དགེ་རྒན་སོ་རུ་དར་རྒྱས།

 

༄༅།། ས་སྒང་རིལ་བུ་འདིའི་སྟེང་དུ་འཚོ་བའི་མི་རིགས་སུ་ཞིག་ཡིན་ནའང་ཡུལ་སྐད་གཞི་ལ་བཞག་སྟེ། བརྡ་སྤྲོད་གཞུང་ལུགས་སུ་བཅོས་པས་སོ་སོའི་ངོ་བོ་མཚོན་ནུས་པའི་བརྡ་སྤྲོད་རིག་པའི་གཞུང་ལུགས་ནི་མི་རིགས་དེའི་ཡུལ་སྐད་དང་རྒྱང་རིང་དུ་མ་སོང་བར་ཧ་ཅང་ཉེ་བའི་ཚུལ་དུ་ཡོད། དེ་མཚུངས་འུ་ཅག་བོད་ལའང་རྣམ་དབྱེ་དང་ཚིག་ཕྲད་ཇི་ལྟར་སྦྱོར་ཚུལ་གྱི་ཐབས་བསྟན་པའི་སུམ་ཅུ་པ་དང་། བྱ་ཚིག་སྣ་ཚོགས་པའི་རྣམ་གཞག་གསལ་བར་བྱེད་པའི་རྟགས་འཇུག དེ་གཉིས་ཀྱིས་བོད་སྤྱིའི་སྐད་ཡིག་གི་བརྗོད་པ་མཐའ་དག་ལ་ཁྱབ་མེད་པའི་མིང་གི་ཚོགས་མཐའ་ཡས་པ་ལ་མི་རྨོངས་པར་བྱེད་པའི་དག་ཡིག་གི་གཞུང་བཅས་སུམ་རྟགས་དག་གསུམ་གྱི་གཞུང་ལུགས་རང་རྐྱ་འཕེར་བ་ཞིག་ཡོད། དེ་དག་གི་རྣམ་གཞག་ལས་སླ་བོས་མི་ཤེས་པས་སྲོལ་རྒྱུན་རིག་གནས་ཞེས་དུས་རབས་ཀྱི་རྗེས་སུ་ལུས་པའི་གནའ་བོའི་རིག་གཞུང་ཞིག་ལ་འགྲེལ་བརྗོད་བྱེད་མཁན་འཕེལ་བཞིན་པ་ཕལ་མོ་ཆེ་རང་ཉིད་ཀྱིས་མ་རྟོགས་པས་ཡིན་ན་ཡང་། བརྡ་སྤྲོད་པའི་རྣམ་གཞག་དང་འགལ་བའི་རྣམ་དབྱེ་དང་ཕྲད་ཀྱི་སྦྱོར་ཚུལ་སྣ་ཚོགས་དོར་བའི་ཡུལ་སྐད་ཕལ་བ་སྟེ་ཡུལ་ལུང་སོ་སོའི་སྐད་ཀྱི་བྲིས་རྒྱུན་སྤེལ་བཞིན་པ་འདིས་བོད་ཀྱི་བརྡ་སྤྲོད་པའི་རིག་གཞུང་གིས་སྐད་ཀྱི་ཚབ་བྱེད་མི་ཐུབ་པའི་རྨང་གཞི་འདིང་བཞིན་ཡོད། དེའི་ཕྱིར་བརྡ་སྤྲོད་རིག་གནས་ཀྱི་རྣམ་གཞག་རྟོགས་པ་དག་གིས་གཞུང་མང་སུ་ལ་འཁེལ་ཡང་འབེན་ལ་ཕོག་པའི་མདའ་ཞིག་གཏན་ཚིགས་དང་ལྡན་པའི་སྒོ་ནས་འཕེན་ནུས་ན་བོད་ཀྱི་མེས་པོའི་ཞབས་ཕྱི་རུ་ངོམ་ཆོག


དེར་བརྟེན་བརྡ་སྤྲོད་རིག་པའི་གཞུང་ལུགས་ལ་ལོ་མང་རིང་དཀའ་བརྩོན་གྱིས་ཁྲིད་སྤེལ་དང་སློབ་གཉེར་གནང་བཞིན་པ་རྣམས་ཀྱིས། ཡིག་ངོར་འཁོད་བསྡད་པ་དེའི་འགྲེལ་བཤད་དང་དེ་བློ་ལ་ངེས་པ་ཙམ་མ་ཡིན་པར་བརྡ་སྤྲོད་རིག་པའི་གཞུང་ལུགས་དང་བརྡ་སྤྲོད་བར་གྱི་སྟོང་ཆ་ངོས་ཟིན་པའི་ཐོག་ནས་དེ་སངས་ཐབས་ལ་འབད་པ་བྱེད་རྒྱུ་ནི་མི་རིགས་ཤིག་གི་སྲོག་རྩར་སོང་གཤིས་རླབས་ཆེན་གྱི་བྱ་བ་ཞིག་ཏུ་ངོས་འཛིན་ཞུ་ཆོག་པར་མ་ཟད་རང་ཉིད་དོན་དངོས་ཀྱི་བརྡ་སྤྲོད་སྨྲ་བར་ཆགས་པ་རེད། དེ་མིན་སྔ་མོའི་བརྡ་སྤྲོད་གཞུང་ལུགས་ཀྱི་འགྲེལ་པ་རྣམས་བསྐྱར་བཤད་བྱེད་ཐུབ་མཁན་ཞིག་དང་དེ་ཤེས་པ་ཙམ་ལ་བརྡ་སྤྲོད་སྨྲ་བ་བརྗོད་པ་ནི། སྙན་ངག་གཞུང་འགྲེལ་ཁྲིད་མཁན་ཞིག་ལ་སྙན་ངག་པ་ཞེས་དོན་དངོས་ཀྱི་འཇུག་ཡུལ་དང་འགལ་བར་སྨྲས་པ་ཞིག་ལས་མེད།


དེའི་ཕྱིར་མི་རིགས་རིག་གཞུང་དང་བཅས་པ་གཙིགས་ཆེར་འཛིན་པའི་དཔྱོད་ལྡན་སྐྱེ་བོ་འགའ་རེས་འདིའི་སྐོར་ལ་མནོ་བསམ་བཞེས་ན་སྨན་པའི་ཆ་ཤས་སུ་རེ་ནས་ཕྲན་གྱིས་མཛུབ་མོས་རི་སྟོན་གྱི་ཚུལ་དུ། <<བརྡ་སྤྲོད་གཞུང་ལུགས་དང་བརྡ་སྤྲོད་བར་གྱི་སྟོང་ཆ་གླེང་བ།>> ཞེས་པའི་དོགས་དཔྱོད་ཅིག་བསླངས་པ་ལ། དང་པོ་བརྡ་སྤྲོད་གཞུང་ལུགས་དང་བརྡ་སྤྲོད་ཅེས་པའི་ངོ་བོ་དང་བྱེད་ལས་བཤད་པ། གཉིས་པ་བརྡ་སྤྲོད་གཞུང་ལུགས་དང་བརྡ་སྤྲོད་བར་གྱི་སྟོང་ཆ་དངོས་གླེང་བ། གསུམ་པ་དོན་སྙིང་བསྡུས་པའི་མཇུག་གཏམ་བཤད་པ་བཅས་གསུམ་ལས།


དང་པོ། བརྡ་སྤྲོད་གཞུང་ལུགས་དང་བརྡ་སྤྲོད་ཅེས་པའི་ངོ་བོ་དང་བྱེད་ལས་བཤད་པ་ནི།


ཀ༽ བོད་ཀྱི་བརྡ་སྤྲོད་པའི་ཕྱི་མོ་ནི་སུམ་རྟགས་གཉིས་ཀྱི་སྐབས་བབ་བསྟན་བྱར་གྱུར་པ་སུམ་ཅུ་པ་ཡིན་ན། རྣམ་དབྱེ་དང་ཚིག་ཕྲད་སོགས་ཀྱི་དབྱེ་བ་མ་འཛིང་ཞིང་། དེ་དག་གི་འཇུག་དོན་རྣམས་སོ་སོར་བསྟར་ཆགས་སུ་བཀྲལ་ཏེ་མིང་ཚིག་བརྗོད་པ་གསུམ་གྲུབ་ཚུལ་གྱི་རྣམ་གཞག་གསལ་བར་བཤད་པ་ལ་བརྡ་སྤྲོད་གཞུང་ལུགས་སུ་གྲགས།


ཁ༽ དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་དང་། དོན་གྱི་ཁྱད་པར་སྟོན་པའི་ཚིག དེ་གཉིས་སྦྱོར་བར་བྱེད་པའི་རྣམ་དབྱེ་དང་ཕྲད་སོགས་མང་པོ་ཞིག་ཚོགས་སྟོབས་ཀྱི་སྐད་ཆ་ལ་བརྟེན་ནས་རང་གི་བསམ་བློར་འཆར་བའི་བརྗོད་པར་འདོད་པའི་དོན་དེ་ཕ་རོལ་པོས་གོ་བར་བྱེད་པ་ལ་བརྡ་སྤྲོད་ཟེར།


