. . . .

ཕྱི་ལོ་༡༩༩༦ ཟླ་༥ ཚེས་༩ ཉིན་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་པའི་མཛད་སྒོ་དང་པོའི་ཐོག་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཚོགས་མགོན་དུ་ཞབས་སོར་བཀའ་དྲིན་ཆེ་སྐབས་ཀིརྟིའི་བྱེས་པ་གྲྭ་ཚང་གི་དགེ་སློབ་རྣམས་དང་དེར་འདུས་མདོ་སྨད་སེར་སྐྱ། མང་ཚོགས་བཅས་ལ་ལམ་སྟོན་བཀའ་སློབ་གནང་བ།

༄༅།། དེ་རིང་འདིར་ཀིརྟི་རིན་པོ་ཆེ། མཚན་ཞབས་རིན་པོ་ཆེ། སློབ་སྦྱོང་གི་འགན་ཁུར་བཞེས་མཁན་དང༌། སློབ་གཉེར་བ། འདིར་འཛོམས་པའི་སྐྱ་སེར་སྤྱི་བྱིངས་ཚང་མ་ལ་ཞུ་རྒྱུ། འདིར་རིན་པོ་ཆེས་གཙོ་བོའི་འགན་བཞེས་ནས་ལོ་འདི་གའི་རིང་ལ་སྐུ་ངལ་བསྐྱོན་ནས་གྲུབ་འབྲས་ངོ་ཐོག་མིག་གིས་མཐོང་རྒྱུ་ཡོད་པ་ཞིག་ཐོན་ནས་ཡོང་གི་ཡོད་པ་རེད། གྲུབ་འབྲས་ཀྱི་སྡེ་ཚན་གཅིག་ནི། འདིར་སློབ་སྦྱོང་གང་ལ་གང་འཚམས་ཐོན་མཁན་འདི་དག་ལ་བྱ་དགའ་དང་ལག་འཁྱེར་གནང་རྒྱུ། ལས་ཀ་བྱེད་མཁན། དཀའ་ལས་བརྒྱབ་ནས་འགན་རྐང་ཁུར་མཁན་ཚོ་ལ་བྱ་དགའ་ལེགས་སྐྱེས་གནང་བའི་མཛད་སྒོའི་ས་ལ་ང་བཅར་ཐུབ་པ་རེད། ཞེ་དྲག་དགའ་བོ་བྱུང༌།

དང་པོ། དེ་རིང་འདིར་བྱ་དགའ་ལེགས་གསོལ་ཐོབ་མཁན་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཟེར་གྱི་ཡིན། ཁྱེད་རང་ཚོས་ཧུར་ཐག་འབད་ཐག་བྱས་པའི་གྲུབ་འབྲས་རེད། དུས་ད་ལྟ་བར་དུ་ཧུར་ཐག་བྱས་པ་དེར་ཐུགས་རྗེ་ཆེ་ཟེར་གྱི་ཡིན། སྤྱི་བའི་ལས་ཀ་གང་དང་གང་ཡིན་ནའང་ཡར་རྒྱས་ཚགས་སུ་ཚུད་པ་ཞིག་བྱུང་བ་ཡིན་ན་ཡར་རྒྱས་བསགས་པས་སྤྱི་བ་དེར་ཕན་ཡོང་གི་རེད། འདིར་ཀིརྟིའི་བྱེས་པ་གྲྭ་ཚང་ཞེས་ཚུགས་བསྡད་པ་འདི་ག་ཚོད་ཀྱིས་ཡར་རྒྱས་ཕྱིན་པ་དེའི་ཚོད་ཀྱིས་བོད་སྤྱི་བ་ལ་ཕན་ཡོང་གི་རེད། ད་དུང་ཡིན་ནའང་ཚང་མས་ལྷག་བསམ་བསྐྱེད་ནས་ཧུར་ཐག་འབད་ཐག་བྱེད་རོགས་གྱིས།

གཉིས་པ། འདིར་སློབ་སྦྱོང་བྱེད་མཁན་ཚོས་ད་ལྟ་རིན་པོ་ཆེས་གསུངས་པ་ནང་བཞིན་དཀའ་ངལ་སྣ་མང་པོ་ཞིག་ཡོང་གི་ཡོད་པ་རེད་དེ། ཡིན་ནའང་དཀའ་ངལ་དེ་དག་གདོང་ལེན་བྱས་པའི་ཐོག་ནས་སློབ་ཁྲིད་བྱེད་མཁན་གྱིས་ སློབ་ཁྲིད་བྱས། སློབ་སྦྱོང་བྱེད་མཁན་གྱིས་སློབ་སྦྱོང་བྱས་ནས་ཧུར་ཐག་འབད་ཐག་བྱེད་ཀྱི་ཡོད་པ་རེད། འདི་ཤིན་ཏུ་གལ་ཆེན་པོ་རེད། བོད་པ་ལ་དེ་རིང་ཁ་སང་དུས་ཚོད་དཀའ་ངལ་ཆེན་པོ་ཡོད་པའི་སྐབས་འདིར་ཁ་ཡོད་ལག་ ཡོད་ཀྱི་ཐོག་ནས་བྱེད་ཐུབ་པའི་ཐབས་ཤེས་གཅིག་ག་རེ་འདུག་ཅེས་ལབ་ན། སློབ་སྦྱོང་སྤྲོད་རྒྱུ་དེ་རེད། བོད་གཞིས་ལུས་སོ་སོའི་ལུང་པའི་ནང་གི་རྒྱ་ཆེའི་མི་མང་ཚོའི་ཐོག་ལ་ཡིན་ནའང་འདྲ། ང་ཚོ་འདིར་བཙན་བྱོལ་ལ་ཡོད་མཁན་ཚོའི་ཐོག་ལ་ཡིན་ནའང་འདྲ། མི་ཐོག་གསར་བ་དེ་དག་ལ་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུ་དེ་གལ་ཆེ་ཤོས་རེད། བོད་སྤྱི་བའི་དོན་ལ་ཡིན་ནའང་རེད། མི་སྒེར་བ་སོ་སོའི་མི་ཚེ་གཅིག་གི་ཁེ་ཕན་གྱི་ཐོག་ལ་ཡིན་ནའང་རེད། གང་ལྟར་ཤེས་ཡོན་ཟེར་བ་དེ་ཞེ་དྲག་གི་གལ་ཆེན་ཆགས་ཀྱི་ཡོད། ཤེས་ཡོན་གྱི་ཐོག་ལ་ཞབས་འདེགས་ཞུ་མཁན་ཆེ་ཆུང་ག་རེ་ཡིན་ནའང་དངོས་གནས་བྱ་བ་བཟང་པོ་ཞིག་དང