IMG 6722༄༅།། ཕྱི་ལོ་༢༠༡༩ ཟླ་༥ ཚེས་ ༧ དང་༨ དེ། ཉིན་གཉིས་རིང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་འདུ་ཆེན་མོ་ཐེངས་བཞི་པ་ཚོགས་ཡོད་ལ། ཐེངས་འདིའི་ཚོགས་འདུ་དབུ་འཛུགས་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཕེབས་ཡོད་པ་དང་། དེ་མིན་མདོ་སྨད་དབུས་རྒྱུན་གྱི་ཚོགས་གཙོ་དགེ་བཤེས་གངས་རི་དང་ས་རྒྱུན་སྐུ་ཚབ། སྤྱི་འཐུས་ཚེ་རིང་ལྷ་མོ། དགེ་བཤེས་བློ་བཟང་སྨོན་ལམ་སོགས་སྐུ་མགྲོན་དང་འབྲེལ་ཡོད་སེར་སྐྱ་མི་མང་ཉིས་བརྒྱ་མ་ཟིན་ཙམ་མཉམ་འཛོམས་གནང་།

 

མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་ནས་རྟེན་མཆོག་སྤྱན་སྔར་སྣང་གསལ་མར་མེ་སྒྲོན་འབུལ་དང་འབྲེལ་ཚོགས་ཆེན་དབུ་འབྱེད་གནང་བ་དང་། ཚོགས་མི་ཡོངས་ཀྱིས་རྒྱུན་ཆགས་གསུམ་པ་གསུང་འདོན་དང་ཆབས་ཅིག སྐུ་མགྲོན་དང་ཚོགས་མི་ཡོངས་ལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། དེ་ནས་ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་ཆེན་ཐེངས་བཞི་པའི་ཚོགས་གཙོ་འབྲིང་བ་འཇིགས་མེད་མཆོག་ནས་ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་ཆེན་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་དོན།

“ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་འདུ་ཆེན་མོ་ནི་དགེ་རྩ་ཚོགས་པའི་སྒྲིག་གཞིའི་ནང་གསལ་ལྟར་ཆེས་གལ་ཆེ་ཞིང་དབང་ཚད་ཆེ་ཤོས་ལྡན་པའི་ཀིརྟི་ཚང་གི་སློབ་བརྒྱུད་མང་ཚོགས་ཀྱི་གྲོས་མོལ་ཚོགས་ཆེན་གཞི་རྒྱ་ཆེ་ཤོས་དེ་ཡིན་ཞིང་། བཙན་བྱོལ་དུ་གནས་པའི་བར་བརྒལ་རིང་ལོ་གསུམ་རེའི་ནང་ཐེངས་རེ་འཚོགས་བཞིན་ཡོད་པ་དང་། ད་རེས་ཀྱི་འདི་ནི་ཚོགས་ཆེན་ཐེངས་བཞི་པ་ཡིན། ཀིརྟིའི་དགེ་རྩ་ཚོགས་པ་ནི། སྔ་མོའི་ཀིརྟིའི་བླ་བྲང་ཁམས་གསུམ་ཟིལ་གནོན་ཞེས་མི་ལོ་ཉིས་བརྒྱ་ལྔ་བཅུ་ལྷག་གི་ལོ་རྒྱུས་ལྡན་པའི་བླ་བྲང་དེ་ཉིད་ཕྱི་ལོ་ ༢༠༠༨ ལོར་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་གིས་དེང་དུས་མང་གཙོའི་འགྲོ་ལུགས་ཀྱི་དགེ་རྩ་ཚོགས་པའི་ངོ་བོར་བསྒྱུར་གནང་མཛད་པ་ཞིག་ཡིན། སྔ་མོའི་ཀིརྟིའི་བླ་བྲང་ནི་མདོ་སྨད་ལྷོ་རྒྱུད་དུ་ཁྲིམས་མགོ་རང་བཙན་ལྟ་བུར་གནས་པའི་ཆོས་སྲིད་ཟུང་འབྲེལ་གྱི་སྒྲིག་འཛུགས་ཤིག་ཡིན་ནའང་། དུས་ཀྱི་འཕོ་འགྱུར་དབང་གིས་སྲིད་ཕྱོགས་ཀྱི་ལས་དོན་རྣམས་ད་ཆ་དགོས་མཁོ་མེད་པར་གྱུར་ཟིན་པས། ད་ལྟའི་དགེ་རྩ་ཚོགས་པ་འདི་ནི་ཆབ་སྲིད་དང་འབྲེལ་བ་མེད་པའི་ཆོས་ཕྱོགས་ཁོ་ནའི་སྒྲིག་འཛུགས་ཤིག་ཡིན། ཀིརྟིའི་དགེ་རྩ་ཚོགས་པ་འདིའི་དམིགས་ཡུལ་ནི། ༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱིས་དར་སྤེལ་མཛད་དང་མཛད་བཞིན་པའི་མདོ་རོང་ཡུལ་གྱི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་དང་། དེ་དང་ཆབས་ཅིག འབྲེལ་ཡོད་དད་ལྡན་མང་ཚོགས་ནས་ཀིརྟི་ཚང་ལ་ཕུལ་དང་འབུལ་བཞིན་པའི་བསྔོ་རྟེན་སྐྱབས་རྟེན་སོགས་ཀྱི་དངུལ་དངོས་རྣམས་དོན་མེད་ཆུད་ཟོས་སུ་མི་འགྲོ་བར་འབྲེལ་ཡོད་མང་ཚོགས་ཀྱི་བདེ་དོན་ཁོ་ནའི་ཆེད་བཏང་སྟེ་གཞན་ཕན་དགེ་རྩའི་ལས་དོན་བསྒྲུབ་རྒྱུ་ནི་ཚོགས་པ་འདིའི་དམིགས་ཡུལ་གྱི་གཙོ་བོ་ཡིན། དམིགས་ཡུལ་དེ་དང་འབྲེལ་བའི་ལས་འགན་ནི། ༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱི་མཛད་འཕྲིན་དང་མཚན་སྙན་སྲུང་སྐྱོབ། ཐུན་མོང་མ་ཡིན་པའི་འབྲེལ་ཡོད་གྲྭ་བཙུན་སྔགས་གསུམ་གྱི་དགོན་སྡེ་ཁག་གི་འཆད་ཉན་སློབ་གཉེར་དང་འགྲིག་ལམ་ཀུན་སྤྱོད་མི་ཉམས་གོང་སྤེལ། འབྲེལ་ཡོད་ལྷ་སྡེ་མང་ཚོགས་ཀྱི་ཤེས་ཡོན་དང་། འཕྲོད་བསྟེན། ཀུན་སྤྱོད་སོགས་ཡར་རྒྱས་གཏོང་ཐབས་ལ་འབད་རྒྱུ་ནི་ཚོགས་པ་འདིའི་ལས་འགན་གྱི་གཙོ་བོ་ཡིན། ལས་འགན་ལག་བསྟར་བྱེད་པོ་ནི། དགེ་རྩ་ཚོགས་པ་འདིའི་ཁྱབ་ཁོངས་དགོན་སྡེ་དང་ལྷ་སྡེ་ཁག་གི་འཐུས་མི་དང་ཚོགས་མི་རྣམས་ནས་འོས་འདེམས་གནང་བའི་སྤྱི་ཁྱབ་རྒྱུན་ལས་ལྷན་ཚོགས་ཤིག་ཡོད་པ་དང་། སྤྱི་ཁྱབ་རྒྱུན་ལས་ལྷན་ཚོགས་འདིས་ཀིརྟིའི་དགེ་རྩ་ཚོགས་པའི་བླ་ན་མེད་པའི་དབུ་ཁྲིད་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གི་དབུ་ཁྲིད་འོག་ལས་དོན་ཁག་ལག་བསྟར་གནང་བཞིན་ཡོད། ཚོགས་པ་འདིའི་དཔལ་འབྱོར་ལམ་ལུགས་ནི། དད་ལྡན་མང་ཚོགས་ནས་༸སྐྱབས་མགོན་ཀིརྟི་རིན་པོ་ཆེའི་མཚན་ཐོག་ལ་ཕུལ་འབྱོར་བྱུང་བའི་དཀོར་ཟས་རྒྱུ་ནོར་ཡོངས་རྫོགས་སྤྱིའི་འགྲོ་ལུགས་ལྟར་ན་༸ཁོང་རིན་པོ་ཆེའི་ཐོབ་དབང་ཁོ་ན་ཡིན་ནའང་། ༸ཁོང་རིན་པོ་ཆེས་རང་ཉིད་ཀྱི་རྒྱུ་ནོར་བློས་གཏོང་གིས་ཀིརྟི་ཚང་གི་རྒྱུ་དངོས་ཡོངས་རྫོགས་ཀིརྟིའི་དགེ་རྩ་ཚོགས་པར་གནང་དགོས་པའི་ལམ་སྲོལ་གསར་གཏོད་མཛད་ཡོད་པ་ལྟར། ཚོགས་པ་འདིའི་དཔལ་འབྱོར་གཙོ་བོ་༸ཁོང་རིན་པོ་ཆེ་ལ་དད་འབུལ་བྱུང་བའི་བསྔོ་རྟེན་སྐྱབས་རྟེན་སོགས་སྐུ་རྒྱུ་ཕྱག་རྫས་ཀྱིས་མཚོན་པའི་དངུལ་དངོས་དང་། ཁ་རྗེ་དབང་ཐང་གང་ཡོད་ཀིརྟི་ཚང་གི་སློབ་བརྒྱུད་སྤྱི་ལ་དབང་བའི་དཔལ་འབྱོར་ལམ་ལུགས་ཅན་ཞིག་གཞིར་བཟུང་། དམིགས་ཡུལ་གཞན་ཕན་དགེ་རྩ་ཁོ་ནའི་ཆེད་འཆར་གཞི་ལྡན་པའི་སྒོ་ནས་གཏོང་བ་དང་། དཔལ་འབྱོར་དར་སྤེལ་དང་། སྲ་བརྟན། འགན་སྲུང་བྱ་དགོས་པའི་དཔལ་འབྱོར་ལམ་ལུགས་ཤིག་གཏན་འབེབས་ཀྱིས་ལག་བསྟར་གནང་བཞིན་ཡོད། ཚོགས་པ་འདིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་ནི། དགེ་རྩ་ཚོགས་པ་འདིའི་འགྲོ་ལུགས་རྣམས་དེང་དུས་མང་གཙོའི་ལམ་ལུགས་དང་མཐུན་པར་འགྲོ་དགོས་པའི་ལམ་སྟོན་དང་སྒྲིག་གཞི་གསལ་པོ་ཡོད་པ་ལྟར། ༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་ནི་ཚོགས་པ་འདིའི་བླ་ན་མེད་པའི་དབུ་ཁྲིད་ཡིན་པ་དང་། ཁོང་གི་དབུ་ཁྲིད་འོག་ཚོགས་པ་འདིའི་འཛིན་སྐྱོང་གི་དབང་ཚད་མཐོ་ཤོས་ཡོད་མཁན་ནི་སྤྱི་ཁྱབ་རྒྱུན་ལས་ལྷན་ཚོགས་ཡིན། སྤྱི་ཁྱབ་རྒྱུན་ལས་ལྷན་ཚོགས་ནི་ད་ལྟ་བཙན་བྱོལ་དུ་གནས་པའི་བར་བརྒལ་རིང་ཚོགས་མི་གསུམ་ལས་གྲུབ་པ་ཞིག་ཡིན་ལ། ཀིརྟིའི་དགེ་རྩ་ཚོགས་པའི་འགན་འཛིན་གྲོས་ཚོགས་ཀྱི་འཐུས་མི་དང་ཚོགས་འདུ་ཆེན་མོའི་ཚོགས་མི་རྣམས་ཀྱིས་འོས་བསྡུའི་ལམ་ནས་བསྐོ་བཞག་གནང་གི་ཡོད། སྤྱི་ཁྱབ་རྒྱུན་ལས་ལྷན་ཚོགས་ཀྱི་ལས་ཡུན་ལོ་གསུམ་རེ་དང་། ཀིརྟིའི་དགེ་རྩ་ཚོགས་པའི་འགན་འཛིན་གྲོས་ཚོགས་དང་ཚོགས་འདུ་ཆེན་མོ་ལ་འགན་འཁྱེར་བའི་སྒོ་ནས་ལས་དོན་རྣམས་སྒྲུབ་བཞིན་ཡོད། ཀིརྟིའི་དགེ་རྩ་ཚོགས་པའི་འགན་འཛིན་གྲོས་ཚོགས་ནི། ཀིརྟི་ཚང་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པའི་དགོན་སྡེ་ཁག་གི་བླ་སྤྲུལ་དགུང་ལོ་བཅོ་བརྒྱད་ལོན་པ་ཡོངས་རྫོགས་དང་། འབྲེལ་ཡོད་གྲྭ་བཙུན་སྔགས་གསུམ་གྱི་དགོན་སྡེ་ཁག་གི་ལས་སྣེ་གཙོ་བོ་རྣམས་དང་། གྲྭ་བཙུན་སྔགས་གསུམ་ཞལ་གྲངས་བརྒྱ་རེའི་མཚམས་སུ་འཐུས་མི་རེ་རེ། འབྲེལ་ཡོད་ལྷ་སྡེ་ཤོག་ཀ་རེ་རེ་ནས་འཐུས་མི་གཉིས་རེ་བཅས་སེར་སྐྱ་ཕོ་མོ་དབྱེར་མེད་ཀྱི་འཐུས་མི་ལས་གྲུབ་པའི་གྲོས་ཚོགས་ཤིག་ཡིན། ད་ལྟ་བཙན་བྱོལ་གྱི་བར་བརྒལ་རིང་ཀིརྟིའི་བྱེས་པ་གྲྭ་ཚང་གི་བླ་སྤྲུལ་དང་། དགེ་རྒན། ལས་སྣེ། ལས་སྣེ་ཟུར་པ། རྡོར་གླིང་སུ་ཁེ་ཀིརྟི་དགོན་གྱི་ལས་སྣེ། ཀིརྟིའི་བྱེས་པ་གྲྭ་ཚང་དུ་བཞུགས་པའི་འབྲེལ་ཡོད་དགོན་སྡེ་ཁག་གི་འཐུས་མི། རྡ་ས་ཁུལ་བཞུགས་འབྲེལ་ཡོད་ཕ་ཡུལ་གྱི་རྫོང་ཁག་སོ་སོའི་ལྷ་སྡེའི་འཐུས་མི་བཅས་འཐུས་མི་དྲུག་ཅུ་ལྷག་ཡོད་ཅིང་། འཐུས་མིའི་ལས་ཡུན་ལོ་གསུམ་རེ་ཡིན། འགན་འཛིན་གྲོས་ཚོགས་འདི་ནི་ལོ་རེའི་ནང་ཚོགས་འདུ་ཐེངས་གཅིག་རེ་འཚོགས་བཞིན་ཡོད་པ་དང་། ཚོགས་འདུའི་སྐབས་ཀིརྟིའི་དགེ་རྩ་ཚོགས་པའི་ལོ་རེའི་ལས་བསྡོམས་དང་བྱུང་སོང་ལྷག་གསུམ་གྱི་རྩིས་ཁྲ་ལ་བསྐྱར་ཞིབ། ལས་འཆར་གསར་པ་དང་སྔོན་རྩིས་གཏན་འབེབས། སྒྲིག་གཞི་གསར་བཟོ་དང་བསྐྱར་བཅོས། གྲོས་ཆོད་གཏན་འབེབས་སོགས་ལས་དོན་ཐམས་ཅད་མང་གཙོའི་འགྲོ་ལུགས་ལྟར་སྤྱི་མོས་དང་མང་མོས་གང་རུང་གི་ལམ་ནས་ཐག་གཅོད་གནང་བཞིན་ཡོད། ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་འདུ་ཆེན་མོ་ནི། གོང་དུ་ཟུར་ཙམ་ཞུས་པ་ལྟར་ཀིརྟི་ཚང་གི་སློབ་བརྒྱུད་མང་ཚོགས་ཀྱི་གྲོས་མོལ་ཚོགས་ཆེན་གཞི་རྒྱ་ཆེ་ཤོས་དེ་ཡིན་ཞིང་། ཀིརྟིའི་དགེ་རྩ་ཚོགས་པའི་འགན་འཛིན་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱི་ཐོག འབྲེལ་ཡོད་གྲྭ་བཙུན་སྔགས་གསུམ་གྱི་དགོན་སྡེ་ཐམས་ཅད་ཀྱི་ལས་སྣེ་ཆ་ཚང་། འབྲེལ་ཡོད་ཆོས་ཚོགས་དང་སློབ་གྲྭ་སོགས་ཀྱི་ཚོགས་མི། ལྷ་སྡེ་ཤོག་ཀ་རེ་རེ་ནས་ཚོགས་མི་བཞི་རེ། གཞན་ཡང་འབྲེལ་ཡོད་ཤེས་ཡོན་ཅན་དང་། ཉམས་མྱོང་ཅན། ལྷག་བསམ་ཅན་གྱི་མི་རྒན་སོགས་ཚོགས་མི་ལྔ་བརྒྱ་ཡས་མས་ལས་གྲུབ་པ་ཞིག་ཡིན། བཙན་བྱོལ་གྱི་བར་བརྒལ་རིང་ཀིརྟིའི་བྱེས་པ་གྲྭ་ཚང་གི་བླ་སྤྲུལ་རྣམ་པ་སོགས་འགན་འཛིན་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱི་ཐོག་རྒྱ་བལ་ཁུལ་དུ་གནས་བཞུགས་ཀིརྟི་ཚང་གི་སློབ་བརྒྱུད་ཤེས་ཡོན་ཅན་དང་། ཉམས་མྱོང་ཅན། ལྷག་བསམ་ཅན་སོགས་ཚོགས་མི་སེར་སྐྱ་ཕོ་མོ་ཉིས་བརྒྱ་ཡས་མས་ལས་གྲུབ་པ་ཞིག་ཆགས་ཡོད། ཚོགས་འདུ་ཆེན་མོ་འདི་ནི་སྤྱིར་ལོ་ལྔ་རེའི་ནང་ཐེངས་རེ་འཚོགས་དགོས་པ་ཡིན་ནའང་བར་བརྒལ་རིང་ཀིརྟིའི་དགེ་རྩ་ཚོགས་པའི་སྤྱི་ཁྱབ་རྒྱུན་ལས་དང་འཐུས་མི་རྣམས་ལོ་གསུམ་རེའི་མཚམས་སུ་འཕོ་འགྱུར་འགྲོ་བཞིན་པ་དང་སྟབས་བསྟུན་ལོ་གསུམ་རེའི་ནང་ཐེངས་རེ་འཚོགས་བཞིན་ཡོད། ཚོགས་ཆེན་ཐོག་ནས་ཀིརྟིའི་དགེ་རྩ་ཚོགས་པའི་ལས་དོན་དམིགས་བསལ་གལ་ཆེའི་རིགས་ལ་གྲོས་མོལ་གྱིས་གཏན་འབེབས་དང་། དགེ་རྩ་ཚོགས་པ་འདིའི་རྩ་དོན་དང་འབྲེལ་བའི་ལས་དོན་ཤིན་ཏུ་གལ་གནད་ཅན་ལ་འབྲེལ་ཡོད་མང་ཚོགས་ནས་མང་མོས་འོས་བསྡུ་གནང་དགོས་མིན་སོགས་ཐག་གཅོད། སྐབས་སོ་སོའི་སྤྱི་ཁྱབ་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་མི་རྣམས་གསར་འདེམས་ཀྱིས་རྒྱུན་ལས་གསར་རྙིང་བརྗེ་ལེན་གནང་རྒྱུ་སོགས་ཀྱི་ལས་དོན་སྒྲུབ་བཞིན་ཡོད། ད་རེས་ཀྱི་ཚོགས་ཆེན་འདིའི་སྐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་སྐུ་ཚེ་མཛད་འཕྲིན་རྒྱས་ཆེད་སྤྱི་དང་། ལྷག་པར་ད་ལོ་རང་ལུགས་དགུང་གྲངས་བརྒྱད་ཅུ་གྱ་ལྔར་ཕེབས་པའི་སྐུའི་དགུང་ཀེག་གི་མཚན་མ་ཅི་མཆིས་ལྷག་མེད་དུ་ཞི་ནས་བསྟན་འགྲོའི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཆེད། ཀིརྟི་ཚང་གི་སློབ་བརྒྱུད་དུ་གཏོགས་ཚད་སྤྱི་སྒེར་ཡོངས་ནས་སྐུ་ཕྱྭའི་ཞབས་རིམ་སོགས་རང་འཁྲིའི་ཞུ་སྒོ་གང་དང་གང་ལ་ཇི་ལྟར་འབད་དགོས་སྐོར་སོགས་དམིགས་བསལ་གྲོས་གཞི་ཁག་ལྔའི་ཐོག་ཚོགས་མི་རྣམས་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་ལྷུག་པོ་གནང་མཐར་ཚོགས་ཆེན་ཐོག་ནས་གྲོས་ཆོད་གཏན་འབེབས་གནང་རྒྱུ་དང་། དགེ་རྩ་ཚོགས་པའི་འདས་པའི་ལོ་བཞིའི་རིང་གི་ལས་བསྡོམས་དང་ཐེངས་སྔོན་མའི་ཚོགས་ཆེན་གྱི་གྲོས་ཆོད་རྣམས་ལ་བསྐྱར་ཞིབ་སོགས་ཉིན་གཉིས་རིང་ལས་རིམ་ཁག་ཅིག་མང་གཙོའི་ལམ་ལུགས་ཀྱི་ཚོགས་འདུའི་འགྲོ་ལུགས་ལྟར་གནང་འཆར་ཡོད་པ་བཅས་”ཚོགས་འདུའི་ངོ་སྤྲོད་ཟབ་གསལ་གནང་།