ཡང་བོད་ཀྱི་བརྡ་སྤྲོད་རིག་པར་སྒྲ་རིག་ཞེས་འབོད་པ་ནི། བོད་ཀྱི་དབྱངས་གསལ་ཕལ་མོ་ཆེའི་རྨང་གཞིའི་བརྟེན་ཁུངས་རྒྱ་གར་ཡིན་པས་མིན་པར་སྐད་ཡིག་ཡོད་ཚད་ལ་སྒྲ་རིག་པ་ཡོད་པ་དེ་ཐམས་ཅད་འདིར་འདུ་བས་ཐུན་མོང་པའི་བརྡ་ཆད་ཙམ་དུ་ཟད་སྟབས་ཐུན་མོང་པའི་རིག་གནས་ཀྱང་དེའི་ཕྱིར་བརྗོད་པ་ཡིན། དེས་ན་སྒྲ་རིག་པ་དང་བརྡ་སྤྲོད་རིག་པ་ནི་དོན་གཅིག་མིང་གི་རྣམ་གྲངས་སུ་གོ་དགོས། སྐབས་འདིའི་སྒྲ་ཞེས་པ་ནི་སྐད་ཀྱི་གདངས་ལ་ཟེར། དེ་ལྟར་ན་སྐད་གདངས་ལས་སྐྱེས་པའི་ཡི་གེ་ཚོགས་པའི་སྒྲ་ལས་ཆོས་གང་གི་བརྡ་དང་ཐ་སྙད་གསལ་བོར་ངོ་སྤྲོད་པར་བྱེད་པའི་རིག་པའི་རྣམ་གཞག་ལ་བརྡ་སྤྲོད་རིག་པ་དང་སྒྲ་རིག་པ་བརྗོད་པའི་གནད་དེ་རྟོགས་པར་གྱིས།


ག༽ སེམས་ཡོད་མེད་ལ་ལྟོས་པ་མེད་པར་གཟུགས་སུ་གྲུབ་པའི་བྱ་དངོས་གང་ཞིག་རྟོགས་པར་བྱེད་པའི་གོ་རིམ་ནི། ཐོག་མར་ཆོས་དེའི་བརྡ་ཆད་ཤེས་པར་བྱས་ནས་ཁྱད་ཆོས་རྣམས་ངོས་འཛིན་ཐུབ་རྗེས་ཁྱད་གཞི་དང་ཁྱད་ཆོས་སྦྱོར་ཚུལ་ངེས་དགོས། དེ་ཡང་རང་དགར་བསམ་ཚོད་ཙམ་གྱིས་སྦྱར་ཚེ་རེ་འདོད་བཞིན་བརྡ་འཕྲོད་པའི་གེགས་སུ་འགྱུར་བས། སྦྱོར་བྱེད་ཚིག་འགྲུབ་པར་བྱེད་པའི་རྣམ་དབྱེ་དང་ཕྲད་ཀྱི་རིགས་སྐབས་ཐོབ་ཀྱི་སྦྱར་ནས་བརྗོད་པ་རིམ་གྱིས་འགྲུབ་པ་ནི་བརྡ་སྤྲོད་པའི་བྱེད་ལས་སམ་ཁྱད་ཆོས་ཡིན།


གཉིས་པ། བརྡ་སྤྲོད་གཞུང་ལུགས་དང་བརྡ་སྤྲོད་བར་གྱི་སྟོང་ཆ་དངོས་གླེང་བ།


ཀ༽ བརྡ་སྤྲོད་གཞུང་ལུགས་ལས་ཚིག་གི་སྦྱོར་ཚུལ་མཐའ་དག་པ་འདིར་བརྗོད་ན་ཡིག་ཚོགས་དང་གཞི་རྒྱ་ཆེ་བ་ཞིག་ཏུ་འགྱུར་བས་དགོས་གལ་དང་རྒྱུན་སྤྱོད་ཆེ་བའི་མིང་མཐའ་སྦྱོར་ཚུལ་སྐོར་རགས་ཙམ་གླེང་ན།
སྤྱིར་བརྡ་སྤྲོད་གཞུང་ལུགས་ཐོག་མར་གཏན་ལ་འབེབས་སྐབས་ཡུལ་དབུས་བྱིངས་ཀྱི་སྐད་གཙོར་བཟུང་བགྱིས་ནས་བཀས་བཅད་པས་ཡུལ་སྐད་དང་བསྟུན་དགོས་པ་དང་ཡི་གེས་སྐད་ལ་ཞབས་འདེགས་ཞུ་དགོས་ཀྱང་། གནས་ཚུལ་དངོས་ལ་གཞིགས་ནས་བྱེད་ཕྱོགས་དང་ཐབས་ལམ་གཏན་འབེབས་མེད་པར་རང་ཤེད་རང་ལུགས་བཟུང་སྟེ་འདི་ལྟར་བྱེད་དགོས་ཞེས་ཐག་གཅོད་པ་ནི་བརྡ་སྤྲོད་གཞུང་ལུགས་དང་འགལ་བའི་བླ་བརྡོལ་གྱི་གཏམ་དུ་རྟོགས་དགོས།


གོང་དུ་བརྗོད་པ་ལྟར་བོད་ཀྱི་བརྡ་སྤྲོད་པའི་གཞི་མ་ནི་སུམ་རྟགས་གཉིས་ཡིན་ཞིང་དེའི་ཟབ་ཁྱད་ཀྱི་རང་བཞིན་ལྡན་པའི་ཡི་གེ་ཞིག་སྔ་མོའི་དུས་བོད་ཡུལ་སྟོད་སྨད་བར་གསུམ་གྱི་མི་སུས་མཐོང་ཚེ་ཀློག་འདོན་ཙམ་མ་ཟད་དོན་ཡང་གསལ་བོར་ཤེས་ཐུབ། འོན་ཀྱང་དེང་གི་དུས་དེ་ལྟར་མིན་པར་ཀློག་ཐུབ་ཙམ་བྱུང་ཡང་དོན་རྟོགས་མི་ཐུབ་པ་ནི། བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་ཅན་དང་དེ་སྦྱོང་མཁན་ཉུང་བས་ཡུལ་སྐད་གཙོར་བཟུང་གིས་བྲིས་པས་ལན་པ་ལས་བོད་མིའི་སྐད་གདངས་སྤྱི་དང་མཐུན་པར་བཟོས་པའི་ཐོག་མའི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱི་ཞན་ཆ་ཞིག་ཏུ་ངོས་འཛིན་རྒྱུ་མེད་པར་ང་ཚོ་བེད་སྤྱོད་བྱེད་པོ་དག་གིས་རྣམ་དཔྱོད་ཀྱི་རྩལ་འདོན་མ་ཐུབ་པའི་སྐྱོན་ཡིན། བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ནི་མི་རིགས་གཞན་གྱི་བརྡ་སྤྲོད་རིག་གཞུང་དང་མི་འདྲ་བར་ཚིག་ཚོགས་ལ་བསྐྱང་སྐུམ་གང་ཞིག་བྱེད་དགོས་ཀྱང་དོན་ལ་འགལ་འཁྲུལ་ཅི་ཡང་མེད་པར་བྱེད་དུ་ཡོད་པ་དང་། བྱ་དངོས་གསར་པ་རེ་ཐོན་མཚམས་རང་གི་རིག་རྩལ་གྱིས་དེར་བརྡ་ཆད་ཅིག་བཏགས་ཀྱང་དེ་གྲུབ་བྱེད་ཀྱི་རྒྱུ་གསར་འཚོལ་བྱེད་མི་དགོས་པར་འགྲུབ་རུང་དུ་ཡོད་པ་སོགས་ཟབ་བརླིང་གི་རང་བཞིན་ཅན་ཞིག་ཡིན་པ་དོན་དངོས་ཀྱི་ལག་ལེན་དང་གཞུང་ལུགས་ཀྱི་གྲུབ་ཆ་ལས་ར་སྤྲོད་བྱེད།
སློབ་དཔོན་ཐོན་མི་སམ་བྷོ་ཊས་སུམ་ཅུ་པར། སླར་བསྡུ། རྣམ་དབྱེ། རྒྱན་སྡུད། ལྷག་བཅས། འབྱེད་སྡུད་སོགས་མིང་མཐའ་དང་སྦྱོར་ཚུལ་དངོས་བསྟན་གྱི་ཚུལ་དུ་གསུངས་པས་སུམ་རྟགས་གང་འཚམ་ཤེས་པ་ཞིག་ཡིན་ཕྱིན་དེ་དག་གི་སྒྲ་སྦྱོར་ལ་མགོ་བོ་འཁོར་དགོས་མེད། འོན་ཀྱང་བདག་སྒྲ་དང་དགག་སྒྲའི་ཕྲད་ངོས་འཛིན་ནམ་སྦྱོར་ཚུལ་སོགས་མཐའ་ཆོད་པ་ཞིག་དངོས་བསྟན་དུ་མ་གསུངས་པས། བོད་ཀྱི་བརྡ་སྤྲོད་གཞུང་ལུགས་སྐད་ལ་གཞི་བཅོལ་ནས་གཏན་ལ་ཕབ་པ་ལས་བརྡ་སྤྲོད་གཞུང་ལུགས་ལ་བརྟེན་ནས་སྐད་གཏན་ལ་ཕབ་པ་མིན་ཞེས། རང་སྐད་ཕལ་བ་རྣམས་གཙིགས་འཛིན་གྱིས་བརྡ་སྤྲོད་གཞུང་ལུགས་ལ་རྨ་འབྱིན་བཞིན་པ་འདིར་གང་ཐུབ་ཀྱིས་གསེད་བཀྲོལ་རེ་མ་བྱས་ན་བརྡ་སྤྲོད་རིག་གནས་རྒྱུན་འཛིན་བྱས་པའི་མེས་པོ་རྣམས་ལ་ཁྲེལ་མེད་བགྱིས་པ་ཞིག་ལས་མེད། དེའི་ཕྱིར་བདག་དགག་གི་ཕྲད་ངོས་འཛིན་དང་དེ་སྦྱོར་ཚུལ་གྱི་རིག་འགྲོས་ཙམ་ལ་དཔྱད་ཞིབ་བགྱིས་པ་ཆེས་མང་བར་བརྟེན་འདིར་དེ་སྐོར་བསྐྱར་བརྗོད་ཀྱི་ངལ་བ་མ་བྱས་པར་མིང་མཐའི་པ་བའི་སྦྱོར་ཚུལ་དང་བྱ་ཚིག་མིང་དུ་གྱུར་པའི་སྐབས་ཇི་ལྟར་སྦྱོར་བའི་སྐོར་བཅས་སྔ་རབས་བརྡ་སྤྲོད་གཞུང་ལུགས་རྣམས་ལ་ཁུངས་བཅོལ་གྱིས་ཅུང་ཙམ་རེ་སྤྲོས་ན།


