུག་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དང་བོད་ཁམས་ཀྱི་བསོད་ནམས་ཟུང་དུ་སྦྲེལ་བ་ལས་དུས་མཐའ་འདིར་མིའི་སྲིད་པ་བཟུང་ནས་རྒྱལ་བ་བུ་རམ་ཤིང་བའི་མཛད་པ་བདག་གིར་བཞེས་པ་ང་ཚོ་ཐམས་ཅད་ཀྱིས་སྤྲོ་དགའི་སྙིང་པོར་སོམས་ཤིག་ཀྱེ་ཞེས་པ་རྣམ་དབྱེ་བརྒྱད་པའམ་འབོད་པ་གསལ་བྱེད་ཀྱི་སྒྲ་ཡིན་པ་སོགས་ཀློག་པ་ཙམ་གྱིས་རྟོགས་ཐུབ། བོད་ཀྱི་རྣམ་དབྱེ་དག་གིས་སྙན་རྩོམ་གཅིག་པུའི་ཁྲོད་མ་ཡིན་པར། ཕལ་སྐད། ཡིག་སྐད། ཆོས་སྐད་བཅས་ཀྱི་ཁྲོད་ཕོན་ཆེར་ཁྱབ་ཡོད། དེའི་ཕྱིར་བོད་ཀྱི་རྣམ་དབྱེའི་དཔེར་བརྗོད་དེ་ཡང་ཁ་སྐད་དམ་ཕལ་སྐད་གཅིག་པུས་འཇོག་མི་དགོས་པར་ཆོས་སྐད་དང་ཆོས་སྐད་མ་ཡིན་པའི་ཡིག་སྐད་སྙན་རྩོམ་སོགས་ཀྱི་རྣམ་པས་ཀྱང་འཇོག་སྟངས་ཡོད། དེང་སྐབས་བོད་ཀྱི་བརྡ་སྤྲོད་སྨྲ་བ་མང་ཤོས་ཀྱིས་གསར་དུ་བརྩམས་པའི་སུམ་རྟགས་དེབ་ཕྲེང་ཁག་ན་རྣམ་དབྱེའི་དཔེར་བརྗོད་བཞག་པར་ཕལ་སྐད་ཁྲོད་ཀྱི་ཚིག་དུམ་ཐུང་ཐུང་ཞིག་གི་རྣམ་པའི་སྟེང་འཇོག་རྐྱང་གིས་བྲོ་བ་སྣ་གཅིག་ལས་སྙན་ངག་ཏུ་གྱུར་པའི་ཚིགས་བཅད་རྐང་པ་རིང་ཐུང་མང་པོའི་རིགས་ཀྱིས་རྣམ་དབྱེའི་དཔེར་བརྗོད་ཆེད་དུ་བཞག་པ་ཕལ་ཆེར་མེད། དཔེར་ན། སྙན་ཚིག་རྩོམ་སྟངས་དེ་མེ་ལོང་མའི་ལུགས་ཀྱི་རྩོམ་སྟངས་གཅིག་པུ་མ་ཡིན་པར་རྒྱལ་ཁབ་གཞན་གྱི་སྔོན་ཐོན་རྩོམ་རིགས་ལས་གནད་ཡོད་རྩོམ་འབྲིའི་ཤེས་བྱ་གདམ་གསེས་དང༌། བོད་རང་གི་སྙན་ངག་མཁན་རྣམས་ཀྱིས་གསར་རྩོམ་སྣ་ཚོགས་པའི་སྲོལ་གཏོད་བྱས་ན་བོད་ཀྱི་སྙན་ངག་དེ་སྒོ་གང་ས་ནས་འཐུས་ཚང་ཞིག་ཏུ་འགྱུར་བ་ལྟར། རྣམ་དབྱེ་ཁག་གི་དཔེར་བརྗོད་ཀྱང་ཚིགས་བཅད་ལྷུག་སྤེལ་གསུམ་དང་ཞེ་ཕལ་ཆོས་གསུམ་གྱི་སྐད་ཀྱི་ཐོག་འཇོག་སྲོལ་གཏོད་ན་བོད་ཀྱི་བརྡ་སྤྲོད་རིག་པའི་གནས་བབས་དེ་ཡར་ཐོན་རང་བཞིན་ཅན་ཞིག་ཏུ་འགྱུར་བའི་ཆ་རྐྱེན་བྱེད་སྲིད།

