ALak jedul 01 1༄༅།། ཕྱི་ལོ་༢༠༡༧ ཟླ་༦ ཚེས་༣༠ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤།༠༠ སྟེང་འདི་ག་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་དཔེ་མཛོད་ཁང་དུ། ཀིརྟིའི་བྱེས་པ་གྲྭ་ཚང་གི་རིག་ལམ་དགེ་རྒན་རིས་མེད་སློབ་དཔོན་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་མཆོག་གིས་ ( སིདྒལའི་དེབ་ཐེར་དུ་འཁོད་པའི་རླབས་ཆེན་བོད་མི། ) ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

དཔེ་དེབ་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོར་ཨ་རྨྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་མཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་དང་། གདན་ཞུའི་སྐུ་མགྲོན་དུ་ཀིརྟིའི་བྱེས་པ་གྲྭ་ཚང་གི་དཔེ་མཛོད་འགན་འཛིན་དང་རིག་གནས་དགེ་རྒན་དཀོན་མཆོག་རྒྱ་མཚོ་ALak jedul 01 3གཉིས་ཕེབས་ཡོད་ཅིང་། དཔེ་དེབ་འདིའི་རྩོམ་པ་པོ་ཨ་ལགས་རྗེ་སྤྲུལ་ལགས་ཀྱིས་དཔེ་དེབ་ཇི་ལྟར་བརྩམས་པ་དང་ཅིའི་ཕྱིར་བརྩམས་པའི་སྐོར་ལ་གསུངས་དོན། ཕྱི་ལོ་༢༠༡༥ ལོར་ཁོ་རང་སིངྒལར་སོང་བར་ཡུལ་དེའི་མི་རྣམས་ཀྱིས་བོད་པ་ཡིན་ཞེས་ན་དགའ་གུས་ཆེན་པོ་བྱེད་བཞིན་པར་མ་ཟད་། ཁོང་ཚོས་སྔོན་ཆད་སིངྒལར་བོད་པ་མཧཱེཎྜ་ཞུ་བ་ཞིག་ཡོང་ནས་ཁོང་ཚོར་ཕན་ཐོགས་ཆེན་པོ་བྱུང་རབས་སོགས་ཀྱི་ལོ་རྒྱུས་མང་པོ་ཞིག་བཤད་སོང་བས། ལོ་རྒྱུས་ཀྱི་མི་སྣ་རླབས་ཆེན་ཁོང་ལ་ཐོག་མར་དོ་སྣང་བྱུང་ཞིང་། དེ་ནས་རིམ་གྱིས་ཁོང་གི་སྐོར་ལ་རྩད་གཅོད་རིམ་པར་བྱས་ཏེ་ལོ་རྒྱུས་རྒྱུ་ཆ་འཚོལ་ཕྱིར་རྗེས་སུ་ཡང་ALak jedul 01 4སིངྒལར་ཐེངས་གཅིག་སོང་བ་ཡིན་ལ། དེ་མིན་འབྲུག་དང་འབྲས་ལྗོངས་སོགས་ས་གནས་མང་པོར་དངོས་སུ་བསྐྱོད་ནས་ཁོང་གི་སྐོར་ཀྱི་དཔེ་དེབ་འདི་བྲིས་པ་ཡིན་མོད། འདིར་ཞིབ་འཇུག་གི་རིམ་པ་སོགས་ཕྱོགས་མང་པོ་ནས་གཏིང་ཟབ་མོ་ཞིག་ཡོང་མེད་པས་རྗེས་སུ་མཐུན་རྐྱེན་འཛོམས་པའི་རྩོམ་པ་པོ་གཞན་གྱིས་ཀྱང་ཁོང་གི་སྐོར་ལ་ཞིབ་འཇུག་གནང་བའི་རེ་སྐུལ་ཡང་གནང་སོང་།