དེ་ཡང་སྔ་རབས་སུ་བྱུང་བའི་དག་ཡིག་རྣམས་གཅིག་མཐུན་གྱིས། མིང་མཐའི་པ་བའི་ཁྱད་པར་ནི། །ག་ད་ན་བ་མ་ས་དང་། །ད་དྲག་ཅན་མཐར་པ་འཐོབ་ཅིང་། །ང་འ་ར་ལ་མཐའ་མེད་མཐའི། །བ་ཕྱེད་ལྭར་འབོད་རྣམས་ལ་བ། །གཞན་ལ་པ་ཉིད་སྦྱར་ཏེ་བཀླགས། །ཞེས་གསུངས་ནས། རྟག་པ། བཤད་པ། ཕན་པ། བཀབ་པ། བསམ་པ། བྱས་པ། གྱུརད་པ་དང་། བཀང་བ། དགའ་བ། འབྱོར་བ། གསལ་བ། བདེ་བ་ལྟ་བུ། གཞན་ལ་པ་ཉིད་སྦྱར་བ་ནི་བདག་སྒྲའི་སྐབས་ང་འ་ར་ལ་དང་མཐའ་མེད་ལྔའི་རྗེས་པ་སྦྱོར་བ་ཡིན་ཏེ། ལུང་པ། མདའ་པ། འབྱོར་པ། ཡུལ་པ། ཕུ་པ་སོགས་དཔེར་མང་དུ་བཀོད་ཡོད་ཀྱང་། སུམ་རྟགས་གང་འཚམ་ཤེས་རློམ་ཅན་ཕལ་མོ་ཆེ་བདག་སྒྲ་སྦྱོར་ཚུལ་ཙམ་ལ་རྨོངས་ནས་སྔ་མོའི་བརྡ་དག་རྣམས་སུ་ཇི་ལྟར་གསུངས་པའི་ཚུལ་སོགས་མ་གཟིགས་པར་བརྡ་སྤྲོད་གཞུང་ལུགས་དང་འགལ་བའི་འོད་ཚོད་དང་བཤད་ཡམས་གྱིས་བརྡ་སྤྲོད་བྲིས་རྒྱུན་འབྱམས་པར་བྱེད་པ་ནི་མི་རིགས་ཤིག་གི་རིག་གཞུང་ཆུད་གཟན་པར་བྱེད་པ་ཡིན། འོ་ན་མིང་མཐའི་པ་བའི་སྦྱོར་ཚུལ་ལྟ་བུའི་རིག་འགྲེས་ཀྱིས་བདག་སྒྲ་ལ་སྦྱོར་དགོས་པ་རེད་དམ་ཞེ་ན། དེ་ནི་ངེས་པར་དུ་དགོས་ཏེ། སྔར་མིང་དུ་གྲུབ་པ་གང་ཞིག་གི་མཐར་པ་བ་ཅི་རིགས་སྦྱར་བའི་ཚེ་མིང་དེ་ལས་ལྡོག་པའི་ཚུལ་གྱིས་ཆོས་དེ་ལྡན་གྱི་གང་ཟག་ཅིག་ལ་གོ་བར་བྱེད་པའི་བདག་སྒྲ་ལ། དཔེར་ན། སྔར་མིང་དུ་གྲུབ་པ། གཡག རི་ཁྲོད། བསམ་གཏན། གསོལ་ཐབ། སྦྱོར་ལམ། ཤར་ཕྱོགས། ཕར་ཕྱིནད་ཅེས་པ་དེ་དག་གི་མཐར་པ་ཡིག་སྦྱར་ཚེ། གཡག་བཞོན་ནས་འགྲོ་མཁན་ལ་གཡག་པ། རི་ལ་གནས་ཏེ་ཆོས་བྱེད་པོ་ཞིག་ལ་རི་ཁྲོད་པ། སེམས་གཡོ་བ་མེད་པའི་ཏིང་ངེ་འཛིན་སྒོམ་པ་ལ་བསམ་གཏན་པ། ལམ་ལྔ་ལས་མཐོང་ལམ་ལ་དངོས་སུ་སྦྱོར་བར་བྱེད་པའམ་དེའི་དངོས་གཉེན་དུ་གྱུར་པ་སྦྱོར་ལམ་ལ་གནས་པའི་གང་ཟག་ལ་སྦྱོར་ལམ་པ། ཤར་ལྷོ་ནུབ་བྱང་སྟེ་ཕྱོགས་བཞི་ལས་ཤར་ནས་འོངས་པའི་མི་ལ་ཤར་ཕྱོགས་པ་དང་། བོད་ཡུལ་མངའ་རིས་ནས་ཡིན་པའི་མི་ལ་མངའ་རིས་པ། གཞུང་ཆེན་བཀའ་པོ་ལྔ་ལས་ཤེར་ཕྱིན་གྱི་བསྟན་བཅོས་སྦྱོང་མཁན་ལ་ཕར་ཕྱིནད་པ། ཞེས་དང་། དེ་བཞིན་བ་ཡིག་ཀྱང་མིང་མཐའི་པ་ཡིག་སྦྱོར་ཚུལ་ལྟར་བྱས་ན། སྔར་ནས་མིང་དུ་གྲུབ་པ། སྐྱིད་གྲོང་། མེ་མདའ། གསར་འབྱོར། འཕགས་ཡུལ། ལམ་བཟོ་རྣམས་ཀྱི་མཐར་བ་ཡིག་སྦྱར་ཚེ། བོད་ཡུལ་སྟོད་ཀྱི་སྡེ་པ་སྐྱིད་གྲོང་དུ་གནས་པའི་མི་ལ་སྐྱིད་གྲོང་བ་དང་། དེ་བཞིན་དིང་རི་ནས་ཡིན་པའི་མི་ལ་དིང་རི་བ། མེ་མདའ་ཁུར་ནས་འགྲོ་བའམ་དེ་འཕེན་མཁན་ལ་མེ་མདའ་བ། ཡུལ་གཞན་ནས་གནས་ཤིག་ལ་གསར་དུ་འབྱོར་བའི་མི་ལ་གསར་འབྱོར་བ། རྒྱ་གར་འཕགས་པའི་ཡུལ་ནས་འོངས་པའམ་གནས་པ་དེའི་མི་རྣམས་ལ་འཕགས་ཡུལ་བ། ལམ་ཁ་བཟོ་མཁན་གྱི་མི་ལ་ལམ་བཟོ་བ། ཞེས་པ་ལྟ་བུས་མཚོན་མིང་མཐའི་པ་བའི་ཐོབ་ཐང་ལྟར་བདག་སྒྲའི་དཔེར་མངོན་སུམ་གྱི་རིགས་པ་མང་པོས་འགྲུབ་པ་འདི་དག་ཁས་མི་འཆེ་བར་ལུང་རིགས་ཀྱི་སྒྲུབ་བྱེད་ཁུངས་བཙུན་མེད་པའི་རྗེས་སུ་འབྲང་བ་ནི་བརྡ་སྤྲོད་གཞུང་ལུགས་དང་འགལ་བའི་ཅལ་ཅོལ་ལས་མ་འདས་སོ། །