དེ་རྗེས་སྤྱི་ཁྱབ་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་གཙོ་བློ་བཀྲ་ཚེ་རིང་མཆོག་ནས་འདས་པའི་ལོ་བཞིའི་རིང་གི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་པར། དང་པོ། ཞབས་རིམ་དང་མཆོད་འབུལ་བསྙེན་བཀུར་སྐོར། གཉིས་པ། དམིགས་བསལ་སྣེ་ལེན་འཚམས་འདྲི་དང་ཟབ་སྦྱོང་གོ་སྒྲིག གསུམ་པ། ཚོགས་འདུ་དང་བགྲོ་གླེང་། ལས་ཁུངས་འཛིན་ཆས་སྐོར། བཞི་པ། དཔར་སྐྲུན་དང་ལས་བྱེད་བསྐོ་བཞག འཛུགས་སྐྲུན་སོགས་ཀྱི་སྐོར། ལྔ་པ། རོགས་སྐྱོར་དང་ཞལ་འདེབས་སྐོར། དྲུག་པ། ཟིན་བྲིས་དང་། གནས་འཕྲིན་སོགས་ཀྱི་སྐོར། བདུན་པ། གཞུང་དོན་ཕྱོགས་བསྐྱོད་སྐོར། བརྒྱད་པ། སྐུ་གསུང་ཐུགས་རྟེན། མཆོད་ཆས། དཔར་སྐྲུན་སྐོར། དགུ་པ། དཔལ་འབྱོར་ཡོང་སོང་ལྷག་གསུམ་གྱི་སྐོར། བཅུ་པ། ལས་འཆར་དང་ལས་མཇུག་ལྷག་ལུས་སྐོར་བཅས་དོན་ཚན་བཅུར་བགོས་ནས་བྲིས་ཡོད་འདུག དེ་ནས་འབྲེལ་ཡོད་སྤྱི་སྒེར་ཁག་ཅིག་ལ་གཟེངས་བསྟོད་དང་ཐུགས་རྗེ་ཆེ་ཞུའི་བཀའ་ཤོག་དང་ཐུགས་རྗེ་ལེགས་འབུལ། ལེགས་དར་བཅས་སྐུ་མགྲོན་གཙོ་བོ་མཆོག་གིས་གསོལ་སྩལ་གནང་བ་དང་། སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་མཁས་དབང་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཚོགས་མི་ཡོངས་ལ་བླང་དོན་ལམ་སྟོན་གྱི་བཀའ་སློབ་གནང་དོན།