 

                སྤྱིར་རྣམ་དབྱེ་ལས་ཕྲད་དང་ལྡན་པའི་རྣམ་དབྱེ་ཞིག་ཡིན་ཕྱིན་ཕྲད་དེ་ལ་ལས་འགན་ཞིག་མེད་མི་སྲིད། རྣམ་དབྱེ་འགྲུབ་རྐྱེན་དུ་གྱུར་པའི་ཕྲད་སོ་སོའི་ལས་འགན་ནི་རྣམ་པར་དབྱེ་བྱའི་ཆོས་གོང་འགབ་མ་འདྲེས་པར་རྣམ་པར་དབྱེ་རྒྱུ་དེ་རྣམ་དབྱེའི་རྐྱེན་ནམ་ཕྲད་དེའི་ལས་འགན་ཉག་ཅིག་ཡིན། འོན་ཀྱང༌། རྣམ་དབྱེ་གང་ཞིག་གི་དོན་དེ་གཏན་ཆགས་རང་བཞིན་ཅན་ཞིག་ཏུ་སྡོད་མིན་རྣམ་པར་དབྱེ་བྱའི་ཆོས་སྔ་ཕྱི་གཉིས་ལ་རྣམ་པར་དབྱེ་བྱེད་ཀྱི་ཕྲད་ལྡན་པ་ཙམ་གྱིས་མི་ཆོག་པར་རྣམ་པར་དབྱེ་བྱའི་ཆོས་སྔ་མར་ཚིག་གྲོགས་ཡོད་མེད་ལ་རག་ལས་པའང་ཡོད་དེ། དཔེར་ན། ལམ་གཅིག་པུར་ཕེབས་ཞེས་པ་རྣམ་དབྱེ་གཉིས་པར་འགྲོ་དོན་རྣམ་པར་དབྱེ་བྱའི་ཆོས་གཅིག་ཅེས་པའི་ཚིག་གྲོགས་སུ་ལམ་ཞེས་པ་ཡོད་པས་ཡིན། གལ་སྲིད་གཅིག་གི་ཚིག་གྲོགས་སྔ་མ་ལམ་ཞེས་པ་བླངས་ཚེ། གཅིག་པུར་ཕེབས་ཞེས་པ་བྱ་བྱེད་ཐ་མི་དད་པའི་ལའི་དོན་ཅན་དེ་ཉིད་ལ་གྱུར་ནས་སྔ་མའི་རྣམ་དབྱེ་གཉིས་པ་ལ་འགྱུར་བ་ཕྱིན་ཚར་བ་ཡིན། རྒྱུ་མཚན་འདིས་རྣམ་པར་དབྱེ་བྱའི་ཆོས་ཕན་ཚུན་ལ་རྣམ་པར་དབྱེ་བྱེད་ཀྱི་ཕྲད་ལྡན་པ་ཙམ་གྱིས་རྣམ་དབྱེ་གང་ཞིག་གི་དོན་དེ་འགྱུར་མེད་གཏན་ཆགས་ཤིག་ལ་ཐག་གཅོད་དཀའ་བ་ར་འཕྲོད། ཡང་ཕྲད་དང་ལྡན་པའི་རྣམ་དབྱེ་ཡིན་ན་རྣམ་པར་དབྱེ་བྱའི་ཆོས་གཉིས་དངོས་སུ་ཐོན་པའམ་རྣམ་པར་དབྱེ་བྱའི་ཆོས་གཉིས་ཡོད་དགོས་ཏེ། དེ་མེད་ན་ཕྲད་བཞག་པའི་དགོས་པ་བརླག་འགྲོ་བའི་ཕྱིར་རོ།།

 