ཁ་ཅིག་གིས་བདག་སྒྲའི་སྦྱོར་ཚུལ་དེ་ལྟར་བྱེད་དགོས་ན་དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེས། བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །མིང་མཐའི་པ་བའང་ཕལ་ཆེར་འདྲ། །ཞེས་གསུངས་པའི་དོན་རྣམས་ཅི་ཞེ་ན། དེ་ནི་ཡུལ་དམངས་ཕལ་བའི་བརྡ་སྐད་ལ་གཞི་བཅོལ་གྱིས་བརྡ་སྤྲོད་གཞུང་ལུགས་སུ་གཏན་འབེབས་གནང་བ་ཞིག་ཡིན་པ་གདོན་མི་ཟ་སྟེ། ཡུལ་དབུས་པའི་མི་རྣམས་ཀྱིས་བ་ལ་བྷ་ཞེས་སྒྲ་གདངས་ལྕི་བའི་ཚུལ་གྱིས་ཀློག་པས། བདག་སྒྲ་ཡར་གྱུར་པ་ལ་བ་ཟླུམ་དང་། ཆར་གྱུར་པ་ལ་པ་ཡེད། མིང་མཐའི་པ་བའི་ཐོབ་ཚུལ་ཡང་དེ་དང་ཐོབ་ཐང་དང་ཕྱོགས་མཚུངས་སུ་གསུངས་པའི་དོན་ཡིན་ནའང་། དོན་དངོས་བརྡ་སྤྲོད་གཞུང་ལུགས་དང་འགལ་བའི་བརྡ་སྤྲོད་ཅིག་ཡིན་མིན་གོང་དུ་བཀོད་པའི་དཔེར་དག་གིས་རིགས་ལམ་ནས་ཚར་གཅོད་པས་མང་དུ་སྨོས་མི་དགོས། ཡུལ་སྐད་རྣམས་ལ་གཞི་འཛིན་བྱེད་རིགས་ཚུལ་སོགས་སྨྲ་ན་སླར་བསྡུའི་སྐབས་རྗེས་འཇུག་བ་ཡི་མཐའ་ཅན་གྱི་འོག་སླར་བསྡུ་སྦྱར་ཚེ་པོ་ཡིག་སྦྱར་དགོས་ཏེ། དཔེར་ན། ཡུལ་སྐད་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པོ་ལས་ཐོབ་བོ་མི་བརྗོད་པས་པོ་ཡིག་ཀྱང་སླར་བསྡུའི་ཕྲད་ཁོངས་སུ་བསྡུ་རིགས་པ་སོགས་བརྡ་སྤྲོད་གཞུང་ལུགས་དང་འགལ་བའི་ཚིག་རྫོབ་མང་དུ་འབྱུང་།


དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེས། དེ་ལྟར་གསུངས་པ་ལ་ལུང་ཡང་ཡོད་དེ། རང་ཉིད་སི་ཏུའི་རྗེས་འབྲང་དུ་སོང་གཤིས་བདག་སྒྲ་ཕྲད་རང་དབང་ཅན་དུ་སྒྲུབ་དགོས་པ་དང་། ཞ་ལུ་ལོ་ཙཱ་བའི་དག་ཡིག་ཟ་མ་ཏོག་དང་དཔལ་ཁང་ལོ་ཙཱ་བའི་དག་ཡིག་ངག་སྒྲོན་སོགས་སུ། གཞན་ལ་པ་ཉིད་སྦྱར་ཏེ་དཔེར། །ཞེས་གསུངས་པ་ལ་གཞི་བཅོལ་བར་མཐོང་། ཚིག་རྐང་དེའི་དོན་ང་འ་ར་ལ་མཐའ་མེད་ལྔའི་རྗེས་འཇུག་ཅན་མཐའ་དག་བདག་སྒྲར་འཇུག་པའི་སྐབས་ཀྱང་པ་ཡིག་སྦྱོར་དགོས་པའི་དོན་འགྲེལ་བཤད་བྱས་པ་མང་ཡང་། ཟ་མ་ཏོག་ལ་དེ་ལྟར་ཡིན་དུ་ཆུག་ཀྱང་། ངག་སྒྲོན་རྩོམ་པ་པོའི་དགོངས་གཞི་དང་འགལ་བའི་མཆན་འགྲེལ་ཞིག་ཡིན་ཏེ། ངག་སྒྲོན་རྩ་བར། ལུང་པ་མདའ་པའི་འབྱོར་པ་ཡིས། །ཡུལ་པ་ཕུ་པ་ཚིམ་སོགས་དཔྱད། །ཅེས་དཔྱད་གཞི་བྱས་ནས་བཞག་ཡོད་སྟབས་རྒྱ་གར་ནུབ་རྒྱུད་ཀྱི་ཁུ་ནུའི་ཡུལ་དུ་འཁྲུངས་པ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་དེའི་འགྲེལ་བཤད་གནང་བར། གཞན་ལ་པའི་དཔེ་ལུང་པ་མདའ་པའི་འབྱོར་པ་ཡིས། ཡུལ་པ་ཕུ་པ་ཚིམ་སོགས་ལ་དཔྱད་ན། མིང་མཐའ་འདྲེན་ཚུལ་ལམ་སྒྲ་སྦྱོར་མ་ངེས་པས་སྣ་ཚོགས་སུ་འགྱུར་བར་སྣང་ལ་འདི་དག་གི་ཚིག་དོན་ཞིབ་མོ་སུམ་རྟགས་ལས་ཤེས་པར་བྱའོ། ཞེས་ཞལ་འཕང་གནང་སྟེ་ཐག་གཅོད་པ་ཞིག་གསུངས་མེད། དུས་ཕྱིས་ངག་སྒྲོན་ཡང་འགྲེལ་མཛད་པ་པོ་ཀུན་བཟང་རྣམ་རྒྱལ་གྱིས་ཀྱང་དེ་དང་གཅིག་མཚུངས་ཤིག་ལས་བློ་སྐྱེད་གསར་པ་ཅི་ཡང་བརྗོད་མི་འདུག


དུས་རབས་བཅུ་བདུན་པའི་ནང་བྱོན་པའི་དབྱངས་ཅན་རོལ་པའི་འོ་མཚོའི་དག་ཡིག་མཁས་པ་དགའ་བསྐྱེད་དུ། གཞན་ལ་པ་ཉིད་སྦྱར་ཏེ་བཀླགས། །ཞེས་པའི་དོན་ང་འ་ར་ལ་མཐའ་མེད་ལྔའི་རྗེས་བདག་སྒྲའི་སྐབས་པ་ཡེད་སྦྱོར་རིགས་ཚུལ་དཔེར་བཅས་གདེང་ཚོད་ལྡན་པས་ཐག་བཅད་པ་བསྔགས་འོས་སུ་ཆེ་ཡང་ཐུགས་སྟོབས་ཙམ་ལས་ལུང་རིགས་གང་ཡང་མེད་པས་བརྡ་སྤྲོད་གཞུང་ལུགས་དང་འགལ་བའི་བརྗོད་པ་ཙམ་དུ་ཟད། ངག་སྒྲོན་གྱི་ཚིག་འདིའི་འབྱུང་གཞི་ནི་ཞ་ལུའི་དག་ཡིག་ཟ་མ་ཏོག་ཡིན། དེའི་ནང་། ང་འ་ར་ལ་འདོགས་ཅན་དང་། །རྐྱང་པའི་རྗེས་སུ་བ་ཕྱེད་ཝར། །འབོད་པ་རྣམས་ལ་བ་སྦྱར་ཞིང་། །གཞན་ལ་པ་ཉིད་སྦྱར་ཏེ་དཔེར། །བཏུང་བ་བདའ་བ་མྱུར་བར་འཐུངས། །མཇལ་བར་ཞུ་བ་ཚ་བ་འདོད། །ལུང་བ་མདའ་བ་འབྱོར་བ་ཆེ། །ཡུལ་བ་ཕུ་བ་བྱ་བ་མང་། །ཞེས་བ་ཟླུམ་ཐོབ་ཐང་ལ་རྐྱང་འདོགས་ཀྱིས་ཁྱད་ཕྱེས་ཡོད་ཀྱང་དོན་དངོས་དཔེར་བརྗོད་ཀྱི་སྐབས་སྤྱིར་བཏང་བ་ལས་ཞལ་གསལ་གསུངས་མེད། གཞན་ལ་པ་ཉིད་སྦྱར་ཏེ་དཔེར། །ཞེས་པའི་གོང་གི་ཚིག་རྐང་ཕྱི་མ་གཉིས་ང་འ་ར་ལ་མཐའ་མེད་ལྔའི་མཐར་པ་ཡེད་འཐོབ་པའི་དཔེར་ཡིན་ཡང་དག་ཡིག་ཕྱོགས་བསྒྲིགས་མུ་ཏིག་ཚོམ་བུ་ཞེས་པའི་ནང་བ་ཟླུམ་ལས་པ་ཡེད་བྱས་ནས་བཀོད་མེད་ཀྱང་ལྡི་ལི་བོད་ཁང་ནས་ཞ་ལུའི་ཟ་མ་ཏོག་པར་སྐྲུན་བྱས་པ་དེར་པ་ཡེད་བྱས་འདུག་ན་དེ་ཡང་ཡུལ་དབུས་ཀྱི་བརྡ་མ་དག་པ་དེ་རྒྱུན་འབྱམས་བྱས་པ་ཡིན་པར་མཐོང་།


དག་ཡིག་འགའི་ནང་། བ་ཕྱེད་ཝར་འབོད་རྣམས་ལ་བ། །ཞེས་པ་དེའི་དོན་དཀར་ལེབས་དྲུང་ཡིག་པདྨ་རྡོ་རྗེས་བརྩམས་པ་དཀར་ལེབས་སུམ་རྟགས་དཀའ་འགྲེལ་གྱི་ལེའུ་ཚན་ད་བ་ཐུ་མིའི་དགོངས་རྒྱན་དང་དཀའ་གནད་སྙིང་པོ་རབ་གསལ་གྱི་ལྷན་ཐབས་སྦས་དོན་གསལ་བྱེད་དམུས་ལོང་དམིགས་བུ་ཞེས་པ་རུ། བརྗོད་པ་སྔ་མར་བ་ཡོད་ན། །བ་ལས་ལྭ་རུ་འབོད་པ་མིན། །ཞེས་དང་། བརྗོད་པ་ཕྱི་མར་བ་ཡོད་ན། །ཝ་ལས་བ་རུ་འབོད་པ་མིན། །ཞེས་བརྗོད་པ་སྔ་མ་སྟེ་མིང་གང་ཞིག་གི་ཐོག་མར་བ་ཟླུམ་ཡོད་ཚེ་བ་ཡིག་གི་སྒྲ་གདངས་ལྕི་མོ་འཐོན་དགོས་པ། བ་ཤ་དང་བ་གླང་། བ་ལུ་དང་བ་སོ། བརྗོད་པ་ཕྱི་མ་སྟེ་མིང་མཐར་བ་ཡིག་འཇུག་ཚེ་ཝ་ཡི་སྒྲ་གདངས་བཞིན་ཡང་བོར་ཀློག་དགོས་པ། ཤ་བ་དང་རུ་བ། ཡུ་བ་དང་དགའ་བ་ཞེས་མིང་གི་ཐོག་མར་བ་ཡིག་སྦྱོར་དགོས་ཚེ་བ་ལ་བྷ་ཞེས་སྒྲ་གདངས་མཐུག་པོ་དང་འོག་ཏུ་ཐོབ་ཚེ་བ་ཞེས་སྒྲ་གདངས་ཡང་བོས་ཀློག་དགོས་པ་ནི་ཐོན་མིས་རྟགས་འཇུག་ཏུ། ཝ་ནི་བ་དང་སྦྱར་བར་བྱ། །ཞེས་འབྲེལ་བ་དང་མཚུངས་ལ། བ་ཕྱེད་ཝ་ཟེར་བ་ནི་མ་དག་པ་དང་བ་ཕྱི་ཝར་འབོད་ཅེས་པ་དག་ཚུལ་བརྗོད་དེ་བ་ཟླུམ་གྱི་སྒྲ་གདངས་ལྕི་མོ་ལ་བྷ་དང་ཡང་བ་ལ་བ་ཞེས་ལྕི་ཡང་གཉིས་སུ་ཕྱེས་པ་དེ། དག་ཡིག་ཟ་མ་ཏོག་ཏུ་འབྱུང་བ། རྐྱང་པའི་རྗེས་སུ་བ་ཕྱེད་ཝར། །འབོད་པ་རྣམས་ལ་བ་སྦྱར་ཞིང་། །ཞེས་པའི་འགྲེལ་བཤད་ཙམ་ཡིན་ན་བདེན་བདེན་འདྲ་སྣང་ཡང་དོན་དངོས་ལག་ལེན་གྱི་ཐོག་ནས་རྒྱུ་མཚན་ཡང་དག་ཅིག་མཐོང་བར་དཀའ་སྟེ། འདི་བཞིན་རིགས་འགྲེས་ཀྱིས་བརྗོད་པ་མང་པོ་ཞིག་ལ་སྒྲ་ལྕི་ཡང་སྣ་ཚོགས་དབྱེ་དགོས་པ་སོགས་ཕན་ཐོགས་དང་མདུན་སྐྱོད་ལ་མི་སྨན་པའི་རང་བཟོའི་ཚིག་མཐའ་ཡས་པ་འབྱུང་བའི་རྒྱུ་རུ་ཟད། གཞན་ཡང་། དེ་རུ་ང་འ་ར་ལ་མཐའ་མེད་ལྔའི་རྗེས་འཇུག་ཅན་གྱི་བྱ་ཚིག་རྣམས་ཆ་དང་ཡ་ལ་ལྟོས་པ་མེད་པར་བ་དང་མིང་ཕལ་ཆེར་ལ་པ་སྦྱོར་དགོས་པ། བྱ་ཚིག་ལ་དཔེར་ན། མཐོང་བ། འདའ་བ། འདོར་བ། ཉལ་བ། བཟི་བ། དོན་མཐོང་བ། དུས་འདའ་བ། ཁྱིམ་འདོར་བ། གཉིད་ཉལ་བ། ར་བཟི་བ། དེ་བཞིན་མིང་ལ། རྐང་པ། ཉག་རོང་པ། ཞང་ཚལ་པ། སྒྲ་བརྒྱ་པ། (མིང་ལ་ཆ་ཡའི་ཁྱད་ཡོད་པ།) མདའ་པ། མེ་མདའ་བ། གསར་པ། གླུ་གར་བ་ཞེས་པ་སོགས་སྦྱོར་ཚུལ་མང་པོ་ཞིག་ནི་ཡུལ་སྐད་འབའ་ཞིག་ལ་གཙིགས་འཛིན་བགྱིས་པ་ལས་ཁུངས་ཡང་དག་ཅི་ཡང་འཛིན་དུ་མེད་པའི་གཏམ་ཙམ་མོ། །


མདོར་ན། བརྡ་དག་དང་སུམ་རྟགས་ཀྱི་གཞུང་ལུགས་ཁུངས་མ་རྣམས་སུ་གསུངས་པ་མིང་མཐའི་པ་བའི་སྦྱོར་ཚུལ་ནི། ག་ད་ན་བ་མ་ས་དང་། །ད་དྲག་ཅན་མཐར་པ་དང་། །ང་ལ་ར་ལ་བཞི་བོ་དང་། །མཐའ་རྟེན་མེད་མཐར་བ་སྦྱོར་རོ། །ཞེས་སྡོམ་ཚིག་འཇོག་གནང་མཛད་པ་ལྟར་བྱས་ན་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་དང་ཡུལ་བྱིངས་ཀྱི་སྐད་དང་མི་འགལ་ལ་ལུང་དང་རིགས་པའི་དངོས་སྟོབས་ཀྱིས་རྒོལ་མི་ནུས་ཤིང་སྔ་དེང་གི་མཁས་པའི་དགོངས་གཞི་དང་མཐུན་པས། ཡུལ་སྐད་ཀྱི་དབང་གིས་ངག་ནས་ཇི་ལྟར་ཟློ་ཡང་ཡིག་ཐོག་ཏུ་ཕབ་པའི་ཚེ་མིང་མཐའི་པ་བའི་ཐོབ་ཐང་ལྟར་བྱེད་དགོས་པ་ནི་རྩ་བར་འཛིན་དགོས་ཏེ། སློབ་དཔོན་ཐོན་མིས་རྟགས་འཇུག་རྩ་བར། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། །མོ་ཡིས་མོ་ཡི་མིང་མཐའ་དྲང་། །མ་ནིང་གིས་ནི་མ་ནིང་ངོ་། །མིང་མཐའ་དེ་དག་ཉིད་ཀྱིས་ནི། །དེ་ཉིད་རང་གི་སྒྲ་མཐུན་པའི། །ཞེས་གསུངས་པའི་དོན་དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེས་ཚིགས་བཅད་དུ་བཀྲལ་བ་དཀའ་གནད་གསལ་མེ་རུ། དེ་རྣམས་རྟགས་མཚུངས་འདྲེན་ཚུལ་ཏེ། །བརྗོད་བདེ་འདྲེན་པའང་ཤིན་ཏུ་མང་། །གཞན་ཡང་མིང་མཐའ་དེ་ཉིད་ཀྱིས། །རྟགས་མཚུངས་པའམ་སྒྲ་མཐུན་པའི། །རྣམ་དབྱེ་བརྒྱད་དང་སླར་བསྡུ་སོགས། །སྔ་མའི་ཤུགས་དང་མཐུན་པར་འདྲེན། །ཞེས་པ་ཚིག་དེ་དག་གི་ཁོངས་སུ་མིང་མཐའ་པ་བའི་སྦྱོར་ཚུལ་རྟགས་མཚུངས་པ་དང་སྒྲ་མཐུན་པ་གང་རུང་གིས་སྔ་མ་སྟེ་རྗེས་འཇུག་གི་ཤུགས་ཀྱིས་འདྲེན་དགོས་པ་སོགས་གསལ་བར་གསུངས་ཡོད་ན་རྒྱུ་མཚན་དང་དགོས་པ་གཞན་མང་དུ་འཚོལ་བ་ནི་རྩ་བ་བོར་ནས་ཡལ་གར་འཇུས་པ་ཡིན།
བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ནི་བོད་སྐད་གཞི་ལ་བཞག་སྟེ་གཏན་ལ་ཕབ་པ་ཡིན་པས་ཡུལ་སྐད་ཀྱི་རྗེས་སུ་འབྲང་མི་དགོས་པ་ཅི་ཞེ་ན། ཡུལ་ལུང་རེ་ལ་སྐད་རེ་ཡོད་པས་དེ་མཐའ་དག་གི་རྗེས་སུ་འབྲང་དགོས་ན་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ནི་གཞི་འཛིན་ས་མེད་པ་ཞིག་ཏུ་འགྱུར་བས། རང་ལྟ་མཆོག་འཛིན་གྱི་རིགས་དོར་ཏེ་སྔོན་གྱི་བརྡ་སྐད་དག་དང་གང་མཐུན་གྱིས་ཚིག་སྦྱོར་སྤེལ་རྒྱུ་ནི་བོད་མི་རིགས་རིག་གཞུང་དང་བཅས་པར་གཅེས་སེམས་ཡོད་ཕྱིན་གལ་ཆེ་བ་ལས། མུ་མཐུད་ཞུ་དག་ཁུངས་འཕེར་དང་ཡིད་རྟོན་བྱེད་ཡུལ་མེད་པའི་རྩོམ་ཡིག་དང་དེབ་བཟོ་བཀོད་ལེགས་པོ་སོགས་ཅི་ཙམ་པར་འགྲེམ་བགྱིས་ཀྱང་། དོན་དངོས་བོད་ཀྱི་མེས་པོ་རིམ་བྱོན་གྱི་ཤུལ་བཞག་རྒྱལ་བའི་བཀའ་བསྟན་གྱིས་གཙོས་གསུང་རབ་ཇི་སྙེད་ཡོད་པ་མཐའ་དག་མཆོད་པའི་རྟེན་ཙམ་དུ་བསྒྱུར་བར་བྱེད་པའི་རྒྱུ་སྒྲུབ་པ་འབའ་ཞིག་ཡིན་པས་ཞབས་འདེགས་དང་ཞབས་འདྲེན་གང་འགྱུར་དུ་ཤེས་པར་གྱིས།


