DSC 1777 2017.5.9༄༅།། ཕྱི་ལོ་༡༩༩༦ཟླ་༥ཚེས་༩ཉིན་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདགརང་ཅག་ཁ་བ་རི་བ་རྣམས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་འདི་ཕྱི་ཚེ་རབས་གཏན་གྱི་སྐྱབས་གནས། ལྷར་བཅས་འགྲོ་བའི་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཞབས་ཟུང་བཀྲ་ཤིས་ཀྱི་རི་མོ་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་གླིང་འདིར་

བཀོད་པ་ནས་དུས་ཆེན་དེ་ཉིན་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཀིརྟིའི་བྱེས་པ་གྲྭ་ཚང་འདིར་ཆིབས་བསྒྱུར་བསྐྱངས་པའི་བཀའ་དྲིན་རྗེས་དྲན་དང་། གྲྭ་ཚང་འདི་གསར་ཚུགས་ཀྱི་དུས་སྟོན།གཞུང་ཆེན་ཁག་དང་རིག་གནས་སློབ་ཐོན་སོགས་ཀྱི་མཛད་སྒོ་རྒྱས་བསྡུས་རེ་གནང་མུས་ལྟར་ཕྱི་ལོ་༢༠༡༧ ཟླ་༥ ཚེས་༩ ཉིན་ཡང་གུས་ཅག་གི་འདྲེན་པ་ཆེན་པོ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་དབུ་བཞུགས་ཐོག་སྐབས་དང་པོའི་མཛོད་སློབ་ཐོན་པ་དང་ལོ་གཅིག་རིང་གི་DSC 1898 2017.5.9སློབ་སྦྱོང་དང་ལས་ཀ་ཡག་ཤོས།འཛིན་སྐྱོང་ནང་ཕྱག་ལས་རྒྱུན་རིང་གནང་བ་བཅས་ལ་བྱ་དགའ་དང་ཕྱག་འཁྱེར།དགེ་རྒན་ཁག་ཅིག་ལ་ཐུགས་རྗེ་ལེགས་འབུལ་བཅས་གསོལ་བསྩལ་དང།ལོ་སྔོན་མའི་ནང་ཆོས་རྭ་གསར་བཞེངས་ལེགས་གྲུབ་ཀྱི་རྟེན་འབྱུང་མཛད་སྒོ་བཅས་དཀྱུས་གཅིག་ཏུ་གནང་། སྔ་དྲོའི་ཆུ་ཚོད་༨་༤༥ཐོག་གྲྭ་ཚང་གི་མཁན་རིན་པོ་ཆེ་དཀོན་མཆོག་རྒྱ་མཚོ་མཆོག་གིས་དབུས་གྲྭ་མང་རྣམས་ཆོས་རྭ་གསར་པའི་ནང་ཕེབས་འབྱོར་གྲུབ་པ་དང་། ཆུ་ཚོད་༩ ཐོག་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཛད་སྒོའི་དབུ་བཞུགས་སུ་གདན་ཞུས་ཆིབས་བསྒྱུར་གནང་སྟེ།བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ཀྱི་ཞལ་ཐང་གསར་པ་སོགས་ཀྱི་མདུན་མཇལ་དར་ཕུལ་ཞིང་། བཀྲ་ཤིས་པའི་ཚིགས་སུ་བཅད་པ་གསུངས་ནས་ཆོས་རྭ་གསར་པར་རབ་གནས་བྱིན་འབེབས་གནང་། ༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་བཞུགས་ཁྲིར་ཞབས་སོར་འཁོད་གྲུབ་བསྟུན་རྒྱུན་ཆགས་གསུམ་པ་དང་། གནས་བཅུ། མཁའ་མཉམ་མ་བཅས་གསུངས་པ་དང་ཆབས་ཅིག་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། དེ་རྗེས་གཞུང་ཆེན་བཀའ་པོད་ལྔའི་དམ་བཅའ་ཚུགས་པར། འཛིན་གྲྭ་རེ་ནས་རིགས་ལུང་པ་གཅིག་རེ་གྲ་སྒྲིག་བྱས་ཡོད་པའི་ཐོག་༸ཁོང་རིན་པོ་ཆེ་ནས་རིགས་ལུང་པ་དང་། གཞུང་ཚན་ཡང་བཀའ་གནང་སྟེ་རྟགས་གསལ་བཏང་དུ་བཅུག་པའི་རྩོད་རྒྱུགས་ཀྱི་རྣམ་པའི་དམ་བཅའ་དང་ཕྱག་འཁྱེར་དང་བྱ་དགའ་འབུལ་བཞེས་ཀྱི་མཛད་རིམ་ཁག་ལེགས་པར་གྲུབ་རྗེས།