                གཉིས་པ། བོད་ཀྱི་རྣམ་དབྱེའི་གྲངས་ནི། ཡོངས་གྲགས་རྒྱུགས་ཆེ་བའི་བཤད་སྲོལ་ནང་བོད་ཀྱི་རྣམ་དབྱེའི་གྲངས་ལ་བརྒྱད་ཡོད་པ་སློབ་དཔོན་ཐོན་མིའི་ཐུགས་དགོངས་གཏིང་ཐུག་པ་ཡིན་ཚུལ་ལ་སྔོན་དང་ད་ལྟའི་བརྡ་སྤྲོད་འགྲེལ་སྨྲ་མཁན་དག་གིས་སྨྲས་དང་སྨྲ་བཞིན་པའི་སུམ་རྟགས་ཀྱི་གླེང་སློང་ནང་རླབས་ལྟར་འཕྱུར་ཞིང་མེ་ལྟར་མཆེད་བཞིན་ཡོད། བོད་ཀྱི་བརྡ་སྤྲོད་དེབ་ཕྲེང་ཁག་ལས་རྩ་འགངས་གྲགས་སྙན་གྱི་གཟི་བརྗིད་འཆང་བའི་པྲ་སི་གཉིས་ཀྱིས་གཙོས་བརྡ་སྤྲོད་གཞུང་འགྲེལ་རྣམས་སུ་བོད་ལ་རྣམ་དབྱེ་བརྒྱད་ཡོད་པའི་བཞེད་ཕྱོགས་ཀྱི་རྒྱབ་རྟེན་དེ་ཐོན་མིའི་རྩ་ཚིག་གང་ལ་ཁུངས་གཏུགས་པ་ནི། སུམ་ཅུ་པའི་སྐབས་ལ་དོན་གྱི་གྲལ་དུ་ལས་དང་ཆེད་དང་རྟེན་གནས་གསུམ་དང༌། ཨི་ལྡན་གྱི་ས་ཡོད་མེད་དང༌། འབྱུང་ཁུངས་ཀྱི་རྣམ་དབྱེ། འབོད་སྒྲ་རྣམས་དངོས་བསྟན་དུ་བྱུང་ཡོད་པར་གཞི་བཅོལ་ནས་རྣམ་དབྱེ་བརྒྱད་དུ་ཐག་གཅོད་ཀྱིན་ཡོད། ང་རང་གི་ལྟ་རྒྱ་ཆུང་མིན་ལ་མ་ལྟོས་པར་རྣམ་དབྱེའི་གྲངས་ཀྱི་སྐོར་ལ་བསམ་བློའི་ཁྱེར་སོ་ལོགས་ཤིག་སྨྲ་འདོད་བྱུང༌། གང་ཡིན་ཞེ་ན། ང་ཚོའི་སྤྱི་ཚོགས་ཐོག་བརྡ་སྤྲོད་འགྲེལ་སྨྲ་བ་རྣམས་ཀྱིས་ཐོན་མིའི་རྩ་ཚིག་ནང་ལ་དོན་སྐོར། ལས་དང་ཆེད་དང་རྟེན་གནས་དང༌། །དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན། །ཞེས་ལ་དོན་འཇུག་ཡུལ་དོན་ལྔ་དངོས་བསྟན་དུ་ཡོད་པ་ལས་དེ་ཉིད་དང་ཚེ་སྐབས་གཉིས་བོད་ཀྱི་རྣམ་དབྱེའི་རྐང་གྲངས་སུ་མ་བགྲངས་པར་འགྲེལ་བརྒྱབ་ཡོད། ངའི་བལྟ་ངོར། ཕྲད་མེད་པའི་རྣམ་དབྱེ་མིང་རྐྱང་དང་བྱ་བྱེད་ལས་གསུམ་སྐུལ་ཚིག་དང་བཅས་པ་ཁོངས་སུ་འདུ་བའི་རྣམ་དབྱེ་དང་པོར་བརྩི་བ་དེ་དང༌། བརྒྱད་པར་བརྩི་བའི་འབོད་པའི་རྣམ་དབྱེ་གཉིས་བོད་ཀྱི་རྣམ་དབྱེའི་རྐང་གྲངས་གྲལ་ལ་འཇོག་འཐུས་ན