ཁ༽ གཟུགས་འགྱུར་གྱི་བྱ་ཚིག་འདི་རིགས་བོད་དུ་བརྡ་སྤྲོད་གཞུང་ལུགས་དར་ཙམ་ནས་འཕེལ་རྒྱས་བྱུང་ཡོད་པ་ནི་སུམ་རྟགས་ཀྱི་གཞུང་ལུགས་སུ་བདག་གཞན་དང་དུས་གསུམ་གྱིས་རྣམ་གཞག་གསལ་བར་ཕྱེས་པ་དེས་རྟོགས། སྐབས་དེ་ཙམ་ནས་དག་ཡིག་གི་རྣམ་གཞག་ལོགས་སུ་ཕྱེས་པ་དང་དུས་གསུམ་ལས་གང་ཞིག་མིང་དུ་སྦྱོར་མིན་ལ་གཏན་འབེབས་བགྱིས་པ་ཞིག་མེད་ཀྱང་ཆོས་རྒྱལ་དང་ལོ་པཎ་སོགས་ཀྱིས་སྐད་ཡིག་ལ་བཀས་བཅད་རིམ་པ་ཅན་ཞིག་གནང་བ་དང་། སྐབས་སོ་སོར་བསྒྱུར་རྩོམ་མཛད་པའི་བཀའ་དང་བསྟན་བཅོས་ཀྱི་མིང་བརྡ་རྣམས་གཅིག་གྱུར་གྱིས་བེད་སྤྱོད་མ་ནོར་བའམ་གཏན་འཁེལ་བ་ཞིག་གནང་བ་ལ་བརྟེན་ནས་དུས་དེང་སང་བར་སྔོན་གྱི་གསུང་རབ་རྣམས་ཤ་གཟུགས་ཟ་རྐྱང་བྱས་ཀྱང་མི་ཆོག་པར་མེད་པའི་བརྡ་དག་པོའི་ངང་གནས་ཡོད།


དུས་རིམ་ངེས་ཅན་ཞིག་གི་མཐར་སུམ་ཅུ་པའི་སྐབས་སུ་བསྟན་པའི་རྣམ་དབྱེ་དང་པོའི་དཔེར་མཚོན་དུ་སྦྱོར་བའི་མིང་མང་པོ་ཞིག་རིགས་མཐུན་ཕྱོགས་གཅིག་ཏུ་བསྡུ་བསྒྲིགས་མཛད་པ་སྔ་ཤོས་ནི། དུས་རབས་བཅུ་གཅིག་པའི་ནང་བྱོན་པ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་(༡༠༥༩་་་་་༡༡༠༩)ཀྱི་དག་ཡིག་མདོར་བསྡུས་དང་། ཆ་བ་ཆོས་སེངྒེའི་དངོས་སློབ་སེང་ཆེན་བརྒྱད་ཀྱི་ནང་ཚན་གཙང་ནག་པ་ཐུགས་རྗེ་སེངྒེའམ་རིགས་པའི་སེངྒེའི་དག་ཡིག་བདུད་རྩིའི་ཆུ་རྒྱུན། ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་ (༡༡༨༡་་་་་༡༢༥༡) གྱི་དག་ཡིག་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ། འགྲོ་མགོན་ཆོས་རྒྱལ་འཕགས་པའི་བླ་མ་སྙེ་ཐང་པ་གྲགས་པ་སེངྒེའི་དག་ཡིག་གངྒཱ། སྣར་ཐང་ལོ་ཙཱ་བའི་བརྡ་སྦྱོར། དབུས་པ་བློ་གསལ་གྱི་ཆོས་གྲོགས་སྟག་སྟོན་གཞོན་ནུ་དཔལ་གྱི་དག་ཡིག་འོད་ཟེར་བརྒྱ་བ། བུ་སྟོན་སེངྒེ་འོད་ཀྱི་དག་ཡིག་སྒྲ་དོན་རྒྱ་མཚོའི་མེ་ལོང་། བསམ་སྡིངས་པ་ཀུན་བསམ་གྱི་དག་ཡིག་འཁྲུལ་སྤོང་། རྗེ་བཙུན་བྱམས་པ་གླིང་བའི་ (༡༤༠༠་་་་་༡༤༧༤) དག་ཡིག་སྨྲ་བའི་རྒྱན། ཞ་ལུ་ལོ་ཙཱ་བ་རིན་ཆེན་ཆོས་སྐྱོང་བཟང་པོའི་ (༡༤༤༡་་་་་༡༥༢༧) བོད་ཀྱི་བརྡའི་བསྟན་བཅོས་ལེགས་པར་བཤད་པ་རིན་པོ་ཆེའི་ཟ་མ་ཏོག དེའི་སློབ་མ་སྐྱོགས་ལོ་ཙཱ་བ་ངག་དབང་རིན་ཆེན་བཀྲ་ཤིས་ཀྱི་བརྡ་གསར་རྙིང་ལི་ཤིའི་གུར་ཁང་། དཔལ་ཁང་ལོ་ཙཱ་བ་དཔལ་ཁང་ཆོས་མཛད་དམ་ཀརྨ་འཕྲིན་ལས་ཕྱོགས་ལས་རྣམ་རྒྱལ་ (༡༤༥༦་་་་་)གྱི་དག་ཡིག་ངག་སྒྲོན། སི་ཏུས་ཞུ་དག་བྱས་ཏེ་གསུང་འབུམ་གྲས་སུ་བཞུགས་པ་ཞ་ལུའི་དངོས་སློབ་འཕྲེང་མགོ་གཏེར་སྟོན་ཤེས་རབ་འོད་ཟེར་ (༡༥༡༦་་་་་༡༥༧༢) གྱི་ས་མཐའི་རྣམ་དབྱེ་རབ་གསལ་སྒྲོན་མེ་སོགས་མང་དུ་ཡོད་པ་དང་། རྒྱས་པར་རྟོགས་འདོད་པ་དག་གིས་ཐོན་མིའི་ཞལ་ལུང་སུམ་ཅུ་པའི་མཇུག་དང་། ཕྲན་གྱིས་ས་པཎ་དག་ཡིག་ལ་མཆན་འགྲེལ་བགྱིས་པ་ཀིརྟིའི་བྱེས་པ་གྲྭ་ཚང་གིས་ཕྱི་ལོ་ ༢༠༠༥ ལོར་པར་ཐེངས་གཉིས་པ་བཏབ་པའི་སྔོན་གླེང་སོགས་སུ་གཟིགས་པར་བྱ།