་བྱ་བ་གལ་ཆེན་པོ་ཞིག་རེད། འདིར་ཤེས་ཡོན་སྤྲོད་པའི་རྟེན་གཞིའམ་སྒྲིག་འཛུགས་ཤིག་ཆགས་ནས་ཡོད་པ་འདི་ཞེ་དྲག་ཡག་པོ་རེད། འདིར་བོད་རང་གི་གནའ་རབས་ཀྱི་རིག་གཞུང་བཟང་པོ་དེ་དག་གཙོ་བོར་བྱས་ནས་སློབ་སྦྱོང་སྤྲད་ཀྱི་ཡོད་པ་རེད། དེ་རིང་ཁ་སང་གི་དུས་ཚོད་འདི་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ནང་པ་སངས་རྒྱས་པའི་ཆོས་དང་འབྲེལ་བའི་རིག་གནས་ཟེར་ནའང་མི་འདུག་རིག་གཞུང་ཟེར་ནའང་མི་འདུག དངོས་གནས་རྨེག་མེད་ཤུལ་མེད་དུ་འགྲོ་བའི་ཉེན་ཁའི་མཚམས་ལ་སླེབས་ཡོད། དེ་འདྲའི་དུས་ཚོད་འདིར་ཁྱེད་རང་ཚོས་གནའ་རབས་ཀྱི་ཤེས་ཡོན་གཙོ་བོར་གྱུར་པའི་ཤེས་ཡོན་སློབ་སྦྱོང་བྱེད་རྒྱུ་འདི་ཞེ་དྲག་གི་གལ་ཆེན་པོ་དང་རྣག་ཐོག་གཙགས་འཁེལ་གྱི་བཟོ་འདྲ་བོ་ཞིག་བྱུང་འདུག ཞེ་དྲག་ཡག་པོ་རེད། དེ་འདྲ་སོང་དུས་ཁྱེད་རང་ཚོ་སློབ་སྦྱོང་གནང་མཁན་ཚོས་ཧུར་ཐག་འབད་ཐག་གིས་སློབ་སྦྱོང་གནང་རྒྱུ་ཡོད་པ་ཞིག་དགོས། ངས་རྒྱ་གར་ནང་ལ་ཡོད་པའི་དགོན་པ་ཁག་ལ་བཤད་ཀྱི་ཡོད། དགོན་ཁག་གི་ནང་དུ་སློབ་སྦྱོང་བྱེད་མཁན་གྱི་སློབ་ཕྲུག་ཚོས་དགེ་རྒན་འོས་སྦྱོང་བྱས་པ་ནང་བཞིན་ཞིག་ལ་བརྩིས་ཏེ། སློབ་ཕྲུག་མི་རེ་ངོ་རེས་ཕྱིན་ཆད་དགེ་རྒན་བྱེད་ཐུབ་པའི་བསམ་བློའི་འདུན་པ་བཏང་ནས་སློབ་སྦྱོང་བྱས་པ་ཡིན་ན། སོ་སོའི་ལུང་པའི་ནང་ཕར་སླེབས་དུས་འདི་ནས་སློབ་སྦྱོང་ཐོན་པའི་མི་བཅུ་ཡིན་ནའང་རེད། མི་རེ་རེས་ཕྲུ་གུ་བཅུ་ཉི་ཤུ་ལ་སློབ་སྦྱོང་སྤྲད་པ་ཡིན་ན་ཕྲུ་གུ་བརྒྱ་ཕྲག་གཅིག་གཉིས་ཤིག་ལ་ཕན་ཐོགས་བྱེད་ཐུབ་པ་ཞིག་ཡོང་གི་རེད། དེ་འདྲ་ཡིན་དུས་འདིར་སློབ་སྦྱོང་བྱེད་མཁན་ཚོས་རང་ཉིད་གཅིག་པུར་ཤེས་ཡོན་འཇགས་ཐུབ་པ་དེ་ཙམ་ཞིག་གི་དམིགས་ཡུལ་མ་བཟུང་བར། འདིར་ཆ་རྐྱེན་འཛོམས་པོ་མེད་པའི་དཀའ་ངལ་ཆེན་པོ་ཞིག་གི་འོག་ནས་སློབ་སྦྱོང་ཐོབ་པ་དེས་ཕྱིན་ཆད་སོ་སོས་ཕར་སློབ་སྦྱོང་སྤྲོད་མཁན་གྱི་དགེ་རྒན་ཞིག་བྱེད་རྒྱུའི་དམིགས་ཡུལ་ཡིན་བསམ་པའི་ཐོག་ནས་སློབ་སྦྱོང་སྤྲོད་མཁན་གྱིས་དེ་ལུགས་ཀྱི་སློབ་སྦྱོང་སྤྲད། གཙོ་བོ་སློབ་སྦྱོང་བྱེད་མཁན་ཡིན་ནའང་བསམ་བློ་དེ་རྒྱ་ཆེ་ས་ཞིག་ནས་བཏང་སྟེ་ཤེས་ཡོན་སྦྱངས། ཕྱིན་ཆད་བོད་དུ་རྒྱ་ཆེའི་མི་མང་ལ་ཕན་ཐོགས་བྱེད་ཐུབ་པ་ཞིག་བྱེད་ཀྱི་ཡིན་བསམ་པའི་བསམ་བློ་བཏང༌། འདིར་སློབ་སྦྱོང་བྱེད་མཁན་མི་ཉུང་ཤས་ཤིག་མ་གཏོགས་ཡོད་པ་མ་རེད་དེ་ཡིན་ནའང་མི་རེ་ངོ་རེས་དགེ་རྒན་ཞིག་བྱེད་རྒྱུའི་ལྷག་བསམ་གྱི་འདུན་པ་འདྲ་བོ་བསྐྱེད་ནས་བྱེད་རྒྱུ་བྱུང་ན་དེ་ལ་གནད་འགག་ཅིག་མཐོང་གི་འདུག གཉིས་ནས་ལུས་ལ་གྲྭ་ཆས་གྱོན་ནས་སློབ་སྦྱོང་བྱེད་མཁན་ཞིག་ཡིན་དུས་ངས་ནམ་རྒྱུན་འབོད་བསྐུལ་བྱེད་ཡག་ལ། སྔ་མོ་ཡིན་ན་བླ་མ་བྱེ་བྲག་པ་ཞིག་གི་སྐུའི་ཆེ་བའི་ཡོན་ཏན་ལ་མཁན་བཙུན་བཟང་གསུམ་ཞེས་བཤད་པ་དེ། དེང་སང་གི་བོད་པ་མི་རེ་ངོ་རེ་ལ་མཁས་བཙུན་བཟང་གསུམ་འཛོམས་པ་ཞིག་བྱེད་དགོས་ཀྱི་འདུག་ཅེས་བཤད་ཀྱི་ཡོད། ང་ཚོར་དེའི་ཆ་རྐྱེན་ཡོད་པ་རེད། འབད་བརྩོན་བྱས་ན་བྱེད་ཐུབ་པ་ཞིག་རེད། དངོས་གནས་རང་ང་ཚོའི་མི་ཐོག་རྗེས་མ་དེ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཡོད་པའི་མི་ཞིག་བཟོ་དགོས་ཀྱི་འདུག་ཅེས་འབོད་སྐུལ་བྱེད་ཀྱི་ཡོད། དེ་འདྲ་ཞིག་ཡོང་བའི་རེ་བ་ཡང་བརྒྱབ་ཀྱི་ཡོད། ཡང་སྒོས་ལྷག་པར་ཅན་དུ་ལུས་ལ་གྲྭ་ཆས་མནབས་མཁན། སངས་རྒྱས་བཅོམ་ལྡན་འདས་ཀྱི་ན་བཟའ་མནབས་མཁན་ཞིག་ལ་ལྷག་པར་དུ་བཟང་པོའི་ཡོན་ ཏན་དང་བཙུན་པའི་ཡོན་ཏན་དེ་གཉིས་ཞེ་དྲག་གི་གལ་ཆེན་པོ་རེད། སྤྱི་ཚོགས་ནང་མིག་དཔེར་འོས་པ་ཞིག་དང་སངས་རྒྱས་ཀྱི་བསྟན་པའི་ཞབས་འདེགས་སུ་འགྲོ་བ། སྟོན་པ་བཀའ་དྲིན་ཅན་གྱི་རྗེས་འཇུག་རྣམ་པར་དག་པ་མིག་དཔེར་འོས་པ་ཞིག་ཡོང་རྒྱུ་དེ་ཞེ་དྲག་གི་གལ་ཆེན་པོ་རེད། དེ་ཚང་མས་དགོངས་པར་བཅང༌།

དོན་ཚན་གསུམ་པ་དེ། ཀིརྟི་རིན་པོ་ཆེའི་ལས་བསྡོམས་དེ་ལས་བསྡོམས་ཕྱི་གསལ་ནང་གསལ། ཕྱི་ནང་གསང་གསུམ་གྱི་གནས་ཚུལ་ཐམས་ཅད་གསུངས་ནས་ལས་བསྡོམས་ཞེ་དྲག་ཡག་པོ་བྱུང་སོང༌། དངོས་གནས་ང་རང་དགའ་བོ་ཞེ་དྲག་བྱུང༌། ཡག་པོ་ཞེ་དྲག་རེད། ང་རང་ཚོ་འདྲ་ཆགས་པོ་བྱེད་པའི་དུས་ཚོད་མ་རེད། དངོས་དངོས་རྗེན་རྗེན་གྱིས་ལེགས་པའི་ཆ་ག་རེ་ཡོད་དང་སྐྱོན་གྱི་ཆ་ག་རེ་ཡོད་པ། དཀའ་ངལ་ག་རེ་ཡོད་པ། བྱས་རྗེས་གྲུབ་འབྲས་ག་རེ་ཡོད་ཚང་མ་གསུངས་པ་ཡིན་དུས་ཡག་པོ་རེད། དངོས་ཡོད་གནས་ཚུལ་ལ་ལས་ཀ་ག་རེ་ཡིན་ནའང་བཟང་དང་ངན་སྣ་ཚོགས་ཤིག་ལོ་རྒྱུས་ཀྱི་ཐོག་ལའང་བྱུང་ཡོད་པ་རེད་ལ་ད་ལྟ་ཡིན་ནའང་ཡོང་གི་རེད། གསལ་བོ་བྱས་ནས་ངོ་སྤྲོད་གནང་དུས་ཡག་པོ་རེད། ང་ཞེ་དྲག་དགའ་བོ་བྱུང༌། ང་རང་གིས་གནས་ཚུལ་གསར་བ་ཡང་ཁ་ཤས་ཤེས་སོང༌། ཞེ་དྲག་ཡག་པོ་རེད། ངས་དམིགས་བསལ་ཞུ་སྙིང་འདོད་པ་ཞིག་ལ་ཐོག་མར་ལྔ་བཅུ་ང་བཞིའི་ལོ་ཡིན་ས་ཡོད། ང་པེ་ཅིང་ལ་སླེབས་པའི་སྐབས་རྨེའུ་དཔལ་མགོན་འཕྲིན་ལས་རབ་བརྟན་རྒྱ་ནག་ལ་སླེབས་ཡོད་པ་རེད། དེ་དུས་ང་ཐོག་མར་ཐུག་པ་རེད། རྨེའུ་རྒྱལ་པོ་དཔལ་མགོན་འཕྲིན་ལས་རབ་བརྟན་ལོ་རྒན་པ་ཞིག་མ་རེད། ཕོ་གསར་ཞིག་རེད་དེ་ཧ་ལས་པའི་དད་པ་ཆེན་པོ་དང༌། དད་པ་བརྟན་པོ་ཡོད་པ་ཞིག་རེད། སོ་སོའི་མི་རིགས་ཀྱི་ལྟ་བའང་ཤུགས་ཆེན་པོ་ཡོད་པ་ཞིག་རེད། ལྔ་བཅུ་ང་དྲུག་ལོར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་པའི་སྐབས། རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་མ་ཡིན་པའི་བོད་རིགས་ཀྱི་ས་ཁུལ་གཞན་དག་གི་མི་སྣ་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་པའི་མཛད་སྒོའི་ས་ལ་སྐུ་མགྲོན་གྱི་ཚུལ་དུ་བྱས་ཏེ་མཚོ་སྔོན་དང༌། ཀན་སུའུ། ཡུན་ནན། ཟི་ཁྲོན་བཅས་ཀྱི་ཁོངས་གཏོགས་བོད་རིགས་ས་ཁུལ་འདྲ་མི་འདྲ་ནས་དཔོན་རིགས་མི་སྣ་དགའ་རབ་ཅིག་སླེབས་པ་དེའི་ནང་ལ་དཔལ་མགོན་འཕྲིན་ལས་རབ་བརྟན་སླེབས་པ་རེད། ལྷ་ས་ནས་ང་ཚོ་ཚར་ཁ་ཤས་ཐུག་པ་རེད། གཞུང་འབྲེལ་གྱི་མཛད་སྒོའི་རྣམ་པ་བྱས་ནས་མཇལ་ཁའི་ཐོག་ལ་ཚར་ཁ་ཤས་ཐུག་ཡོད་པ་རེད། ཡང་རྒྱ་མིའི་ཚོགས་འདུའི་ས་ནས་ཚར་མང་པོ་ཐུག་ཡོད་པ་རེད། ལྷག་པར་ངས་དྲན་སོས་པ་ཞིག་ལ། རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་ནས་ལྷ་སར་མཛད་སྒོ་ཚོགས་བཞིན་ པའི་སྐབས་དེར། ཉིན་ཞིག་གློ་བུར་དུ་དཔལ་མགོན་འཕྲིན་ལས་རབ་བརྟན་ནོར་བུ་གླིང་ཁའི་ལྕགས་རི་སེར་པོའི་སྒོ་འགྲམ་དེར་སླེབས་འདུག་ཟེར། དཔོན་པོ་ངོ་ཤེས་ཀྱི་ཡོད། དཔོན་པོར་ཐུག་དགོས་ཡོད་ཟེར་ནས་ཁ་ཐུག་ང་མཇལ་ཁ་དགོས་ཡོད་ཟེར། དཔོན་པོས་པེ་ཅིང་ནས་ངོ་ཤེས། ངས་ཀྱང་ངོ་ཤེས་པས་ཡར་ཤོག་ལབ་པ་རེད། དེ་དུས་ཁོ་རང་གི་བུ་མོ་ཞིག་ན་ནས་གྲོངས་གྲབས་བྱས་པ་ཡིན་ས་ཡོད། ཕྱི་དྲོ་ཞིག་ལ་དཔོན་པོས་ཡར་ཁྲིད་ཡོང་སྟེ་ངས་ཐུག་པ་ཡིན། དངོས་གནས་དྲང་གནས་དད་པ་བརྟན་པོ་དང་ནང་ཚགས་ཀྱི་འདུ་ཤེས་ཤུགས་ཆེན་པོ་ཡོད་མཁན་གྱི་མི་ཞིག་ཡིན། ཧ་ལས་པའི་དད་པ་བརྟན་པོ་རེད། དེ་ནས་ཕལ་ཆེར་ཐུག་ཐུབ་མེད། དེ་དུས་རིན་པོ་ཆེའི་མིང་ནས་སྨོས་ཏེ། ཀིརྟི་རིན་པོ་ཆེ་རྒྱལ་པོའི་དཔྲལ་བའི་མིག་དང་ཁོག་བའི་སྙིང་ལྟ་བུ་ཡིན་ཞེས་ང་ལ་ཞེ་དྲག་མངགས་ནས། རྒྱལ་བ་རིན་པོ་ཆེས་ཡག་པོ་བལྟ་རོགས་གྱིས་ཟེར་ནས་ང་ལ་ལབ་མྱོང༌། དེ་ནས་ག་ལེ་ག་ལེར་རིན་པོ་ཆེ་ཡར་སླེབས་པ་རེད། དེ་དུས་རིན་པོ་ཆེ་ཆུང་ཆུང་རེད། དེ་དུས་གནས་ཚུལ་ཛ་དྲག་ངང་སྡུག་ཏུ་སྡུག་ཏུ་འགྲོ་བསྡད་ཀྱི་ཡོད། ལྔ་བཅུ་ང་དགུའི་ལོར་རྒྱ་གར་ལ་སླེབས་ཚར་བའི་རྗེས་ལ་ཁྱེད་རང་ཚོ་བལ་ཡུལ་བརྒྱུད་ནས་ཡོང་བ་རེད། ང་རྒྱ་གར་ནང་གནས་སྐོར་ལ་ཕྱིན་ནས་མཉན་ཡོད་དུ་སྔར་གྱི་གཙུག་ལག་ཁང་གྱང་ཤུལ་རྙིང་པ་ཡོད་པ་དེར་ཆོས་འབྲེལ་བྱེད་དགོས་ཟེར་ནས་དེའི་ས་ལ་དང་པོ་ཐུག་པ་རེད། དེ་དུས་ཡོངས་འཛིན་བགྲེས་སོང་དང༌། ཕྱག་མཛོད་བཅས་ཡོད་པ་རེད། ཡོངས་འཛིན་དམ་པ་དེ་དང་ཕྱག་མཛོད་ཀྱིས་རིན་པོ་ཆུང་ཆུང་རེད་ཅེས་རིན་པོ་ཆེ་ངའི་འཁྲིས་ལ་ཡར་ཁྲིད་ཡོང་སྟེ་རིན་པོ་ཆེ་ལ་སྔགས་རྒྱག་རོགས། ཕུ་རྒྱག་རོགས་གྱིས་ཟེར་བ་ལྟ་བུ་ཞེ་དྲག་ཞིག་ང་ལ་འགན་འདྲ་བོ་སྤྲད་ནས་དེ་ལྟར་བྱས་པ་རེད། རིན་པོ་ཆེ་དེ་དུས་ལྗགས་ཏོག་ཙམ་བདེ་བོ་རང་མེད་པ་ཞིག་ཆགས་ནས་ངས་དེ་དུས་དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བའི་དམིགས་བརྩེ་མའི་ཐོག་ནས་ཤེས་རབ་བདུན་པོའི་དམིགས་པ་བྱེད་རྒྱུ་དེ་ཏོག་ཙམ་བྱས་ན་ཡག་པོ་མེད་འགྲོ་ཞེས་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོས་མཛད་པའི་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཡིག་དངོས་གྲུབ་ཀུན་འབྱུང་གི་ཕྱག་དཔེ་ཞིག་ཕུལ་བ་དྲན་གྱི་འདུག དེའི་ཐོག་དགོངས་པ་བཞེས་ཐུབ་ན་ཡག་པོ་རེད་ཅེས་བཤད་པ་ཡིན། དུས་ཚོད་དེ་ལྟར་ཕྱིན་པ་རེད། རིན་པོ་ཆེ་སྦག་སར་བཞུགས་པ་རེད། ཌ་ལ་ཧཱུ་སིར་ཏོག་ཙམ་བཞུགས་པ་རེད། གང་ལྟར་དཔལ་མགོན་འཕྲིན་ལས་རབ་བརྟན་གྱིས་ང་ལ་འགན་ཞེ་དྲག་ཅིག་སྤྲད། རྒྱ་གར་ལ་སླེབས་པའི་རྗེས་ལ་ཡོངས་འཛིན་དམ་པ་རེད། དེ་ག་ནང་བཞིན་ཕྱག་མཛོད་དམ་པ་དང་ཁོང་ཚོའི་གྲས་ཀྱིས་ཞེ་བོ་ཞིག་ང་ལ་འགན་སྤྲད་པ་རེད་དེ། ངས་དམིགས་བསལ་གྱིས་ལྟ་ཐུབ་ཡག་གང་ཡང་མི་འདུག་ལ་བྱེད་ཡག་ཀྱང་མི་འདུག