གཞན་ཡང་རླབས་ཆེན་ལོ་རྒྱུས་ཀྱི་མི་སྣ་འདི་འདྲ་ཞིག་ཁུ་སིམ་མེར་ཡལ་སོང་ན་ཧ་ཅང་ཕངས་པོ་རེད་ལ། བོད་ཡིག་གི་ལོ་རྒྱུས་དེབ་ཐེར་དུ་འཁོད་དགོས་པའང་ང་ཚོ་ཚང་མ་ལ་ཡོད་པའི་འགན་འཁྲི་ཞིག་ཀྱང་རེད་སྙམ་པར་མ་ཟད། ཁོང་གི་ལོ་རྒྱུས་ཐོག་མར་གོ་བ་ནས་རང་ལ་དགའ་སྤོབས་ཚད་མེད་བྱུང་ལ། དེ་བཞིན་དེང་གི་གཞོན་སྐྱེས་མང་པོ་ཞིག་ལ་ཁོང་དང་ཁོང་ལྟ་བུའི་རླབས་ཆེན་གྱི་ལོ་རྒྱུས་མི་སྣ་དག་ངོ་འཕྲོད་དགོས་པ་གལ་ཆེན་པོ་རེད་སྙམ་པ་སོགས་ཀྱིས་དེབ་འདི་འབྲི་བའི་ལས་སུ་ཞུགས་པ་ཡིན་པའི་འགྲེལ་བརྗོད་གནང་སོང་།

དེ་ནས་གདན་ཞུའི་སྐུ་མགྲོན་ཀིརྟིའི་བྱེས་པ་གྲྭ་ཚང་གི་དཔེ་མཛོད་འགན་འཛིན་དང་རིག་གནས་དགེ་རྒན་དཀོན་མཆོག་རྒྱ་མཚོ་ལགས་ཀྱིས་དཔེ་དེབ་བཀླགས་པའི་མྱོང་ཚོར་དང་འབྲེལ་ནས་དགེ་ཚན་ དང་ཞན་ཆ་ ཞེས་པའི་གཏམ་བཤད་གནང་དོན། དཔེ་དེབ་འདིས་ལོ་རྒྱུས་ཀྱི་སྟོང་ཆ་ཆེན་པོ་གཉིས་བསྐངས་ཐུབ་ཡོད་ཅིང་། སིངྒལའི་ཡུལ་དུ་ནང་བའི་ཆོས་ལུགས་ཉམས་ཆགས་སོང་བ་དེ་གླང་དར་སྐབས་སུ་བོད་དུ་ནང་ཆོས་ཉམས་ཆགས་སོང་བ་ལས་ཀྱང་སྡུག་པ་ཡིན་པ་དང་། ང་ཚོས་དེབ་འདི་ལས་ནང་བསྟན་ཆོས་ལུགས་བོད་ཙམ་མ་ཟད་ཡུལ་གྲུ་གཞན་ནས་ཉམས་ཆགས་ཇི་ལྟར་སོང་བའི་སྐོར་གྱི་ལོ་རྒྱུས་ཀྱི་སྟོང་ཆ་བསྐངས་ཐུབ་ཡོད་པ་དང་། གཉིས་པ་དེ་དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་ལས་ཁོ་བོ་སྔོན་ལ་གླིང་འདིར་རྫུ་འཕྲུལ་གྱིས་འཕུར་ནས་སོང་བ་ཞིག་མེད་ན་ཁོ་བོ་གླིང་འདིར་སླེབས་པའི་བོད་མི་ཐོག་མ་དེ་ཡིན་ཚུལ་བཤད་ཡོད་པ་དོན་དངོས་ག་འདྲ་ཡིན་མིན་གསལ་པོ་ཆགས་ཡོད་པ་རེད། དགེ་ཆོས་ཀྱིས་དགེ་སློང་ཁོང་ངོ་ཤེས་པར་མ་ཟད་དགེ་སློང་ཁོང་དང་མཉམ་དུ་སྐུ་པར་སྒྲོན་པ་ཞིག་ཡོད་པ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་དགེ་ཆོས་སྐོར་གྱི་དཔེ་དེབ་༼   དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ།   ཞེས་པར་བཀོད་ཡོད་པ་རེད། ཅེས་དང་། དེ་བཞིན། དགེ་མཚན་གཞན་ཞིག་ནི་བོད་ཀྱི་མི་རབས་གསར་བའི་གཞོན་སྐྱེས་དག་ལ་རང་གི་མི་རིགས་དང་རྒྱལ་ཁབ་བསྐྱར་གསོ་ཇི་ལྟར་བྱེད་དགོས་པའི་ལོ་རྒྱུས་ཀྱི་བསླབ་བྱ་གལ་ཆེན་ཞིག་འདི་ནས་བསྟན་འདུག  སིངྒལས་རང་བཙན་འཐབ་རྩོད་སྐབས་སུ་ཁོ་རང་ཚོའི་སྲོལ་རྒྱུན་གྱི་ཆོས་དང་རིག་གཞུང་དག་དཔའ་བོ་གཡུལ་དུ་ཞུབས་སྐབས་ཀྱི་ཁྲབ་དང་ཕུབ་ལྟར་དུ་བཙན་གནོད་མཁན་གྱི་ཁ་གཏད་དུ་ལངས་ནས་རང་སྲུང་གི་ལག་ཆར་བེད་སྤྱོད་བཏང་ཡོད་པ་གསལ་བོ་འཁོད་ཡོད་པ་ལྟ་བུ་རེད།

