IMG 6155

༄༅།། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་འདུས་མང་ཡོངས་ནས་འཇིག་རྟེན་ཞི་བདེའི་དེད་དཔོན། ཁ་བ་གངས་ཅན་པ་རྣམས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟར་གྱུར་པ་འཕགས་མཆོག་ཕྱག་ན་པདྨོ་གསུམ་ལྡན་ངུར་སྨྲིག་འཛིན་པའི་རྣམ་རོལ་དུ་བྱོན་པ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་དང་། བདག་ཅག་སློབ་བརྒྱུད་ཡོངས་ཀྱི་འདི་ཕྱིའི་ཚེ་རབས་གཏན་གྱི་སྐྱབས་གནས་དམ་པ་

༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་གཙོས་རིས་མེད་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། གྲྭ་ཚང་གི་དགེ་འདུན་པ་ཀུན་གྱིས་བསླབ་པ་སློབ་གཉེར་དང་། ཁ་འདོན་དགེ་སྦྱོར་སོགས་རྣམ་དཀར་གྱི་བྱ་བ་གང་བརྩམ་གེགས་མེད་ལམ་ལྷོང་ཡོང་བ། དེ་བཞིན་གྲྭ་ཚང་འདི་ལ་འབྲེལ་ཐོགས་པའི་བསྟན་པའི་སྦྱིན་བདག་རྣམས་ཀྱིས་རང་རང་གི་ཆོས་ལྡན་གྱི་བྱ་བ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་སོགས་ལ་དམིགས་༸ས་སྐྱ་གོང་མ་བདག་ཆེན་རིན་པོ་ཆེ་མཆོག་དང་།

འདི་ག་གྲྭ་ཚང་གི་བླ་ན་མེད་པའི་དབུ་ཁྲིད་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་རྣམ་པ་གཉིས་ལ་ཐུགས་དམ་ཞུས་པའི་བཀའ་ལན་རིམ་གྲོ་ཅི་ཕེབས་རྣམས་ཉིན་གྲངས་ཆ་བགོས་ཀྱིས་ཕྱི་ཟླ་ ༣ ཚེས་ ༦ ནས་སྒྲོལ་མ་འབུམ་འདོན། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆ་ཚང་དག་འདོན། ཛམ་དཀར་གཏེར་སྒྲུབ་ཟུར་ཚོགས་ཀྱིས་ཉིན་བདུན། རྣམ་སྲུས་གཡང་འགུགས་དང་བཟློག་ཆེན། རྣམ་རྒྱལ་སྟོང་མཆོད། སྒྲོལ་ཆོག་སྟོང་ཚར། ཆོས་སྲུང་སོ་སོའི་གསོལ་མཆོད་རྒྱས་པ། མགོན་པོ་གུར་ཞལ་གཉིས་དང་དཔལ་ལྡན་ལྷ་མོ། སྐུ་ལྔ། དཔལ་བོ་རྩལ་བཅས་ཀྱི་བསྐང་བཤགས་གྲངས་གསོག ཞི་རྒྱས་དབང་གསུམ་གྱི་སྦྱིན་སྲེག་སོགས་ཕྱི་ཚེས་ ༢༣ བར་ཉིན་བཅུ་བདུན་རིང་སྨིན་བསྒྲུབས་གནང་བ་དང་། 

                ཉིན་དེར་འདི་ག་གྲྭ་ཚང་ནས་མདོ་ཕྱོགས་བཀའ་པོད་ལྔར་མི་ལོ་བཅོ་བརྒྱད་ལྷག་རིང་སྦྱངས་པ་གནང་ནས་སྐབས་དང་པོའི་བསླབ་པ་མཐར་སོན་གྱི་ཁོངས་ནས་བླ་གྲྭ་བཞིས་མཁས་གྲུབ་བྱེ་བའི་འབྱུང་གནས་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་ནས་དགེ་བཤེས་དམ་བཅའ་ལེགས་པར་གྲུབ་པའི་དགའ་སྟོན་རྟེན་འབྲེལ་དུ་གྲྭ་མང་ཡོངས་ལ་གསོལ་ཚིགས་རྒྱས་པ་དང་སྐུ་འགྱེད་བཅས་བསྟར་འབུལ་དང་། གྲྭ་ཚང་གི་མཁན་ལས་སྣེ་དང་དགེ་འདུན་འདུས་མང་བཅས་ཀྱིས་ལེགས་སོའི་སྔགས་བརྗོད་དང་མཇལ་དར་སྒྲོན་པ་སོགས་གནང་ནས་མཇུག་གི་བྱ་བ་དགེ་བའི་རིམ་པ་རྣམས་ཀྱང་ལེགས་པར་གྲུབ། 

ཕྱི་ཚེས་ ༢༤ ཉིན་ལོ་རེའི་བཞུགས་ཤག་རྒྱན་དཀྲུག་བྱེད་སྲོལ་ཡོད་པ་ལྟར་བགྱིས་ཏེ་ཉིན་གཉིས་ལ་གུང་སེང་དང་། ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོ་འཛིན་གྲྭ་སོ་སོའི་འཛིན་ཁང་ཁག་གཙང་སྦྲ་དང་ཕྱི་ཉིན་ནས་ལོ་གསར་པའི་སློབ་སྦྱོང་སོགས་བྱེད་སྒོ་རྣམས་མགོ་འཛུགས་བྱ་རྒྱུ་ཡིན་པ་བཅས།

 

IMG 5988 333 5555
 IMG 6154  IMG 6227  IMG 6228
 IMG 6158  IMG 6225  IMG 6226
 222  IMG 6231

 IMG 6230

IMG 6200 IMG 6199 IMG 5444

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.