. . . .

IMG 7479ཕྱི་ལོ་ ༢༠༡༩ ལོའི་སྐབས་ལྔ་པའི་ཕར་ཕྱིན་སློབ་ཐོན་པའི་རྒྱུགས་སྤྲོད་ཆེན་མོ་ཕྱི་ཟླ་ ༦ ཚེས་ ནས་དབུ་འཛུགས་གནང་སྟེ་ཕྱི་ཚེས་ ༢༦ ཉིན་ཡོངས་སུ་གྲུབ་པར་མ་ཟད། རྒྱུགས་འབྲས་ཀྱང་གསལ་བསྒྲགས་གནང་བར་ཐེངས་འདིའི་རྒྱུགས་སྤྲོད་ལ་ཞུགས་མཁན་ཕར་ཕྱིན་སྐབས་བརྒྱད་པའི་འཛིན་གྲྭ་མི་གྲངས་བཅུ་གསུམ་ཡོད་པ་ནས་ཨང་སྡེ་དང་པོའི་གྲས་བཅུ་དང་། ཨང་སྡེ་གཉིས་པའི་གྲས་གསུམ་ཡིན་པས་ཚང་མས་ཚད་མཐོན་པོའི་སྒོ་ནས་རྒྱུགས་འཕྲོད་ཡོད་པ་ནི་རྒྱུགས་སྤྲོད་མཁན་ཙམ་མིན་པར། དགེ་སློབ་ལས་བྱེད་ཚང་མའི་ངོས་ནས་ཧ་ཅང་དགའ་འོས་པའི་དོན་བཟང་ཞིག་ཅི་ལ་མིན། ཁོང་རྣམ་པས་ཕར་ཕྱིན་ལོ་རིམ་དྲུག་དང་། དེའི་སྔོན་དུ་བསྡུས་གྲྭ་དང་། བློ་རིག རྟགས་རིགས། ས་ལམ་གྲུབ་མཐའ་སོགས་ལ་སྦྱངས་པ་རིམ་གནང་མཐར་འདི་ལོར་ཕར་ཕྱིན་སློབ་ཐོན་པའི་རྒྱུགས་སྤྲོད་གནང་བ་ཞིག་ཡིན་པ་དང་།

 

དེ་ཡང་ཕར་ཕྱིན་སློབ་ཐོན་པའི་རྒྱུགས་སྤྲོད་ཀྱི་རིམ་པ་ནི།

༡༽ ཕར་ཕྱིན་སྤྱི་དོན་སྐབས་དང་པོ་ཚན་པ་གཅིག་དང་། སྐབས་གཉིས་པ་དང་གསུམ་པ་ཚན་པ་གཅིག སྐབས་བཞི་པ་ཚན་པ་གཅིག སྐབས་ལྔ་པ་དང༌། དྲུག་པ། བདུན་པ། བརྒྱད་པ་བཅས་ཚན་པ་གཅིག་བྱས་ཏེ་རྒྱུགས་ཚན་བཞི་ལ་བྲིས་རྒྱུགས་དང་རྩོད་རྒྱུགས་གཉིས་རེ་ཡོད་པའི་རྒྱུགས་ཚན་རེ་རེའི་བྲིས་རྩོད་ཀྱི་རྒྱུགས་གཉིས་བསྡོམས་བརྒྱ་ཆ་བརྒྱ་རེ་དང༌། རེ་རེ་ལ་རྩ་འབོར་གྱི་བརྒྱ་ཆ་ ༡༧ རེ་ཡིན།

༢༽ བློ་རྟགས་བསྡུས་གསུམ་གྱི་རྩོད་རྒྱུགས་དང་བྲིས་རྒྱུགས་གཉིས་བསྡོམས་བརྒྱ་ཆ་བརྒྱ་དང༌། རྩ་འབོར་གྱི་བརྒྱ་ཆ་ ༡༠ །

༣༽ ངག་རྒྱུགས་ལ་བརྒྱ་ཆ་ལྔ་བཅུ་དང་རྩ་འབོར་གྱི་བརྒྱ་ཆ་ ༢ །

༤༽ དེ་སྔའི་ལོ་དྲུག་རིང་གི་ཟླ་གསུམ་དང་དགུན་ཆོས་ཀྱི་རྒྱུགས་འབྲས་ལ་བརྒྱ་ཆ་བརྒྱ་དང༌། རྩ་འབོར་གྱི་བརྒྱ་ཆ་ ༡༥ མཐའ་མའི་རྒྱུགས་འབྲས་ཐོག་ཕན་པར་བྱེད་རྒྱུ།

༥༽ དེ་སྔའི་ལོ་དྲུག་རིང་གི་ཟླ་གསུམ་སོ་སོའི་བློ་འཛིན་རྣམས་བསྡོམས་བརྒྱ་ཆ་བརྒྱ་དང༌། རྩ་འབོར་གྱི་བརྒྱ་ཆ་ ༥ མཐའ་མའི་རྒྱུགས་འབྲས་ཐོག་ཕན་ཡོད་པ་བཅས་ཀྱི་འགྲོ་ལུགས་གཞིར་བཟུང་བ་དང་། དེའི་ནང་གི་སྐབས་གཉིས་པ་དང་གསུམ་པའི་རྒྱུགས་གཉིས་དང་། སྐབས་ལྔ་པ་ནས་བརྒྱད་པའི་བར་གྱི་རྒྱུགས་གཉིས་བཅས་ཕྱི་རྒྱུགས་ཡིན་པས་རྒྱུགས་ཚན་དེ་གཉིས་ལ་བྲིས་རྒྱུགས་ཀྱི་དྲི་བ་དང་། རྩོད་རྒྱུགས་ཀྱི་ཁྱབ་མགོ་བཟོ་མཁན་གྲྭ་ཚང་གི་དགེ་རྒན་རྣམས་མིན་པར་ཕྱི་ལོགས་ནས་ཡིན་པ་དང་། འདི་གཉིས་རྒྱུགས་ལེན་དུ་ཡང་གྲྭ་ཚང་གཞན་ནས་གདན་ཞུ་བགྱིས། དཀའ་སྤྱད་ལོ་མང་བྱས་པའི་འབྲས་བུར་མཐའ་མའི་ཕར་ཕྱིན་རྒྱུགས་སྤྲོད་ཀྱི་བྱེད་སྒོ་ཁག་ལེགས་པར་གྲུབ་ནས་ཕྱི་ཚེས་ ༢༧ ནས་ཉིན་ཉི་ཤུའི་གུང་སེང་ལ་ཕེབས། འབྱུང་འགྱུར་སྔར་བས་འབད་རྩོལ་སྒོས་སློབ་སྦྱོང་གི་མཇུག་སྐྱོང་གང་ལེགས་ཡོང་བ་དང་། གང་སྦྱངས་པ་དག་མི་ཚེའི་ཉམས་ལེན་དུ་འཁེལ་ཐུབ་པའི་སྨོན་འདུན་དང་བཅས།

     
     
     

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.