། རྣམ་པར་དབྱེ་བྱའི་ཆོས་ལ་རྣམ་པར་དབྱེ་བྱེད་ཀྱི་ཕྲད་དམ་རྐྱེན་དང་ལྡན་པའི་ཚེ་སྐབས་དང་དེ་ཉིད་གཉིས་དེ་ལས་ཀྱང་འཇོག་འོས་སྙམ། དེ་ཉིད་དང་ཚེ་སྐབས་གཉིས་ལ་ཕྲད་དང་ལྡན་པའི་རྣམ་དབྱེ་གཉིས་པ་སོགས་དང་འདྲ་བར་རྣམ་དབྱེ་ཞིག་གི་ཆ་ལག་ལྷུ་ཚང་གིས་འགྲིག་ཡོད། སྐབས་འདིར་དྲི་བ་ཞིག་ངོ་འཛུམ་དང་བཅས་སླེབས་པ་ནི། དེས་ན་ཁྱེད་རང་གིས་རྣམ་དབྱེ་བརྒྱད་ཀྱི་ཐོག་དེ་ཉིད་དང་ཚེ་སྐབས་གཉིས་བསྣན་ནས་རྣམ་དབྱེ་གྲངས་བཅུར་བསྒྱུར་བ་དེ་སློབ་དཔོན་ཐོན་མིའི་དགོངས་པའི་ཡང་ཏིག་ཏུ་སྨྲ་རྒྱུ་ཡིན་ནམ་ཞེས་བརྗོད་བྱུང་ན། སྐྱོན་མེད་དེ་སློབ་དཔོན་ཐོན་མིས་རྣམ་དབྱེ་བརྒྱད་དང་བཅས་འདོད་མིན་གང་ལྟར་ཡང་ལ་དོན་འཇུག་ཡུལ་ལྔ་བསྟན་པ་དེས་ལ་དོན་གྱི་རྣམ་དབྱེ་ལྔ་བསྟན་པ་ཡིན། དེ་མིན་ན་ལ་དོན་དང་རྣམ་དབྱེ་གཉིས་ཀར་མུ་བཞི་འཇོག་དགོས་པར་འགྱུར། དེ་ཉིད་དང་ཚེ་སྐབས་རྣམ་དབྱེ་ཡིན་ཏེ། དེ་ཉིད་ལྟ་བུ་སྤྱིར་བཏང་བྱ་བྱེད་ཐ་མི་དད་ཡིན་ཡང་སྐབས་འདིའི་བྱ་བྱེད་དམ་རྣམ་པར་དབྱེ་བྱའི་ཆོས་གཉིས་རྣམ་པར་དབྱེ་དོན་ནི། དཔེར་ན། ཆོས་སྐྱབས་སུ་ངེས་ལྟ་བུའི་སྟེང་ནས་བཤད་ན་སུ་སྒྲས་ཆོས་སྐྱབས་ཡིན་པར་ངེས་པ་དང༌། སུ་སྒྲ་མེད་ན་ཆོས་ཀྱི་སྐྱབས་གང་ཡིན་པ་ངེས་པ་ལྟ་བུའི་ཁྱད་ཡོད། དེ་མཚུངས་ཚེ་སྐབས་ལའང་རྣམ་པར་དབྱེ་བྱེད་ཀྱི་ཕྲད་དང་རྣམ་པར་དབྱེ་སྟངས་ངེས་པར་ཡོད་དགོས་ཏེ། དེ་མིན་ན་ཚེ་སྐབས་ཀྱི་རྣམ་དབྱེའི་དོན་ཕྱིན་ཅི་ལོག་ཏུ་འགྱུར་འགྲོ་བ། དཔེར་ན། སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག ཐོ་རངས་ལ་མི་སློབ་ལམ་མངོན་དུ་བྱས་ཞེས་པར་རིམ་བཞིན་ལ་དོན་མེད་པ་ཡིན་ན་མི་སློབ་ལམ་མངོན་དུ་བྱེད་མཁན་སོགས་སྲོད་དང་ཐོ་རངས་སོགས་ལ་གོ་དགོས་པ་ལྟ་བུའི་སྐབས་དོན་གཞན་དུ་གྱུར་པའི་འགྱུར་བ་ཁྱད་མཚར་པོ་རེ་སླེབས་པའི་ཕྱིར་རོ།