དག་ཡིག་སྔ་མ་ཕལ་མོ་ཆེར་སྒྲ་གདངས་འདྲ་བ་རྣམས་ལ་དོན་ཐོབ་ཀྱིས་མི་འདྲ་བའི་ཚུལ་བཤད་པ་དང་། ས་པཎ་གྱི་དག་ཡིག་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་རུ་སུམ་ཅུ་པར་བསྟན་པའི་རྣམ་དབྱེ་དང་ཕྲད་ཀྱི་སྦྱོར་ཚུལ་གྱི་རྣམ་གཞག་རགས་ཙམ་ཞིག་གསུངས་པ་དང་། ཞ་ལུའི་དག་ཡིག་ཟ་མ་ཏོག་ཏུའང་མིང་མཐའ་འདྲེན་ཚུལ་མང་དུ་གསུངས་པ་སོགས་དག་ཡིག་སྔ་མ་ལས་ཕྱི་མ་ཇེ་རྒྱས་དང་ཕུན་སུམ་ཇེ་ཚོགས་སུ་སོང་སྟེ། དེང་གི་ཆར་དག་ཡིག་གི་གཞུང་ཆེས་མང་ན་ཡང་དོན་དངོས་ཀྱི་ལག་ལེན་ཁྲོད་སྔར་ལས་ཉམས་ཆག་ཏུ་འགྲོ་བཞིན་པ་ནི། དག་ཡིག་གི་གཞུང་སོ་སོར་དག་ཆ་རྣམས་འཚོལ་གང་བདེ་བྱས་པས་ཉེར་ལེན་གྱིས་དོགས་པ་ཞིག་བྱུང་ཚེ་སྐབས་ཐོབ་དེར་ཡིན་མིན་བལྟས་པ་ཙམ་ལས་སྦྱང་སྟོབས་ཀྱི་ཡོན་ཏན་རང་གཤིས་སུ་འཇགས་པར་མ་བགྱིས་པས་དག་ཡིག་མེད་ཚེ་གང་བྱུང་རེ་བྲིས་སྟབས་རྒུད་པའི་མགོ་ཚུགས་པ་ཡིན། དག་ཡིག་བློར་བཟུང་ཡང་རྒྱུན་ལྡན་འབྲི་བའི་སྐབས་བེད་སྤྱོད་གཏོང་སྟངས་ལ་རྨོངས་པས། ངག་རྒྱུན་དུ། བྱིས་པས་དག་ཡིག་ཁ་ནས་སྐྱོར། །མ་དག་ཡི་གེ་ལག་པས་བྲིས། །ཞེས་པ་དང་གཅིག་མཚུངས་སུ་གྱུར་པ་ཡིན། མཉམ་མེད་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤས། ཆོས་ནི་ཤེས་པ་ཙམ་གྱིས་འཚང་མི་རྒྱ་བས་ཤེས་པས་མི་ཆོག་ཉམས་སུ་ལོངས། ཞེས་གསུངས་པ་ལྟར་གཞུང་རྒྱ་ཆེན་པོར་ཐོས་བསམ་བགྱིས་ནས་ཉམས་ལེན་གང་ཡང་གནང་མ་ཐུབ་ཚེ་ཐོས་པའི་ཕན་ཡོན་ཙམ་ལས་སྦྱང་བའི་འབྲས་རྟགས་གཟེངས་སུ་མ་ཐོན་པས་མ་སྦྱང་བ་དང་ཁྱད་མེད། དེས་བྱ་བ་གང་ཞིག་ཀྱང་ཁ་བཤད་ཙམ་གྱིས་ཅི་ཡང་མི་སྨན་པར་ལག་ལེན་དངོས་ཀྱི་ཐོག་ནས་དོན་ལ་གནས་མིན་ར་སྤྲོད་འོངས་པའི་བསླབ་བྱའི་རྣམ་གཞག་ཅིག་བསྟན་པ་ཡིན།


སྤྱིར་དག་ཡིག་ལ་སྒྲ་འདྲ་ཡང་གཟུགས་མི་འདྲ་བ་འབྱུང་བའི་དོན་ནི་གཟུགས་ཀྱི་རྗེས་སུ་འབྲང་སྟབས་ཡིག་ངོར་ཕབ་སྐབས་ཕན་ཚུན་མ་འཁྲུལ་བ་ཞིག་ཡོང་ཐབས་ལ་གཟབ་དགོས་པ་ལས་དོན་ཕྱིན་ཅི་ལོག་སྟོན་པ་དང་། བྱ་ཚིག་མིང་དུ་གྱུར་སྐབས་དུས་གསུམ་ལས་གང་ཞིག་འབྲི་དགོས་པ་གཏན་འཁེལ་མེད་པར་མ་ཟད། དུས་གསུམ་གང་རུང་གི་བྱ་ཚིག་མིང་དུ་གྱུར་པ་འགའ་རེ་མཆིས་ནའང་། བྱ་ཚིག་རྣམས་མིང་དུ་གྱུར་པའི་ཚེ་ད་ལྟ་བའི་ཚིག་བྲིས་ན་དོན་གྱི་ཐོག་ནས་དགེ་མཚན་ཆེ་བར་མཐོང་སྟེ། སྐབས་དེའི་ཚིག་གི་བརྗོད་པའི་ནང་བྱ་ཚིག་ཅི་ཙམ་མང་ནའང་མཐའི་བྱ་ཚིག་གཅིག་པུ་ལས་གཞན་རྣམས་ནི་བྱ་ཚིག་མིན་པར་བྱ་བ་དེའི་མིང་དུ་གྱུར་པ་ཡིན། དཔེར་ན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཞེས་པའི་དཔེ་སྐྲུན་གྱི་སྐྲུན་དང་པར་དུ་བསྐྲུན་ཞེས་པའི་པར་གཉིས་སྤྱིར་བྱ་ཚིག་ཡིན་ཡང་འདིར་དེ་གཉིས་ཚིག་སྦྱོར་གྱི་དབང་གིས་མིང་ཡིན་པ་དང་མཐའི་བསྐྲུན་ནི་བྱ་བ་དེ་བྱས་ཟིན་པར་སྟོན་པས་དུས་གསུམ་ལས་འདས་ཚིག་སྦྱར་བ་སོགས་གཞན་སྐབས་ཐོབ་དང་རིགས་འགྲེས་ཀྱིས་ཤེས་པར་བྱེད་དགོས།


འོན་ཀྱང་ལྷག་བཅས་ཀྱི་ཕྲད་དེ་ཏེ་སྟེ་གསུམ་དང་། རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཀྱི་ཕྲད་ནས་དང་། ལ་དོན་གྱི་ལ་ཡིག་བཅས་གང་རུང་བྱ་ཚིག་ཅིག་གི་མཐར་ཐོབ་ཚེ་དེའི་སྔ་མའི་བྱ་ཚིག་ནི་ངེས་པར་དུ་འདས་ཚིག་སྦྱོར་བ་ནི་ཡོངས་གྲགས་ཡིན་ཏེ། དཔེར་ན། སང་ཉིན་སྐད་ཆ་བཤད་དེ་ཇ་འཐུང་། ཕར་ཕྱིན་ལ་བལྟས་ཏེ་དགེ་རྒན་བྱས། ལོ་རྗེས་མར་ལྷ་སར་སོང་སྟེ་མཆོད་འབུལ་བྱེད། ཚིག་འདི་དག་བཤད་བསམས་ནས་སོང་བ་ཡིན། ཁྲི་བརྩེགས་ལ་གད་བདར་བྱས། ཞེས་པ་ལྟ་བུ་འགའ་རེས་བྱ་ཚིག་མིང་དུ་གྱུར་སྐབས་ད་ལྟ་བའི་གཟུགས་སུ་གྲུབ་པ་རྣམས་འབྲི་དགོས་པ་ལ་ཁྱབ་མཐའ་གཅོད་དུ་མེད་པ་ལས། གཞན་རྣམས་ཚིག་དོན་ལ་འགལ་འཁྲུལ་མི་འབྱུང་བའི་ཕན་ཁྱད་ཀྱང་ཆེན་པོ་འབྱུང་བས་གཟུགས་འགྱུར་གྱི་བྱ་ཚིག་མིང་དུ་གྱུར་སྐབས་ད་ལྟ་བའི་ཚིག་བྲིས་ན་ལེགས།


འགའ་ཞིག་གིས་སྤྱི་ཚོགས་ཀྱི་དར་རྒུད་ལ་ཁ་གཡར་ནས་སྐད་ཡིག་གི་སྟེང་དུའང་དེ་ལྟར་འབྱུང་ཚུལ་གླེང་སྟེ་རང་བཟོ་མང་དུ་བྱེད་པ་ནི་ཅོལ་ཆུང་གི་བྱ་བ་ཡིན། མི་རིགས་ཤིག་གི་སྐད་ཡིག་རྒུད་མགོ་རྩོམ་པ་ནི་མི་རིགས་དེ་འཇིག་པའི་སྔ་ལྟས་ཡིན། དེའི་ཕྱིར་སྐད་ཡིག་ཡང་དག་པ་ཞིག་རྒྱུན་འཛིན་བྱེད་ཐབས་ལ་བརྡ་སྤྲོད་རིག་གནས་པ་དག་གིས་རྣམ་དཔྱོད་ཀྱི་རྩལ་འདོན་དགོས་པ་རྣག་ཐོག་གཙག་འཁེལ་ཡིན་པས་མ་བསྐུལ་དང་བླང་གིས་ཧུར་བརྩོན་བྱེད་དགོས་པ་ནི་སྐབས་བབ་ཀྱི་ལས་འགན་ཡིན།