DSC 1897 2017.5.9                ༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་འདུས་མང་ཡོངས་ལ་འདི་ཕྱི་དགེ་བའི་ལམ་སྟོན་གསུང་བཤད་ཟབ་རྒྱས་བསྩལ་སྙིང་། ང་དང་འབྲེལ་བ་ཡོད་པའི་གཞིས་ཀྱི་ཀིརྟི་དགོན་པ་ཁག་ནས་གྲྭ་པ་མང་པོ་ཞིག་ཕྱི་ལ་ཐོན་པ་རྣམས་ཡུལ་གྲུ་འདྲ་མིན་ལ་འཐོར་དུ་མ་བཅུག་པར་ཕྱོགས་གཅིག་ཏུ་གནས་གཞི་ཞིག་བྱུང་བ་དང་། དེ་ཡང་སློབ་སྦྱོང་བྱེད་རྒྱུ་ཡོད་པར་མ་ཟད། དེང་སྐབས་གཞུང་ཆེན་བཀའ་པོད་ལྔའི་སློབ་སྦྱོང་གནང་ས་ཡོད་པ་ཞིག་ཆགས་པ་སོགས་ཕྱོགས་མང་པོ་ཞིག་ལ་བསམ་ན་གྲྭ་ཚང་འདི་བཙུགས་པའི་ཕན་ཐོགས་བྱུང་འདུག་སྙམ་པའི་ངོས་འཛིན་ཡོང་གི་འདུག་ཅེས་སོགས་དང་།

གདན་ས་ཆེན་པོ་མཁས་མང་བློ་གསལ་གླིང་གྲྭ་ཚང་གི་དགེ་རྒན་རྣམ་པའི་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་ལ་བརྟེན་ནས་བོད་ཕྱི་ནང་གཉིས་ཀྱི་ཀིརྟི་དགོན་ཁག་ལ་དགེ་རྒན་རྣམས་ཀྱིས་དཔེ་ཁྲིད་གནང་བ་DSC 1784 2017.5.9སོགས་ཀྱིས་ཕན་ཐོགས་བླ་མེད་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། རྗེས་སུ་ཡང་དགེ་བཤེས་རྣམ་པས་མུ་མཐུད་དཔེ་ཁྲིད་གནང་རྒྱུས་མཚོན་རྒྱུན་དུ་བསླབ་བྱ་གནང་རྒྱུ་གལ་ཆེ་བར་མ་ཟད།མདོ་སྨད་ཕྱོགས་ཀྱི་ཀིརྟི་དགོན་ཁག་རྣམས་ཀྱིས་བློ་གསལ་གླིང་གི་ཕྱག་ལེན་ཇི་བཞིན་གནང་གི་ཡོད་པའི་ཁུལ་ཡིན་ཡང་ཡུལ་གྱིས་བསྐལ་པའི་དབང་དང་། རྒྱ་གཞུང་གི་སྲིད་བྱུས་འོག་ཇི་བཞིན་ཡོང་དཀའ་བར་གྱུར་ཡོད་ཀྱང་། འདི་ཕྱོགས་སུ་གནས་སྟངས་དེ་འདྲ་མིན་སྟབས་དགེ་རྒན་རྣམ་པས་དམ་པ་གོང་མ་རྣམས་ནས་བརྒྱུད་ཡོང་བའི་ཕྱག་ལེན་ཇི་བཞིན་ཡོང་བར་རྒྱུན་དུ་བཀའ་སློབ་ལམ་སྟོན་གནང་རྒྱུ་དང་གྲྭ་མང་གིས་ཀྱང་དེ་བཞིན་ལག་ལེན་བསྟར་རྒྱུ་གལ་ཆེན་པོ་ཡིན་པ་སོགས་གསུངས།