སྐྱབས་འཇུག་ཡོད་མདོག་མདོག་བྱས་པ་མ་གཏོགས་ཞེ་དྲག་བྱེད་ཐུབ་ཡོད་པ་མ་རེད། ཡིན་ནའང་རིན་པོ་ཆེ་ཁྱེད་རང་གི་ངོས་ནས་ཧུར་ཐག་འབད་ཐག་བྱས་ཏེ་དངོས་གནས་བློ་རྩེ་བརྟན་པོ་ཞིག་གི་ཐོག་ལ་བསྡད་པ་རེད། ཡོངས་འཛིན་ལ་ཆ་བཞག་ན་དགེ་ཉི་མ་རེད། དགེ་ཉི་མའི་དགེ་ཕྲུག་བྱས་པ་རེད། ཡིན་ནའང་བསླབ་པ་སློབ་གཉེར་ཐོག་ལ་ཞེ་དྲག་གི་ཤུགས་བསྐྱོན་ཐུབ་ཡོད་པ་མ་རེད། ཡིན་ནའང་བསླབ་པ་སློབ་གཉེར་ཡོད་མེད་ལ་མ་ལྟོས་པར་གང་ལྟར་སོ་སོ་རང་གི་ངོས་ནས་ཆ་བཞག་ནའང་དམ་ཚིག་མཐུན་པོ། དུས་ད་ལྟའི་སྐབས་ལ་ཆ་བཞག་ནའང་དངོས་གནས་དྲང་གནས་ཀྱི་བསྟན་པ་སྤྱི་ལ་ཞབས་འདེགས་སྒྲུབ་ཡག་གི་ལྷག་བསམ། ནང་ལ་ལྷག་བསམ་ཡོད་པ་ནང་བཞིན་ལག་ལེན་གྱི་ཐོག་ནས་ཕྱིན་ཆད་བསྟན་པའི་མེ་རོ་གསོ་ཡག་གི་ས་བོན་འདྲ་བོ་ཞིག་བཏབ་ནས་སྨིན་ཡོང་ཡག་ཅིག་གི་རིན་པོ་ཆེས་དཀའ་ལས་བརྒྱབ་པ་རེད། བར་སྐབས་བོད་ལ་གཉེན་འཕྲད་ཀྱི་གོ་སྐབས་ཤིག་ཡོང་བའི་སྐབས་ལའང་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་རིན་པོ་ཆེས་ཧུར་ཐག་འབད་ཐག་བྱས་ཏེ། སྐབས་དེར་ལྷ་མོའི་བླ་མཚོ་སོགས་ལ་ཧུར་ཐག་འབད་ཐག་བྱས་བྱུང༌། ཞེ་དྲག་ཡག་པོ་རེད། དཔལ་མགོན་འཕྲིན་ལས་རབ་བརྟན་གཤེགས་འགྲོ་མཁན་དེ་དང་ཡོངས་འཛིན་དམ་པ་རེད། དེ་ག་ནང་བཞིན་ཕྱག་མཛོད་དམ་པ་དང་ཁོ་རང་ཚོས་ང་ལ་རེ་ལྟོས་བྱས་པ་ནང་བཞིན་གྱི་ངའི་ངོས་ནས་རླབས་ཆེན་པོ་ཞིག་གི་རིན་པོ་ཆེ་ལ་ཕན་ཐོགས་བྱེད་ཐུབ་ཡག་བྱུང་ཡོད་པ་མ་རེད་དེ། ཡིན་ནའང་རིན་པོ་ཆེ་རང་གི་ངོས་ནས་ཧུར་ཐག་འབད་ཐག་བྱས་ཏེ། གང་ལྟར་ཡང་སྙིང་ང་རང་ཚོ་ཕན་ཚུན་བླ་མ་སློབ་མ་ཟེར་ནའང་མི་འདུག ཆོས་གྲོགས་ཟེར་ནའང་མི་འདུག དངོས་གནས་རང་དམ་ཚིག་དཀར་གཙང་འོ་ཆུ་གཅིག་འདྲེས་དེ་འདྲ་ཞིག་གི་ངང་ནས་བསྡད་པ་རེད།

མཚན་ཞབས་རིན་པོ་ཆེ་ལ་ཆ་བཞག་ནའང༌། བུ་སྟོན་ཐམས་ཅད་མཁྱེན་པའི་འགྲེལ་ཆེན་གྱི་ཐོག་ནས་དུས་འཁོར་བསྡུས་རྒྱུད་དང་སྦྲགས་ནས་འགྲེལ་པའི་འཆད་ཉན་བྱེད་པའི་རྒྱུན་དེ་ཞེ་དྲག་དཀོན་པོ་ཆགས་ནས་ཧ་ལམ་མེད་པའི་བཟོ་འདྲ་བོ་ཞིག་ཆགས་པའི་སྐབས་ལ། ཡོངས་འཛིན་དམ་པ་གླིང་རིན་པོ་ཆེས་དུས་འཁོར་འགྲེལ་ཆེན་གྱི་ཁྲིད་རྒྱུན་དེ་ཏན་ཏན་ཡོད་རྒྱུ་རེད་ཅེས་གསུངས། འདི་ལ་ཡོད་པ་རེད་ཅེས་རིན་པོ་ཆེས་མཁྱེན་པའི་རྣམ་པ་བསྟན་གྱི་ཡོད་པ་མ་རེད། ཡོད་པ་ཞིག་གི་ཚོད་དཔག་ཤུགས་ཆེན་པོ་ཞིག་གནང་གི་འདུག རྗེས་མར་མཚན་ཞབས་རིན་པོ་ཆེ་ལ་ཁྲིད་རྒྱུན་དེ་ཡོད་པ་དེ་གལ་ཆེན་པོ་དང་དཀོན་པོ་ཆགས་བསྡད་དུས་གསེར་ཀོང་མཚན་ཞབས་རིན་པོ་ཆེ་དམ་པ་དེ་དང་ངེད་གཉིས་བཀའ་མོལ་བྱུང་སྟེ་དང་པོ་རིན་པོ་ཆེས་གསན་ཤོག་ཅེས་བཤད་ནས་རིན་པོ་ཆེའི་སྐུ་མདུན་ནས་ དེ་གསན། ངས་གསེར་ཀོང་རིན་པོ་ཆེའི་སྐུ་མདུན་ནས་མར་ཞུས་ཏེ་ཆ་ཚང་ཞིག་གྲུབ་ཡོད་པ་མ་རེད། འཕྲོ་ཅན་དུ་ལུས་པ་རེད། དེ་གཅིག་པུ་ལ་ཆ་བཞག་ནའང་ཕྱིན་ཆད་བསྟན་པའི་མེ་རོ་གསོ་ཡག་གི་ཆ་རྐྱེན་གལ་ཆེན་པོ་ཞིག་ལ་ངས་བརྩི་གི་ཡོད། དབང་ལུང་ཁྲིད་རྒྱུན་མང་པོ་ཞིག་བར་སྐབས་ག་ས་ག་ལ་རིན་པོ་ཆེས་གནང་བ་རེད། འབྲས་སྤུངས་ལའང་མི་ཏྲ་གནང་སྟེ་ཞེ་དྲག་ཡག་པོ་བྱུང༌། ཧུར་ཐག་འབད་ཐག་གནང་བ་རེད། ཞེ་དྲག་དགའ་བོ་བྱུང༌། བར་སྐབས་མཚན་ཞབས་རིན་པོ་ཆེ་ཁྱེད་རང་མ་མཇལ་བར་དགའ་རབ་ཕྱིན་པ་རེད། རིན་པོ་ཆེའི་གདོང་ཡང་རྒས་མི་འདུག ད་དུང་མུ་མཐུད་ནས་བསྟན་པའི་ཞབས་འདེགས་དགའ་རབ་བསྒྲུབ་ཀྱི་ཡིན་དགོངས་ཡོད་པ་འདྲ། རིན་པོ་ཆེའི་ཞལ་རས་ད་ལྟ་གསོས་པོ་བྱས་ནས་བསྡད་ཤག ཞེ་དྲག་དགའ་བོ་བྱུང༌། ཐུགས་རྗེ་ཆེ་ཞེས་ཞུ་གི་ཡིན།