དུས་རབས་ཉེར་གཅིག་པའི་ནང་ང་ཚོ་སྔ་མོའི་སྲོལ་རྒྱུན་བཟང་པོའི་ཐོག་སྡོད་རྒྱུ་དེ་ཕལ་ཆེར་བརླགས་པ་ཚར་བ་ལྟ་བུ་ཡིན་པས། འཇིག་རྟེན་གྱི་འགྲོ་བ་མི་ཡོངས་དང་དཔུང་པ་མཉམ་གཤིབ་ཀྱིས་འགྲོ་དགོས་པས་ཁྲིམས་ཀྱི་དབང་བསྒྱུར་ཡོད་དགོས་པ་དང་། དེ་འདྲ་བའི་ཁྲིམས་ཀྱི་དབང་བསྒྱུར་དེའང་ཕྱག་ལེན་ཙམ་མ་ཡིན་པར་ཡིག་ཐོག་ཏུ་སུས་གཟིགས་པ་ཡིན་ནའང་། གཟིགས་ཆོག་པ་ཞིག་དང་སུས་ལག་ལེན་དུ་བསྟར་ནའང་ཚང་མར་སྤྱི་ཡོངས་ནས་འཁོད་སྙོམ་ཡོང་བའི་ཐབས་ཤེས་ཡོད་དགོས་པ་དེ་མེད་དུ་མི་རུང་བའི་དུས་ཀྱི་དགོས་མཁོ་ཞིག་ཆགས་ཡོད་པ་རེད། དེ་འདྲ་ཡིན་ཙང་བར་ལམ་ཞིག་ནས་གདན་ས་ཆེན་པོ་གསུམ་གྱི་གྲྭ་ཚང་ཁག་གིས་མཚོན་པའི་བཙན་བྱོལ་བོད་མིའི་ཆོས་སྡེ་ཁག་དང་། བཤད་གྲྭ་ཁག་གི་ནང་སྤྱིར་འཛིན་སྐྱོང་གི་རིམ་པ་དང་། ལྷག་པར་དུ་དཔལ་འབྱོར་གྱི་འདུ་འགོད་སོགས་ཀྱི་ཆེད་ས་གནས་ཀྱི་ཁྲིམས་དང་མཐུན་པའི་དེབ་སྐྱེལ་བྱེད་དགོས་པ་དང་ཆབས་གཅིག་ཏུ། ཁྲིམས་མཐུན་གྱི་སྒྲིག་གཞི་གཏན་ལ་ཕབས་དགོས་པ། སྒྲིག་གཞི་དེའི་ནང་གི་དགེ་འདུན་གྱི་སྡེ་དང་ཆོས་སྡེ་སོ་སོའི་སྲོལ་རྒྱུན་གྱི་ཕྱག་ལས་ཡོངས་རྫོགས་དེའི་ཁྱབ་ཁོངས་ལ་མ་འདུས་པར་བརྟེན། རང་རང་སོ་སོ་དགེ་འདུན་གྱི་ནང་ཁྲིམས་དང་སོ་སོའི་ཐུན་མོང་མ་ཡིན་པའི་སྔོན་གྱི་སྲོལ་བཟང་དེ་ཚོ་དེང་རབས་ཀྱི་སྒྲིག་གཞི་ཚད་ལྡན་འོག་ལ་འགྲོ་དགོས་པའི་ཆེད་དུ་༧གོང་ས་སྐྱབས་མགོན་ཆེན་པོས་བཀའ་སློབ་སྔ་ཕྱིར་གནང་ཡོད་པ་རེད་ལ། མང་པོ་ཞིག་ལ་བསམ་ཚུལ་དེ་འདྲ་ཡོང་གི་ཡོད་པ་རེད། ཡིན་ནའང་། དེང་རབས་ཀྱི་དགོས་མཁོ་ལ་ཐུགས་སྣང་དེ་ཙམ་མ་གནང་པ་དང་ཡང་ཁ་ཤས་ཀྱི་རྙིང་ཞེན་དགོངས་པ་བཞེས་གནང་ཡོད་པ་དེ་ཚོའི་དབང་གིས། ཆོས་སྡེ་དང་གདན་ས་མང་པོ་ཞིག་གི་ནང་དེ་འདྲའི་གནས་བབ་ཆ་ཚང་བ་ཞིག་ཡོང་བར་ལས་སླ་པོ་ཞིག་མ་ཡིན་པར་འབད་བརྩོན་ཆེན་པོ་བྱས་ན་མ་གཏོགས་ཡོང་མ་ཐུབ་པ་ལྟ་བུ་ཞིག་ཆགས་ཡོད་པ་རེད།