                དེ་རིང་འདི་ནས་རྩོད་རྒྱུགས་བླངས་པའི་རྣམ་པ་བྱས་པ་ཡིན་ལ། དེ་ནི་ཀིརྟི་སྐུ་ཕྲེང་གོང་མ་རྣམས་ལོ་གསུམ་རེའི་མཚམས་འབྲེལ་ཡོད་དགོན་པ་ཁག་ལ་གཟིགས་སྐོར་གནང་སྟེ་རྩོད་རྒྱུགས་དང་གཞུང་ཆེན་ཁག་གི་འདོན་རྒྱུགས་ལེན་པའི་ཕྱག་སྲོལ་ཡོད་པ་ལྟར་ང་ཆུང་ཆུང་སྐབས་ནས་རྩོད་རྒྱུགས་དང་འདོན་རྒྱུགས་མང་པོ་ལེན་མྱོང་ཡོད་ལ།དེའི་ཕྱག་ལེན་རྣམས་རྒྱུན་མ་ཉམས་པ་སྐྱོང་བའི་ཁུལ་ཙམ་ཡིན་ཞེས་སོགས་དང་།

DSC 1845 2017.5.9འདིར་སུ་ཁེའི་ཕྱོགས་ནས་གྲྭ་རྒྱུན་མང་པོ་ཞིག་ཕེབས་ཡོད་པ་རྣམས་ཀྱིས་སློབ་སྦྱོང་ཧུར་ཐག་བྱེད་དགོས་པ་དང་། སུ་ཁེའི་ཕྱོགས་དེ་ཕ་མེས་ཡང་མེས་ནས་ནང་པ་ཡིན་པས་ནང་པའི་ཆོས་ཀྱི་གོ་རྟོགས་ཆགས་དགོས་པ་གལ་ཆེན་པོ་རེད་ལ། སྔོན་ཆད་སུ་ཁེའི་དགོན་པར་མཐུན་རྐྱེན་སྐྱོ་ཡང་དེང་སྐབས་དགོན་པའི་འདུ་ཁང་དང་གྲྭ་ཤག་སོགས་གསར་བཞེངས་བྱས་ཏེ་ཕལ་ཆེར་འགྲུབ་ལ་ཉེ།མ་འོངས་པ་ན་མཐུན་རྐྱེན་གྱིས་དཀའ་ངལ་མེད་པ་ཡིན་དུས། སུ་ཁེའི་དགོན་པ་དེ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མཚན་ཉིད་རྩོད་གྲྭ་ཡག་ཤོས་ཡོད་པའི་དགོན་པ་ཞིག་ཡོང་བར་རེ་བ་རྒྱག་གི་ཡོད་ལ།དེའི་ཆེད་དུ་གྲྭ་རྒྱུན་ཡང་གང་མང་དགོས་ངེས་ཡིན་དུས་དེའི་ཕྱོགས་ནས་གྲྭ་ཚོགས་འཕེལ་བར་ཤུགས་སྣོན་རྒྱག་དགོས་པ་དང་། འདིར་ཡོང་བ་རྣམས་ཀྱིས་ཀྱང་སློབ་སྦྱོང་ལེགས་པོ་བྱེད་དགོས་པ་ཧ་ཅང་གནད་འགག་ཆེན་པོ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་དགོངས་ཀྱང་དེ་ཡིན་པ་རེད།

དེ་རིང་འདིར་མང་པོ་ཞིག་འཛོམས་ཡོད་པ་ཚང་མ་ལས་དང་སྨོན་ལམ་གྱི་དབང་གིས་འཛོམས་ཡོང་བ་ཤ་སྟག་ཡིན་པ་རེད་ལ། མངོན་ཤེས་ཡོད་པ་ཞིག་གིས་བལྟས་པ་ཡིན་ན་སྔོན་གྱི་ཐར་པ་ཆ་མཐུན་གྱི་དགེ་རྩ་རེས་སྐྱེ་བ་འདི་བླངས་པ་རེད་ཟེར་བ་ལྟ་བུ་བཤད་ཆོག་གི་རེད། ལྷག་པར་དུ་སུ་ཁེའི་ཕྱོགས་ནས་མང་པོ་ཞིག་འདིར་ཡོང་ཡོད་པ་དག་ལ་མཚོན་ན།རྒྱ་གར་ནང་མི་གྲངས་ས་ཡ་མང་པོ་ཡོད་ཀྱང་དེ་དག་ལས་ཁྱེད་ཚོ་ཁ་ཤས་ཤིག་འདིར་འཛོམས་ཡོད་པ་དེ་ལས་དང་སྨོན་ལམ་གྱི་འབྲེལ་བ་ངེས་ཅན་ཞིག་ཡོད་ནས་འཛོམས་པ་རེད།ཕ་ཡུལ་ནས་བླ་རྒན་མང་པོས་སྐྱེ་བ་ཕྱི་མར་རིན་པོ་ཆེའི་འཁོར་ཞིག་ལ་སྐྱེ་བར་ཤོག་ཟེར་ནས་སྨོན་ལམ་འདེབས་བཞིན་ཡོད་པ་དེ་འདྲའི་སྐྱེ་བ་རེ་ཡིན་ཡང་སྲིད་པ་རེད་ཅེས་སོགས་དང་།