གསུམ་པ། དོན་སྙིང་བསྡུས་པའི་མཇུག་གཏམ་བཤད་པ།


ཨ་ལ་ཤའི་ཡིག་བཤད་མཁས་པའི་ཁ་རྒྱན་གྱི་ཚིག་འབྲི་བའི་ཚུལ་བཤད་པའི་སྐབས། ས་བཟང་མ་ཏི་པཎ་ཆེན་གྱི་གསུང་ཞིག་བཀོད་པ་དེར། ལེགས་པ་བས་ཀྱང་མགྱོགས་པ་གཙོ། །མགྱོགས་པ་བས་ཀྱང་སྙོམས་པ་གཙོ། །སྙོམས་པ་བས་ཀྱང་དག་པ་གཙོ། །དེས་ན་དག་པ་གཙོ་བོ་ཡིན། །ཞེས་གསུངས་པ་ལྟར་རྩོམ་ཡིག་དང་དེབ་མང་ཉུང་ལ་མ་ལྟོས་པར་གནའ་བོའི་དུས་ནས་བོད་སྐད་ཀྱི་སྡེབ་སྦྱོར་དང་བརྡ་སྤྲོད་ལུགས་ཀྱི་རྣམ་གཞག་ཅིག་ཡོད་པ་སྤྱི་དང་། ཁྱད་པར་དེང་ཉམས་ཆག་འགྲོ་བཞིན་པ་མིང་མཐའི་པ་བ་དང་བྱ་ཚིག་གི་སྦྱོར་ཚུལ་ལ་མ་སྦྱང་ཕལ་བའི་མྱོང་སྣང་དང་ཕོ་ཚོད་མི་བྱེད་པར་བོད་མི་རིགས་རིག་གཞུང་བཅས་པར་གཅེས་སེམས་ཤིག་ཡོད་ཕྱིན། ཨུ་ཚུགས་དང་ཕྱོགས་ལྷུང་གི་ལམ་ཡན་དུ་མི་འཕྱན་པར་འདིར་བཤད་པ་རྣམས་དང་ཆོས་གང་ལ་ཡང་གཟུར་བོའི་བློ་ཡིས་ཞིབ་འཇུག་གིས་སྤང་བླང་གི་རྣམ་དབྱེ་མ་ནོར་བར་འབྱེད་པ་ནི་རྣམ་དཔྱོད་ཅན་གྱི་སྐྱེས་བུ་ཡིན།


ང་ཚོས་ཕྱི་མིག་ཅིག་བལྟས་ཚེ་དུས་རབས་བདུན་པའི་ནང་བོད་ཡུལ་དབུས་བྱིངས་ཀྱི་སྐད་གཞིར་བཟུང་གིས་བརྡ་སྤྲོད་པའི་གཞུང་ལུགས་གཏན་ལ་ཕབ་པ་ནས་ལོ་རབས་བཅུ་བཞི་ཙམ་གྱི་རིང་ཡབ་མེས་དག་གི་ཐུགས་རྗེས་ཕལ་ཆེར་བརྟན་ཆགས་ཤིག་བྱུང་ཡོད་ཀྱང་། དེང་རིག་གནས་ཤེས་པར་རློམ་པ་དག་གིས་ཡུལ་སྐད་རང་ལ་གཙིགས་འཛིན་གྱིས་ཕྲད་སྣ་ཚོགས་ཀྱི་ཐོབ་ཐང་དང་བྱ་ཚིག་སྦྱོར་ཚུལ་ལེགས་པོར་མི་ཤེས་པར་རྩོམ་ཡིག་གི་མིང་བསྙད་པ་འདྲ་མིན་སྤེལ་བ་ནི། སུམ་རྟགས་དག་གསུམ་རྨོངས་པའི་ཨ་མ་རྒན་མོ་ཡི་གེ་བྲི་ཤེས་པ་ཞིག་གིས་གཏམ་རྒྱུད་ཅིག་ཡི་གེར་ཕབ་པ་ལས་སྡུག་གོ །


དེབ་ཕྲེང་རེ་སྤེལ་ན་གཏད་སོ་ཡོད་པའི་རང་ལུགས་ཤིག་ཕར་ཟད་དེབ་གཅིག་གམ་རྩོམ་ཚན་རེའི་ནང་དུའང་གོང་འོག་གི་དག་ཆ་ཙམ་མཚུངས་པར་སྦྱོར་མི་ཤེས་པར་རིག་གནས་ཀྱི་རྨང་གཞི་བྲལ་བའི་རྟགས་མངོན་སུམ་དུ་སྟོན་བཞིན་དུ་ད་དུང་ཞུ་དག་པའི་ཁུལ་བྱེད་པ་ནི་ག་ཞའི་གནས་ཡིན། དག་ཡིག་དང་ཁ་བྲལ་བའི་སུམ་རྟགས་ཤིག་གང་དུའང་འཚོལ་དུ་མེད། དེའི་ཕྱིར་གཏད་སོ་ཡོད་པའི་བྱ་བ་རེ་ཁ་ཙམ་མིན་པར་དོན་ཐོག་འབབ་ཏུ་ཡོད་པ་ཞིག་བྱས་ན་འདི་ཕྱི་གཉིས་ཕན་གྱི་གདམས་ངག་ཏུ་ངོས་ཟིན་ན་ལེགས། དོན་དེ་འདྲར་དགོངས་ནས་སྔ་མོའི་དུས་ཀྱི་གནས་ལྔ་རིག་པའི་པཎ་ཊི་ཏ་རྣམས་ཀྱིས་ཚིག་གི་འཁྲུལ་བ་སྣ་ཚོགས་སེལ་བའི་དག་ཡིག་གི་གཞུང་ཆེ་ཆུང་འདྲ་མིན་རྩོམ་གནང་མཛད་པ་ཡིན། ཨ་ལ་ཤ་ངག་དབང་བསྟན་དར་གྱིས། ཡི་གེ་དག་པ་དགོས་པའི་རྒྱུ་མཚན་ནི། ཡི་གེ་ལ་བརྟེན་ནས་མིང་བརྡའ་སྦྱོར་དགོས་ཤིང་། མིང་བརྡའ་སྦྱར་བའི་དགོས་པ་ཡང་བརྗོད་དོན་འཁྲུལ་མེད་དུ་གོ་བའི་ཆེད་ཡིན་པས། མིང་གི་ཟུར་ལ་ལྷག་ཆད་བྱུང་ན་དོན་ཕྱིན་ཅི་ལོག་ཏུ་འགྱུར། ཞེས་གསུངས་པ་ལྟར་ཡི་གེ་མཚོན་བྱེད་རི་མོར་ཕབ་པ་ལ་བརྟེན་ནས་མིང་བརྡ་ཤེས་དགོས་པ་དང་། དེ་བརྒྱུད་ནས་བརྗོད་དོན་རྟོགས་དགོས་པས་མིང་དེ་ནོར་ན་བརྗོད་དོན་ཡང་ཕྱིན་ཅི་ལོག་ཏུ་འགྱུར་བས་བརྡ་སྤྲོད་ཀྱི་གཞུང་ལུགས་དང་འགལ་བའི་ཚིག་སྦྱོར་མང་དུ་མི་སྤེལ་བར་གོ་རིམ་འདི་དག་ཡིད་ངོར་འདྲོང་ཐབས་ལ་འབད་པར་བྱའོ། །


ཟུར་བལྟའི་དཔྱད་གཞིའི་ཡིག་ཆ།

ཕྱི་ལོ་ ༡༩༩༨ ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བ་དག་ཡིག་ཕྱོགས་བསྒྲིགས་མུ་ཏིག་ཚོམ་བུ་ཞེས་པའི་ནང་གསལ་བའི་ཞ་ལུ་ལོ་ཙཱ་བའི་དག་ཡིག་ཟ་མ་ཏོག དབྱངས་ཅན་རོལ་པའི་འོ་མཚོའི་དག་ཡིག་མཁས་པ་དགའ་བསྐྱེད། ཨ་ལ་ཤའི་དག་ཡིག་གཅེས་བསྡུས་ལེགས་བཤད་སྐྱ་རེངས་གསར་བ། དཔལ་ཁང་ལོ་ཙཱ་བ་སོགས་ཀྱི་དག་ཡིག་ངག་སྒྲོན་རྩ་འགྲེལ་དང་དེའི་ཡང་འགྲེལ། དབྱངས་ཅན་གྲུབ་པའི་རྡོ་རྗེའི་ལེགས་བཤད་ལྗོན་དབང་དང་དཀའ་གནད་གསལ་མེ། དཀར་ལེབས་དྲུང་ཡིག་པདྨ་རྡོ་རྗེའི་དཀར་ལེབས་སུམ་རྟགས། ཨ་ལགས་ཞབས་དྲུང་གི་ཐོན་མིའི་ཞལ་ལུང་། སི་ཏུའི་སུམ་རྟགས། པྲ་ཏིའི་སུམ་རྟགས། ཨ་ལ་ཤའི་ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན། ཨ་ལགས་དོར་ཞིའི་བརྡ་སྤྲོད་དོན་འགྲེལ་ཕྱོགས་བསྒྲིགས། མཁྱེན་རབ་འོད་གསལ་གྱི་རྟགས་འཇུག

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.