ཀིརྟིའི་བྱེས་པ་གྲྭ་ཚང་གི་ངོས་ནས་༧ཀིརྟི་སྐྱབས་མགོན་རིན་པོ་ཆེའི་ཡང་དག་པའི་ལམ་སྟོན་འོག་སྔོན་གྱི་ལམ་སྲོལ་དེ་དགེ་རྩ་ཚོགས་པའི་ངོ་བོར་བསྒྱུར་བ་དང་། དེ་ཡང་ཡང་དག་པའི་དམངས་གཙོའི་འགྲོ་སྟངས་ཆ་ཚང་བ་ཞིག་ཡོང་ཆེད་སྒྲིག་གཞི་ཟིན་བྲིས་དང་བར་བརྒལ་གྱི་སྒྲིག་གཞི་སོགས་ཀྱི་ཡན་ལག་ཡོངས་སུ་ཚང་བ། ས་བཅད་མ་ཆད་པ་དང་ནང་དོན་གྱི་བརྗོད་ཚིག་འགལ་བ་མེད་པ། ལག་ལེན་ལ་བསྟར་བདེ་བ་བཅས་ཞེ་དྲག་ཡག་པོ་བཟོས་གནང་བར་རྗེས་སུ་ཡིད་རངས་ཡོད། དེ་ལ་བརྟེན་ནས་ལས་ཀྱི་སྣེ་མོ་བ་ཚོས་ཕྱག་ལས་གནང་བདེ་རུ་ཕྱིན་ཡོད་པ་རེད། དེ་བཞིན་ཁྲིམས་ཀྱི་དབང་བསྒྱུར་ལ་ཕྱིན་པ་དེ། ད་ལྟའི་གནས་སྐབས་ལ་གཙང་མ་དང་སྟབས་བདེ་བོ་ཡོད་པར་མ་ཟད། འབྱུང་འགྱུར་བྱུང་རབས་ཀྱི་ནང་སྒྲིག་གཞིའི་འོག་ཏུ་ཕྱིན་པ་དང་ཚོགས་འདུ་ཆེ་ཆུང་རིམ་པ་དེ་ཚོའི་གྲོས་གཞི་དང་གྲོས་ཆོད་ཡིག་ཐོག་ལ་འཇོག་ཐུབ་པ་དེ་ཚོའི་རྒྱུ་མཚན་ལ་བརྟེན་ནས་ལོ་བརྒྱ་ཕྲག་ཁ་ཤས་འདས་པའི་རྗེས་སུ་བྱུང་རབས་ལ་ཕྱིར་བལྟས་ཤིག་བྱེད་སྐབས། སྔ་མོ་ང་ཚོ་བོད་ལ་ཡོད་པའི་སྐབས་དང་མི་འདྲ་བར་ལོ་བརྒྱ་ཕྲག་གི་སྔོན་ལ་ལས་དོན་ག་རེ་བྱས་པ་དེ་དག་ཡིག་ཆ་རང་ངོས་ནས་ཁ་གྲགས་ཡོང་བ་ཞིག་དང་། དེ་བཞིན་དཔལ་འབྱོར་འདུ་འགོད་ལྟ་བུའང་ཡིག་ཆ་རང་ངོས་ནས་ཁ་གྲགས་ཡོང་བའི་སྐབས་ལ་ལྷག་བསམ་རྣམ་དག་དྲང་པོ་དྲང་བཞག་ཡིན་པ་དེ། དེང་སེང་གི་གཏམ་དཔེ། ལྷག་བསམ་རྣམ་དག་ཡིན་པས་འདང་གི་མ་རེད། ཡིན་པ་དེ་མི་ཚང་མས་མཐོང་ཐུབ་པ་ཞིག་དགོས་ཀི་རེད་ཅེས་པ་དེ་དངོས་གནས་གནད་འགག་རེད། ཅེས་སོགས་ཟབ་ཅིང་རྒྱ་ཆེ་བའི་ལམ་སྟོན་གནང་།