ཀིརྟི་ཚང་ལ་འབྲེལ་བ་ཡོད་པ་བོད་ནང་ལ་མང་པོ་ཞིག་ཡོད་པ་རེད། དེ་དག་གི་ཆེད་དུ་ལས་ཀ་མང་པོ་ཞིག་བྱེད་ཀྱི་ཡོད་པ་རེད། དེ་ཚོ་ཀིརྟི་ཚང་ཟེར་བ་དེ་རྡོག་རྡོག་བཟོ་རྒྱུའི་ཆེད་དང་། དེ་ལ་མཚན་སྙན་གྲགས་ཤིག་ཡོང་བའི་ཆེད་དུ་མ་རེད། སྤྱི་བའི་ལས་ཀ་བྱེད་པ་ལ་འགོ་རང་ཉིད་ནས་རྩོམ་དགོས་པ་ཡིན་དུས།རང་གི་དགོན་པ་གྲྭ་ཚང་རྣམས་ཀྱིས་སྒྲིག་ལམ་ཀུན་སྤྱོད་དང་། བསླབ་པ་སློབ་གཉེར། མི་མང་རྣམས་ཀྱིས་བྱ་བ་སྤྱོད་ལམ་ཇི་ལྟར་འཁྱེར་དགོས་པ་སོགས་ལ་འགན་ཁུར་སྟེ་ལས་དོན་བསྒྲུབ་དགོས་པ་མ་གཏོགས་རང་གིས་གང་ཡང་མི་བྱེད་པར་སྤྱི་བ་ཟེར་དུས་གཞན་ཞིག་ལ་ཁ་གདངས་ས་ཡོད་པ་མ་རེད། འདི་ནི་ང་ཚོའི་ངོས་ནས་སྤྱི་བའི་འགན་ཁུར་སྟངས་ཤིག་ཡིན་པ་ཤེས་དགོས་པ་རེད་ཅེས་སོགས་གསུངས།

དེ་མིན་ཆོས་རྭ་གསར་པའི་ནང་ནས་ཆོས་འཆད་ཉན་ཡག་པོ་ཞིག་བྱེད་དགོས་པ་དེ་ཆོས་རྭ་བཞེངས་པའི་དགོས་དོན་ཡིན་པས་ཚང་མས་ཧུར་ཐག་གནང་རོགས་གྱིས།ད་ལྟའི་ཆར་༸སྐྱབས་མགོན་༸རྒྱལ་བ་ཡིད་བཞིན་ནོར་བུ་སྐུ་འཚོ་བཞུགས་ཀྱི་སྐབས་ཡིན་དུས་བླ་མ་ཐུགས་མཉེས་པའི་སྒྲུབ་པའི་མཆོད་པ་བཤམས་རྒྱུ་དེ་ང་ཚོ་ཚང་མས་འབད་དགོས་པ་རེད།ཅེས་སོགས་གསུང་བཤད་ཟབ་རྒྱས་གནང་།

དེ་རྗེས་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ནས་མཛད་སྒོ་ལེགས་པར་གྲོལ་བ་དང་། ཕྱག་འཁྱེར་དང་བྱ་དགའ་བཞེས་མཁན་རྣམས་ཚན་པ་རེ་རེ་བཞིན་༸ཁོང་རིན་པོ་ཆེ་དང་སྐུ་པར་ལྷན་སྒྲོན་གནང་བ་བཅས་གནས་ཚུལ་སྙིང་བསྡུས་སུའོ།།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.