དགེ་མཚན་བཞི་པ་དེ་དེང་སང་བོད་ནང་སོགས་ཀྱི་ནང་ཆོས་ཀྱི་སྐོར་ལ་ཡག་བཙོག་མང་པོ་ཞིག་བཤད་བཞིན་ཡོད་པ་ལྟར། སྤྱིར་ན་ནང་པའི་ཆོས་ལུགས་དེ་ནམ་ཡིན་ན་མེ་མདའི་ཁ་ནས་ཉམས་ཆགས་སུ་འགྲོ་བཞིན་པ་ལས་གནས་ལུགས་དང་རྒྱུ་མཚན་གྱིས་ཕོངས་ནས་ALak jedul 01 2ཉམས་ཆག་འགྲོ་ཡི་མེད་པ་རེད། དཔེ་དེབ་འདིའི་ནང་དུ་དགེ་སློང་སྤེན་པ་དོན་གྲུབ་ཀྱིས་ཀྱང་ནང་ཆོས་དང་ཡི་ཤེས་ཆོས་ལུགས་བར་ལ་རྩོད་པ་ཆེན་པོ་བྱུང་བར། ཕན་ཚུན་མཉམ་གཅིག་ཏུ་བསྡད་ནས་ཉི་མ་གསུམ་ལྷག་ལ་རྩོད་པ་བྱས་མཐར་ནང་ཆོས་གནས་ལུགས་དང་རྒྱུ་མཚན་གྱིས་རྒྱལ་ཁ་ཐོབ་སྟེ་མི་སྟོང་ཕྲག་མང་པོས་ཉིན་མང་པོར་ཆོས་སྟོན་བྱས་པའི་ལོ་རྒྱུས་ཡོད་པ་ལྟ་བུ་རེད། ང་ཚོ་སུ་ཡིན་ན་ཆོས་ལུགས་ལ་ཡག་བཙོག་མང་པོ་ཞིག་ལབ་བཞིན་པར་སྐྲག་དགོས་དོན་མེད་པའི་དགེ་མཚན་ཞིག་མཐོང་ཐུབ་པ་རེད། ཅེས་བརྗོད་སོང་།

ཁོས་དཔེ་དེབ་ཀྱི་ཞན་ཆའི་སྐོར་ལ། དེབ་ཀྱི་ཞིབ་མཇུག་གི་སྐབས་སུ་ཟིན་བྲིས་ལ་བྲེལ་འཚུབ་ཀྱི་རྣམ་པ་དང་ཡང་ན་ཞིབ་མཇུག་ཞིབ་ཚགས་མིན་པའི་རྣམ་པ་དང་། གཉིས་པ་རྗོད་བྱེད་ཚིག་འགྲོས་ཀྱི་སྐོར་ནས་བོད་རང་གི་སྐད་ཀྱི་ཆོས་ཉིད་ལ་མི་མཐུན་པའི་སྐད་ཆའི་གྲོས་ཤིག་འདུག་སྙམ་པ་ཐེངས་སྔ་ཕྱིར་བྱུང་། དཔེར་ན། བོད་ཀྱི་སྐད་ལ་ཁྱད་གཞི་སྔོན་དང་ཁྱད་ཆོས་རྗེས་ལ་འགྲོ་དགོས་པའི་སྐད་ཀྱི་ཆོས་ཉིད་ལྟ་བུའི་སྒྲིག་གཞི་དེའི་རིམ་པ་འཆོལ་འདུག་སྙམ་པ་བཅས་དང་།