ད་རེས་ཀྱི་ཚོགས་ཆེན་དངོས་གཞིའི་སྐབས་ལ་ཚོགས་མི་ཡོངས་ནས་བསམ་ཚུལ་འདོན་སའི་གྲོས་གཞི་ལྔ་འཐུས་མིའི་ལས་དོན་ཚོགས་ཆུང་གིས་བཟོས་ཡོད་པ་ནི།

“༡༽ ལྷར་བཅས་སྲིད་ཞིའི་གཙུག་རྒྱན་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྐུ་ཚེ་མཛད་འཕྲིན་རྒྱས་ཆེད་སྤྱི་དང་། ལྷག་པར་ད་ལོ་རང་ལུགས་དགུང་གྲངས་བརྒྱད་ཅུ་གྱ་ལྔར་ཕེབས་པའི་སྐུའི་དགུང་ཀེག་གི་མཚན་མ་ཅི་མཆིས་ལྷག་མེད་མྱུར་དུ་ཞི་ནས་བསྟན་འགྲོའི་མགོན་དཔུང་དམ་པར་སྐུ་ཚེ་ཞབས་པད་བསྐལ་པ་རྒྱ་མཚོའི་བར་དུ་མི་འགྱུར་རྡོ་རྗེའི་གཤིས་སུ་བརྟན་པར་བཞུགས་པའི་ཆེད། ཀིརྟི་ཚང་གི་སློབ་བརྒྱུད་དུ་གཏོགས་ཚད་སྤྱི་སྒེར་ཡོངས་ནས་སྐུ་ཕྱྭའི་ཞབས་རིམ་སོགས་རང་འཁྲིའི་ཞུ་སྒོ་གང་དང་གང་ལ་ཇི་ལྟར་འབད་དགོས་སྐོར།

༢༽ ཀིརྟིའི་དགེ་རྩ་ཚོགས་པའི་བླ་ན་མེད་པའི་དབུ་ཁྲིད་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་སྐུ་ན་བགྲེས་ཕེབས་དང་སྐུའི་སྙུང་གཞི་བཞེས་པ་ལས་མྱུར་དུ་དྭངས་ཆེད་སྐུའི་ྋཞབས་བརྟན་གྱི་གཙོ་བོ་ནི། བཀའ་བཞིན་སྒྲུབ་པའི་མཆོད་པ་ལ་བརྩོན་ཏེ་ཐུགས་མཉེས་པར་བྱེད་པ་འདི་ཉིད་ཡིན་པས། འབྲེལ་ཡོད་སྤྱི་སྒེར་ལ་བསྩལ་པའི་བླང་དོར་ལམ་སྟོན་གྱི་བཀའ་སློབ་གསུང་བཤད་སྔ་ཕྱིའི་དགོངས་དོན་ཁག་འགལ་མེད་ལག་བསྟར་གྱིས་བཀའ་གསུང་ཇི་སྒྲུབ་ཞུ་ཐུབ་ཐབས་ཇི་དགེའི་སྐོར།

༣༽ འདས་པའི་ཉམས་མྱོང་ལ་དཔགས་ཏེ་ཀིརྟིའི་དགེ་རྩ་ཚོགས་པའི་ལས་དོན་བྱེད་ཕྱོགས་ལ་ལེགས་བཅོས་དང་ཡར་རྒྱས་གཏོང་དགོས་པ་གང་ཡོད་དང་། དགེ་རྩ་ཚོགས་པའི་དམིགས་ཡུལ་དང་མཐུན་པའི་ལས་འགུལ་གསར་པ་གང་དག་ཇི་ལྟར་སྤེལ་དགོས་སྐོར།

༤༽ ཀིརྟིའི་དགེ་རྩ་ཚོགས་པ་དང་ཀིརྟིའི་བྱེས་པ་གྲྭ་ཚང་གི་དཔལ་འབྱོར་མཐུན་རྐྱེན་ཕྲན་བུ་ཡོད་པ་རྣམས་ཁྲིམས་མཐུན་དང་མིག་སྨན་མིག་ཐོག་ལ་ཕན་པ་ཞིག་ཡོང་ཐབས་དང་། ས་ཁང་སོགས་ཁྲིམས་མཐུན་བརྟན་གནས་བཟོ་ཐུབ་ཐབས་ཇི་དགེའི་སྐོར།