 

                འོ་ན། ཁྱེད་རང་གིས་བཤད་བཤད་པའི་མཇུག་ཏུ་རྣམ་དབྱེའི་གོ་དོན་ཅི་འདྲ་ཞིག་ཏུ་འདོད་དམ་ཞེས་དྲི་ན། ངས། རྣམ་པར་དབྱེ་བྱའི་མིང་ཚིག་དང་བྱ་བྱེད་སོགས་ལ་རྣམ་པར་དབྱེ་བྱེད་ཀྱི་རྐྱེན་སྦྱར་ནས་རྣམ་པར་དབྱེ་བའམ། ཡང་ན་ཆོས་རང་ཉིད་ངག་ནས་བུད་ཙམ་ནས་ཆོས་གཞན་དང་མ་འདྲེས་པར་རྣམ་པར་དབྱེ་བ་ཅི་རིགས་ཤིག་ཏུ་འདོད་པ་ཡིན་ཞེས་སྨྲ། སྤྱིར་སྐྱེ་བོ་སུ་ཞིག་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་སྤྱི་ལ་གོ་རྟོགས་འབྱུང་ཕྱིར་ཐོས་བསམ་སྦྱངས་བརྩོན་གྱི་འགྲོས་རིམ་ལ་ཞུགས་པ་དང༌། སྦྱངས་བརྩོན་གྲུབ་པའི་གཞུག་ཏུ་རང་གི་འགན་ཁྲིའི་སྟེང་རིག་གཞུང་འཆད་སྤེལ་དང་ངོ་སྤྲོད་སོགས་ཀྱི་ལས་རིམ་ནང་འཐེན་འཁྱེར་གྱི་ལྷད་བསྲེ་མི་ཉན། ངས་འདིར་ལྷད་བསྲེ་མི་ཉན་ཞེས་བརྗོད་པ་འདི། དཔེར་ན། ང་ཚོ་ཨ་མདོ་བ་ཡིན་པས་པྲ་ཏིའི་རྗེས་སུ་འབྲང་དགོས་ཞེས་པ་དང༌། ཁོང་ཚོ་དབུས་གཙང་ཡིན་པས་སི་ཏུའི་རྗེས་འབྲང་ཡིན་ཞེས་པ་ལྟ་བུའི་འཆལ་གཏམ་ཉོག་པོས་མཚོན། མདོར་ན། མཁས་པར་བརྩི་བ་གང་ཞིག་རང་གི་གཉེན་ཉེ་དང་མི་རབས་སྔ་གཞུག་ཅི་རིགས་ཀྱི་སྒེར་འབྲེལ་རྒྱུ་མཚན་དུ་བྱས་ནས་དེས་གསུངས་ཚད་ལ་ཞིབ་འཇུག་དང་འབྲེལ་བའི་དཔྱད་གཞིགས་མི་བགྱིད་པར། རང་གི་སྒེར་འབྲེལ་དེ་རིག་གཞུང་སྤྱིའི་བླ་སྲོག་ཐོག་ཁྱེར་ནས་ཕྱོགས་འཐེན་ཨུ་ཚུགས་ཀྱི་མུར་ལོང་བས་གླང་མཇུག་བགྱི་མི་ཉན་པ་དེ་ཡིན། གཞི་རྩ་སི་པྲ་གང་ཞིག་གི་རྗེས་སུ་འབྲང་མིན་དེ་བསམ་གཞིགས་པ་རང་ཉིད་ལ་མངའ་བའི་སྐྱེས་སྦྱངས་ཀྱི་བརྒལ་བརྟག་ཟུང་འབྲེལ་ཐོག་དཔྱད་བསྡུར་གྱིས་ནུས་པ་གང་ཡོད་འདོན་ཐབས་བྱ་རྒྱུ་དེ་ལག་ལེན་རྨད་དུ་བྱུང་བ་ཞིག་ཡིན་སྙམ་མོ།

 

                ལྔ་རིག་རི་བོའི་བོངས་ཚོད་ལ། །བློ་རིག་དཔྱོད་པས་མ་འཇུག་ན། །སྔོན་ཐོན་སྙེག་རྗེས་མ་ཟིན་པའི། །རྗེས་ལུས་མདུད་པ་ག་ལ་ཞིག

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.