རིན་པོ་ཆེས་ལས་བསྡོམས་ནང་ལ་གསུངས་པ་ནང་བཞིན་དཀའ་ངལ་ཏན་ཏན་ཡོང་ཡག་རེད། དཀའ་ངལ་ཡོང་བ་དངོས་པོའི་གཤིས་སུ་གྲུབ་པ་རེད། དཀའ་ངལ་གྱི་རིགས་གཅིག་ང་རང་ཚོས་ཐབས་ཤེས་བྱས་ནས་སེལ་ཐུབ་པ་ཞིག་དང༌། རིགས་གཅིག་གནས་སྐབས་རིང་ཐབས་ཤེས་ཀྱིས་སེལ་ཐུབ་ཐབས་མེད་པའི་རིགས་ཤིག་ཡོད། དཀའ་ངལ་ཐབས་ཤེས་བྱས་ནས་སེལ་ཐབས་ཡོད་པ་དེ་དག་ཡིན་ད་ཡིན། སྒྲོམ་གཞི་ཚུགས་ཚར་བ་དེ་འཕྲོ་བརླག་མི་འགྲོ་བ་ཞིག་དང་ཕྱོགས་གང་ས་ནས་ཡར་རྒྱས་འགྲོ་ཐུབ་པ་ཞིག་འབྲེལ་ཡོད་ཆོས་དོན་ཡིན་ནའང་འདྲ། ཤེས་རིག་ཡིན་ནའང་འདྲ། སྐུ་སྒེར་ཡིག་ཚང་ཡིན་ནའང་འདྲ། གཞི་རྩ་མེད་པའི་ཐོག་ལ་རིན་པོ་ཆེས་དཀའ་ལས་བརྒྱབ་སྟེ་འདི་འདྲ་ཞིག་བཙུགས་ཚར་བ་དེ་ཡར་རྒྱས་མུ་མཐུད་ནས་འགྲོ་ཐུབ་ཡག་ཅིག་དང༌། མཐུན་རྐྱེན་གྱིས་ཕོངས་ནས་དཀའ་ངལ་འཕྲད་པ་དེ་འདྲ་མི་ཡོང་བའི་ཐབས་ཤེས་མ་ཐུབ་ན་རེད་མ་གཏོགས་ཐུབ་པ་དེ་དག་ངེས་པར་དུ་ལོས་བྱེད། རིན་པོ་ཆེའི་ངོས་ནས་ཡིན་ནའང་དཀའ་ངལ་དེ་ཚོ་འབྲེལ་ཡོད་ལས་ཁུངས་ཚོས་སེལ་ཐུབ་ཡག་ཡོད་པ་དེ་ཚོའི་གྲས་ཁ་ཐུག་ཁ་ཐུག་ལ་ནང་ཚགས་རང་བྱས་གསལ་བོ་བྱས་ནས་གསུངས་ན་བསམ་གྱི་འདུག

མཐའ་མའི་བསྡོམས་དེར། ད་ནང་ཞོགས་ཀ་ཨ་མདོ་སྔགས་པ་ཚོ་ཡོད་ས་དེར་ཕྱིན་པ་རེད། དེ་ལ་ཨ་མདོ་དགའ་རབ་ཅིག་འཛོམས་བསྡད་འདུག དེ་རིང་ཨ་མདོ་ཚོར་ལ་རྒྱ་འདྲ་བོ་ཞེ་དྲག་འདུག་ཅེས་རྩེད་མོ་རྩེས་ནས་ལབ་པ་ཡིན། ང་རང་ཨ་མདོ་རེད། ང་ཚོ་ཨ་མདོ་མཉམ་དུ་འཚོགས་ཀྱི་ཡིན་ད་ཟེར་ནས་ལབ་པ་ཡིན། ད་ལྟ་འདི་ལ་ཡང་ཨ་མདོ་མང་པོ་ཞིག་འཛོམས་ཏེ་དེ་རིང་ཨ་མདོ་ཚོ་སྒོར་གཞས་འཁྲབ་དགོས་ཡག་རེད་ཤག ཨ་མདོ་ཚང་མས་སྒོར་སྒོར་བྱས་ནས་སྒོར་གཞས་འཁྲབ་དགོས་པའི་དུས་ཚོད་ཆགས་བསྡད་ཡོད་པ་རེད། ངས་ཨ་མདོའི་སྐད་ཚང་མ་བརྗེད་ཚར་བ་རེད་དེ། ཡིན་ནའང་ངའི་ཤ་དང་རུས་པ་དེ་མདོ་སྨད་ནས་ཡོང་བསྡད་པའི་མི་ཞིག་རེད། ང་རང་ཚོ་ཚང་མ་ཨ་མདོ་གཅིག་པ་རེད། ང་རང་ཚོས་རྨོངས་ཞེན་གྱིས་ཨ་མདོའི་ལ་རྒྱ་ཞེན་ཁོག་བྱས་ནས་ཆོ་ཡོད་པ་མ་རེད། ཡིན་ནའང་མདོ་སྨད་པ་ཟེར་དུས་བོད་ཀྱི་ལོ་རྒྱུས་ནང་ལ་བྱས་རྗེས་ཡོད་པ་ཞིག་དང་གལ་ཆེན་པོ་ཞིག་གི་ཆོལ་ཁ་ཞིག་ཆགས་ཡོད་པ་རེད། རིན་པོ་ཆེས་ལས་བསྡོམས་ནང་ལ་གསུངས་པ་བཞིན་མདོ་སྨད་ཀྱི་ཆོལ་ཁ་དེ་དགའ་ལྡན་ཕོ་བྲང་ཚུགས་པའི་རྗེས་ལ་ཕལ་ཆེར་དགའ་ལྡན་ཕོ་བྲང་དང་འབྲེལ་བ་དམིགས་བསལ་ཡོད་པ་ཞིག་ཆགས་ཡོད་པ་མ་རེད། མདོ་སྟོད་ཀྱི་ས་ཁུལ་ཕལ་ཆེར་དར་རྩེ་མདོའི་བར་དུ་བོད་གཞུང་དང་འབྲེལ་བ་ཡོད་པ་ཞིག་དང༌། སྐབས་རེར་ཡོང་གི་ཡོད་པ་མ་རེད། ཆབ་སྲིད་ཀྱི་གནས་ཚུལ་ཟེར་ན་མི་འདུག སྲིད་དོན་གྱི་གནས་ཚུལ་ཟེར་ན་མི་འདུག སྤྱིར་བཏང་ཨ་མདོའི་ཁ་རྒྱུན་ལ། བོད་པ་དང་རྒྱ་མིས་ཁ་མཁས་པོ་བྱས། བསམ་པ་ནག་པོ་ཡོད་པ་རེད་ཅེས་ང་ཚོས་དེ་འདྲ་བཤད་མྱོང་བ། ཨ་མདོ་ཚོས་དབུས་གཙང་གི་མི་ལ་བོད་པ་ཞེས་པའི་མིང་བཏགས་ནས་ཨ་མདོ་ལ་བོད་པས་མགོ་ སྐོར་གཏོང་གི་རེད་ཅེས་བོད་པ་དང་རྒྱ་མི་མཉམ་དུ་བཞག་ནས་ཁ་ནས་དེ་འདྲ་ཞིག་བཤད་ཀྱི་ཡོད་པ་རེད་དེ། ཆོས་དང་རིག་གཞུང༌། རྩ་བའི་ང་ཚོ་མི་རིགས་ཀྱི་ཆ་ནས་གཅིག་གྱུར་ཡིན་དུས་གཅིག་གྱུར་གྱི་ལར་ཞེན་ལྡོག་ཏུ་མེད་པ་ཞིག་ཡོད་པ་རེད། བྱེ་བྲག་ཏུ་བར་སྐབས་ཀྱི་དུས་ཚོད་དེར། པཎ་ཆེན་རིན་པོ་ཆེ་བཀའ་དྲིན་ཅན་ཞིང་གཤེགས་དེར་ཆ་བཞག་ནའང་ཨ་མདོ་ནས་ཕེབས་པ་རེད། ང་ལ་ཆ་བཞག་ནའང་ཨ་མདོའི་ས་ཁུལ་ནས་ཡོང་བ་རེད། ང་ཚོ་སྐྱེ་ས་རུས་ཁུངས་ཀྱི་ཆ་ནས་ཡིན་ནའང་མདོ་སྨད་ཨ་མདོ་གཅིག་གྱུར་གྱི་འདུ་ཤེས་ཤིག་གིས་སེམས་ཐག་ཉེ་བོ་ཞིག་ཡོང་གི་ཡོད་རེད། བོད་ནས་ཡོང་མཁན་ཨ་མདོ་གཅིག་གཉིས་ཤིག་གིས་ང་ལ་བཤད་མྱོང༌། རྒྱལ་བ་རིན་པོ་ཆེས་ཨ་མདོའི་སྐད་མང་ཙམ་བརྒྱབ་རོགས་གྱིས་ཟེར། ང་ལ་ཨ་མདོའི་ཞེན་ཁོག་བྱས་ནས་ང་ལ་ཨ་མདོའི་སྐད་བརྒྱབ་ཤོག་ཅེས་ཟེར་གྱི་ཡོད་རེད། ངས་ཨ་མདོའི་སྐད་རྒྱག་སྙིང་འདོད་ཀྱི་འདུག་སྟེ་ཨ་མདོའི་སྐད་ཤེས་ཀྱི་ཡོད་པ་མ་ རེད། བཞད་མོ་བཞད། གང་ལྟར་ང་ཚོ་ཚང་མ་སེམས་ཐག་ཉེ་བོ་བྱས་ནས་འདི་ལྟར་བསྡད་ཡོད་པ་རེད། ཡིན་ནའང་ཨ་མདོ་ཚོས་བོད་གཞུང་གི་ལས་བྱེད་པའི་ནང་ལ་ཨ་མདོ་ཚུད་ཀྱི་མི་འདུག་ཅེས་ལབ་དུས། རྒྱལ་བ་རིན་པོ་ཆེས་ཨ་མདོ་ཡིན་པའི་གོ་ཆོད་ཀྱི་མེད་པའི་བཟོ་འདྲ་བོ་ཞིག་ལ་བརྩི་གི་འདུག བཀའ་ཤག་ནང་ལ་ཨ་མདོ་མི་འདུག ཡས་ཡས་ནང་ལ་ཨ་མདོ་མི་འདུག་ཅེས་ལབ་དུས་མགོ་རྒྱལ་བ་རིན་པོ་ཆེ་ཨ་མདོ་ཡིན་པ་དེ་བརྗེད་ནས་རྒྱལ་བ་རིན་པོ་ཆེས་ཨ་མདོའི་ཚབ་བྱེད་ཐུབ་ཀྱི་མེད་པ་ལ་ཁྱེད་རང་ཚོས་བརྩི་གི་ཡོད་པའི་བཟོ་ཞིག་འདུག བཞད་མོ་བཞད། རྒྱ་མི་གུང་ཁྲན་གྱིས་བོད་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པ་ལ་སྡུག་སྣ་དགུ་གཏོང་བ་དེ་གཅིག་གྱུར་བྱས་ནས་བཏང་བ་རེད་མ་གཏོགས། ཨ་མདོ་ལ་དམིགས་བསལ་གྱིས་བཏང་ཡོད་པ་མ་རེད། ཁམས་པ་ལ་དམིགས་བསལ་གྱིས་བཏང་ཡོད་པ་མ་རེད། དབུས་གཙང་ལ་དམིགས་བསལ་གྱིས་བཏང་ཡོད་པ་མ་རེད། ཆོས་ལུགས་ཡིན་ནའང་དགེ་ལྡན། རྙིང་མ། བཀའ་བརྒྱུད། ས་སྐྱ། ཇོ་ནང༌། བོན། མདོར་ན་ཁ་ཆེ་དང་བཅས་པ་ལ་སྡུག་སྦྱོང་གཅིག་གྱུར་བཏང་བ་ཡིན་དུས་དེ་འདྲའི་གནས་ཚུལ་འོག་ནས་བོད་གངས་ཅན་པ་ཟེར་བའི་མིང་ཚིག་འདིའི་འོག་ནས། ཆོས་ལུགས་ཀྱི་དབྱེ་བ་མེད་པ། ལུང་ཚན་ཕན་ཚུན་གྱི་དབྱེ་བ་མེད་པ། བོད་རིགས་རྩམ་ཟན་གཅིག་གྱུར་ཡིན་པ་དང༌། གངས་ཅན་པ་གཅིག་གྱུར་ཡིན་པའི་འདུ་ཤེས་དེ། ད་ལྟའི་དུས་ཚོད་འདིར་སྔར་ལོ་རྒྱུས་ནང་བྱུང་མ་མྱོང་བའི་འདུ་ཤེས་གསལ་བོ་ཞིག་དང༌། སེམས་ཀྱི་ནང་ལ་སྙིང་སྟོབས་གསར་བ་ཞིག་བསྐྱེད་ནས་བསྡད་ཡོད་པ་དེ་ང་ཚོར་རྐྱེན་ངན་གྲོགས་ལ་ཤར་བའི་གནས་ཚུལ་ཞིག་ཕལ་ཆེར་རེད་བསམ་གྱི་འདུག མི་རིགས་ཡོངས་རྫོགས་གཅིག་གྱུར་ཡིན་པ་དང༌། སྤྱིའི་ལ་རྒྱ་ཞིག་གཞི་ནས་གསོས་པ་ཞིག་ཆགས་ཏེ། ཚང་མས་གལ་ཆེན་པོ་ཡིན་པ་ཞིག་བློ་ལ་ཤར་གྱི་ཡོད་པ་རེད། བཙན་བྱོལ་གཞུང་ལ་ཆ་བཞག་ན་ཕྱི་ལོ་༡༩༥༩ ལོར་མལ་ས་མ་རི་ལ་བོད་པ་ཐོག་མར་འབྱོར་བའི་སྐབས་ནས་བཟུང་ཆོལ་ཁ་གསུམ་དང་ཆོས་ལུགས་ཀྱི་དབྱེ་བ་མེད་པར་བོད་རིགས་མཆིས་སོ་ཅོག་ཡོངས་སུ་རྫོགས་པ། དབྱིན་ཇིའི་མིང་ཚིག་(Tibet)ཟེར་བའི་ཚིག་དེའི་འོག་ལ་དུས་ད་ལྟ་བར་དུ་ཆོལ་ཁ་གསུམ་གཅིག་གྱུར་དང་གཅིག་བསྒྲིལ་གྱི་འོག་ལ་བསྡད། ད་ལྟ་ཡིན་ནའང་དཀའ་ངལ་གཅིག་གྱུར་གྱི་འོག་ལ་མྱངས་པ་རེད། མ་འོངས་པ་ལ་གཞིས་བྱེས་མཉམ་འཛོམས་ཀྱི་སྐྱིད་པའི་ཉི་མ་ཞིག་ཤར་བའི་སྐབས་ལ་ཡིན་ནའང་བདེ་སྐྱིད་ལ་མཉམ་དུ་སྤྱོད་ཐུབ་པ། ཆོལ་ཁ་གསུམ་ཁ་བྲལ་ཐབས་མེད་པའི་ལུས་གཅིག་གི་ཡན་ལག་བཞིན་རེད། མིའི་ལུས་ཞེས་ལབ་དུས་ལུས་ཡོད་ན་རྐང་པ་དང་ལག་པ་མགོ་ཡོད་པ་ཞིག་གཞི་ལ་བཞག་པ་རེད། རྐང་པ་དང་ལག་པ་དང་མགོ་གང་ཡང་རུང་བ་ཞིག་ཚང་གི་མེད་ན་ལུས་དེ་མཚན་ཉིད་མ་ཚང་བ་རེད། བོད་གངས་ཅན་པ་ཞེས་ལབ་དུས་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པ་ཞིག་ལ་གོ་གི་ཡོད་པ་མ་གཏོགས་ཆོལ་ཁ་གཅིག་གི་སྐད་ཆ་མ་རེད། ང་རང་ཚོ་ཚང་མ་དད་པ་དམ་ཚིག མཐུན་བསྒྲིལ། ལ་རྒྱ་གཅིག་གྱུར་བྱེད་རྒྱུ་དེ་གལ་ཆེན་པོ་རེད། བདེན་ཚིག་སྨོན་ལམ་ནང་ལ་ཡོད་པ་བཞིན། ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ། ཟེར་བ་དེ་ང་ཚོའི་སྲིད་ཇུས་ཀྱི་རྩ་བ་ལྟ་བུར་བཞག་སྟེ་སྨོན་ལམ་བརྒྱབ་པ་རེད། དུས་ད་ལྟ་ཡིན་ནའང་འགྱུར་བ་ནམ་ཡང་མེད་པ་ཞིག་རེད། ཨ་མདོ་ཀུན་རུབ་རུབ་བྱས་ནས་ཡོད་པའི་ས་ལ་ངས་གཅིག་བཤད་སྙིང་འདོད་པ་ལ། ང་ཚོའི་རྩ་བའི་སྲིད་ཇུས་དེ་རེད། དུས་ད་ལྟ་བར་དུ་ང་རང་ཚོ་ཚང་མ་གཅིག་གྱུར་གྱི་ཐོག་ནས་ཧུར་ཐག་འབད་ཐག་བྱེད་བྱེད་པ་རེད་ལ། ད་དུང་ཡིན་ནའང་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་ཧུར་ཐག་འབད་ཐག་བྱོས། བདེན་མཐའ་གསལ་ནས་གཞིས་བྱེས་མཉམ་འཛོམས་བྱུང་བའི་མཚམས་སུའང་སྔ་སྲོལ་བག་ཆགས་ཀྱི་བཟོ་ལྟ་བུ་བྱས་ནས་ཕན་ཚུན་འབྲེལ་བ་ཞེ་དྲག་མེད་པའི་བཟོ་ལྟ་བུ་མིན་པར་དངོས་གནས་སྡུག་པོ་མྱངས་པའི་སྐབས་ལ་ཚང་མས་གདུང་ཤུགས་གཅིག་བསྒྲིལ་གྱིས་ཐུན་མོང་མ་ཡིན་པའི་དམ་ཚིག་ལ་རྒྱ་དམ་པོ་བྱས་ནས་གནས་བསྡད་པ་དེ་མུ་མཐུད་ནས་གཞིས་བྱེས་ལྷན་འཛོམས་བྱུང་བའི་རྗེས་སུ་ཡིན་ནའང་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་བོད་ཁ་བ་གངས་ཅན་འདི་འཛམ་བུ་གླིང་འདིའི་ཐོག་ལ་དངོས་གནས་ཞི་བདེའི་བསྟི་གནས་ཤིག་དང༌། འཚེ་བ་མེད་པའི་ཞི་བདེའི་བསྟི་གནས། ཕྱི་ལོགས་སུ་ཞི་བདེ་ཡོད་པ་དང་འཚེ་བ་མེད་པ་ཙམ་དུ་མ་ཟད། ནང་བསམ་བློའི་ནང་ལ་བྱམས་པ་དང་སྙིང་རྗེས་ཕྱུག་པའི་མིའི་སྤྱི་ཚོགས་ཤིག་ཡོང་ ཐུབ་པ། དེ་ལ་འཁོད་པའི་སེམས་ཅན་འབུ་སྲིན་ཚུན་ཆད་བདེ་བ་ལ་འཁོད་ཐུབ་པ་ཞིག་དང༌། འཛམ་གླིང་ཕྱི་ལོགས་ནས་བོད་ལ་ལྟ་སྐོར་དུ་ཡོང་མཁན་ཡིན་ནའང་འདྲ། སྐུ་མགྲོན་ལ་ཡོང་མཁན་ཡིན་ནའང་འདྲ། སུ་དང་སུ་ཡིན་ནའང་ལུང་པ་དེའི་ནང་ལ་སླེབས་པ་ཙམ་གྱིས་སེམས་ལ་ཞི་བདེ་དང་སེམས་ལ་བྱམས་བརྩེའི་ཚོར་བ་གསར་བ་ཞིག་སྐྱེས་ནས་དགེ་བའི་བག་ཆགས་འཇོག་ཐུབ་པ་ཞིག་གི་འཛུགས་སྐྲུན་བྱེད་པ་ལ་ཚང་མས་བསམ་བློ་གཏང་དགོས་ཀྱི་རེད། ཧུར་ཐག་འབད་ཐག་བྱེད་དགོས་ཀྱི་རེད། ཤེས་སོང་ངམ། བཀྲ་ཤིས་བདེ་ལེགས། །

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.