༥༽ གནས་མཆོག་རྡོ་རྗེ་གདན་དུ་བཞེངས་འཆར་བོད་བརྒྱུད་ནང་བསྟན་དཔལ་ནཱ་ལེནྜའི་ལྟ་གྲུབ་སློབ་གཉེར་ཁང་བསམ་ཡས་གླིང་ངམ་རྡོར་གདན་ཀིརྟིའི་སྒར་བསམ་ཡས་གླིང་གི་ཕྱི་ནང་གི་འཛུགས་སྐྲུན་ཐམས་ཅད་ྋཁོང་རིན་པོ་ཆེའི་ཐུགས་བཞེད་ཇི་བཞིན་ལེགས་འགྲུབ་ཡོང་ཐབས་ཇི་དགེའི་སྐོར་བཅས་”ཡིན་པ་དང་། དེའི་ཐོག་ཚོགས་ཆུང་བཞི་ལ་བགོས་ནས་ཚོགས་མི་ཡོངས་ཀྱིས་བསམ་ཚུལ་གང་བྱུང་མང་མོས་དང་སྤྱི་མོས་གང་རུང་གིས་ཚོགས་ཆེན་གྱི་གྲོས་ཆོད་དུ་འཇོག་གནང་མཛད་པ་བཅས་ཉིན་གཉིས་རིང་ཚོགས་འདུའི་ལས་རིམ་ཆ་ཚང་ལེགས་པར་གྲུབ། ཉིན་དང་པོའི་དབུ་འབྱེད་མཛད་སྒོ་གྲུབ་པ་དང་། བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་༸ཀིརྟི་སྐྱབས་མགོན་རིན་པོ་ཆེའི་གཟིམ་ཆུང་དུ་གདན་འདྲེན་ཞུས་ཏེ། ཉིན་གུང་གི་གསོལ་ཚིགས་རྣམ་པ་གཉིས་མཉམ་དུ་བཞེས་གནང་མཛད་པ་བཅས་དང།

 

དེ་བཞིན་ཟླ་བ་འདིའི་ཚེས་༥ དང་ ༦ སྟེ། ཉིན་གཉིས་རིང་སྐབས་གསུམ་པའི་འགན་འཛིན་གྲོས་ཚོགས་ཐེངས་བཞི་པ་ཀིརྟིའི་དགེ་རྩ་ཚོགས་པའི་གཞན་ཕན་ཞི་བདེའི་ཚོགས་ཁང་དུ་ཚོགས་ཡོད་པ་དང་། ཉིན་གཉིས་ཀྱི་ལས་རིམ་ནང་སྒྲིག་གཞིའི་ཟིན་བྲིས་ཁག་ཅིག་བྱུང་བ་ལ་ཚིག་དོན་གྱི་བརྗོད་པ་དང་གཉིས་གསུམ་གྱི་ལམ་ནས་གཏན་འབེབས་གནང་། དེ་བཞིན་ལོ་འཁོར་ལས་བསྡོམས་དང་། ལོ་འཁོར་རྩིས་ཁྲ་གཉིས་སྒྲོག་སྦྱང་དང་འབྲེལ་ནས་དྲི་བ་དྲིས་ལན་ཞུས་པ་དང་། འབྱུང་འགྱུར་ལོ་འཁོར་སྔོན་རྩིས་བཀའ་ཁྲོལ་ཞུས། ལོ་སྔོན་མའི་གྲོས་ཆོད་ཁག་ལས་གང་ཞིག་ལག་བསྟར་ཐུབ་པའི་གནས་སྟངས་དང་། མ་ཐུབ་པའི་རྒྱུ་མཚན་སྐོར་ལ་བསྐྱར་ཞིབ་ཆེད་དྲི་བ་དྲིས་ལན། ཀིརྟིའི་དགེ་རྩ་ཚོགས་པའི་བླ་ན་མེད་པའི་དབུ་ཁྲིད་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་ཚོགས་འདུའི་ལམ་སྟོན་གསུང་བཤད་ཐོག་སྦྱང་བཤད་ལྷུག་པོར་ཞུས་ཆེད་ཚོགས་མི་རྣམས་ཚོགས་ཆུང་གསུམ་ལ་ཆ་བགོས་བྱས་པ་ནས་བསམ་ཚུལ་གང་བྱུང་ཚོགས་ཆུང་སོ་སོས་མང་མོས་དང་སྤྱི་མོས་ཀྱི་ལམ་ནས་གྲོས་གཞིར་སླེབས་པ་རྣམས་སྒྲོགས་སྦྱང་དང་། ཚོགས་ཆུང་གསུམ་གྱི་གྲོས་གཞི་རྣམས་ཕྱོགས་སྒྲིལ་གྱིས་ཚོགས་མི་རྣམས་ཡོངས་ཀྱིས་མང་མོས་དང་སྤྱི་མོས་གང་རུང་གི་ལམ་ནས་གྲོས་ཆོད་དུ་གཏན་འབེབས་གནང་བ་དང་། འཐུས་མི་སྒེར་གྱི་གྲོས་ཆོད་བསྣམས་པ་བཅས་གྲོས་ཆོད་མི་འདྲ་བ་བཅུ་དགུ་ཙམ་གཏན་འབེབས་གནང་བ་སོགས་ལས་ཉིན་གཉིས་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་པར་གྲུབ།

IMG 6860 2 IMG 6859 2 IMG 6873
 IMG 6874  IMG 6875  IMG 6880
 IMG 6873  IMG 6879  IMG 6870
 IMG 6876  IMG 6877  IMG 6878
IMG 6882 IMG 6883 IMG 6884
IMG 6852 D IMG 6854 D IMG 6857 D

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.