དེ་རྗེས་ཨ་རྨྱ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་མཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་དཔེ་དེབ་དང་འབྲེལ་བའི་སྐོར་ལ། དང་པོ་གནད་འགག་ཆེ་ཤོས་དེ་མཧཱེཎྜ་ཁོ་རང་གི་དེབ་བྲིས་ཚད་ཚང་མའི་ནང་དུ་བོད་ཀྱི་རྩོམ་པ་པོ་ཞེས་བྲིས་ཡོད་པ་རེད། དེའི་རྒྱུ་མཚན་དེ་ ༡༨༡༦ ལ་དབྱིན་ཇིའི་དང་འབྲས་ལྗོངས་བར་ལ་ཐོག་དང་པོ་དམག་བརྒྱག་མགོ་ཚུགས་པ་རེད། ༡༨༣༥ ནས་རྡོ་རྗེ་གླིང་ཤོར་ཚར་བ་དང་ ༡༨༦༥ ལོ་ནས་འབྲས་ལྗོངས་ཕལ་ཆེར་བོད་སྡེ་བ་གཞུང་གི་ལག་ནས་ཤོར་མགོ་ཚུགས་བཞིན་ཡོད་པ་རེད། ༡༨༦༥ ནས་ ༡༩༠༠ བར་དུ་དབྱིན་གཞུང་གིས་འབྲས་ལྗོངས་ནང་དུ་པར་བརྒྱབ་པའི་དགོན་པ་དང་བླ་མ་སྔགས་པ་གྲྭ་བ་ཚང་མར་བོད་ཀྱི་དགོན་པ་དང་བོད་ཀྱི་གྲྭ་པ། བོད་ཀྱི་སྔགས་པ་ཞེས་འགྲེལ་བཤད་བརྒྱབ་ཡོད་པ་རེད། དེང་སང་གི་བཤད་སྟངས་ནང་བཞིན་གྱི་ང་ཚོ་བོད་པ་དང་ཁོ་ཚོ་འབྲས་ལྗོངས་ཟེར་བ་ལྟ་བུ་དེ་དག་ཐ་སྙད་གསར་པ་རེད། གནའ་སྔ་མོ་དུས་རབས་ ༡༤།༡༥།༡༦།༡༧། ནང་བོད་པ་ཡིན་ལབ་ན། གྲོ་མོ་དང་འབྲས་ལྗོངས་འབྲུག་སོགས་ཚང་མར་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཁག་ཏུ་ལྷོ་བ་ཞེས་ལབ་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་སྤེན་པ་དོན་གྲུབ་ལ་མཚོན་ན་ཕྱི་རྒྱལ་གྱི་ལུང་པར་སླེབས་ཡོད་སྟབས། འབྲས་ལྗོངས་ནས་ཡིན་ལབ་ན་ཧ་གོ་མཁན་མེད་སྟབས་བོད་པ་ཡིན་ལབ་ན་ཤེས་ཀྱི་ཡོད་པ་རེད་ལ། དེ་དག་བོད་ཆེན་པོའི་ཁོངས་གཏོགས་སུའང་ཚུད་ནས་ཡོད་པས་རྒྱུ་མཚན་དེ་འདྲ་རེད་དྲན་གྱི་འདུག དེ་བཞིན། སྤེན་པ་དོན་གྲུབ་སྐོར་ལ་སྔོན་ཆད་ནས་གོ་མྱོང་ཐོས་མྱོང་མང་པོ་ཡོད་ལ་ ༡༩༨༠ ལོར་དཔེ་མཛོད་ཁང་གིས་བོད་ཡིག་དཔེ་སྐྲུན་སྡེ་ཚན་འགན་འཛིན་ལ་བཞག་རྗེས་དཔེ་སྐྲུན་བྱེད་པའི་དེབ་ཐོག་མ་དེ་རཀ་ར་རིན་པོ་ཆེའི་དགེ་འདུན་ཆོས་འཕེལ་སྐོར་གྱི་དེབ་དེ་བཀླགས་རྗེས་བསྐྱར་དུ་ངེས་ཤེས་གསལ་བོ་ཞིག་སྐྱེས་བྱུང་། ཞེས་བརྗོད་སོང་།

དེ་རྗེས་རྩོམ་པ་པོས་སྐུ་མགྲོན་གཙོ་བོ་སོགས་ཚང་མ་ལ་ཐུགས་རྗེ་ཆེ་ཞེས་གསུངས་རྗེས་མཛད་སྒོ་གྲོལ་བ་དང་། དཔེ་དེབ་ཀྱི་རིན་གོང་བརྒྱ་ཆ་༢༠ ཆག་ཡང་གིས་མཛད་སྒོར་ཕེབས་མི་རྣམས་ལ་བཙོང་ཡོད་པ་བཅས།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.