IMG 6722

༄༅།།གང་གིས་ཐུགས་བརྩེས་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ། །གཽ་ཏམ་དེ་ལ་ཕྱག་འཚལ་ལོ། །

          ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་འདུ་ཆེན་མོ་ཐེངས་བཞི་པའི་སྐབས་སུ་འདུས་ཤིང་ཚོགས་པའི་སྐྱབས་ཡུལ་དགེ་འདུན་པ་རྣམ་པ་དང་། ཚོགས་འདུ་ཆེན་མོའི་ཚོགས་གཙོ་དང་ཚོགས་གཞོན། འགན་འཛིན་ལྷན་ཚོགས་ལ་སོགས་པའི་སྡེ་ཚན་སོ་སོའི་ལས་ཀྱི་སྣེ་མོར་གཏོགས་པ། སྐུ་མགྲོན་རྣམ་པ། གསར་འགོད་པ་རྣམ་པ།ཟུར་ཉན་པ་རྣམ་པ་ཚང་མ་ལ་ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་ཆེན་ཐེངས་བཞི་པ་འདིའི་ཐོག་ད་ལྟ་གོང་དུ་ཐོག་མར་ཚོགས་འདུའི་དམིགས་ཡུལ་དང་དགོས་པའི་ངོ་སྤྲོད། འདས་པའི་ལོ་གསུམ་རིང་གི་ཕྱག་ལས་གནང་བའི་ལས་བསྡོམས་སྙན་ཐོ། དཔལ་འབྱོར་བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲ་ཁམས་དྭངས། དེ་བཞིན་ལས་དོན་འཕྲོ་ལྷག་ཡོད་པ་དང་། འབྱུང་འགྱུར་གྱི་བྱེད་འཆར་ཁག་སྙན་གསན་ཞུས་པ་བཞིན་ཚང་མར་མཁྱེན་རྟོགས་བྱུང་ཡོད།

ཀིརྟིའི་ཁུལ་གྱི་དགོན་སྡེ་ནི་བྱུང་རབས་ཀྱི་དོན་སྙིང་ལྡན་པ་འདས་པའི་ལོ་སུམ་བརྒྱ་ཙམ་བར་ཆོས་དང་ཟང་ཟིང་གི་འབྲེལ་བ་རླབས་ཆེན་གྱི་ཐོག་ནས་སྤྱི་ཚོགས་དང་བསྟན་པའི་ཞབས་འདེགས་སྒྲུབ་མཁན་གྱི་ས་ཁུལ་ཞིག་ཆགས་ཡོད། དེའི་ཆོས་སྲིད་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་ལམ་སྟོན་ཀིརྟི་སྐྱབས་མགོན་སྐུ་ཕྲེང་རིམ་བྱོན་གྱིས་གནང་བའི་ཉེར་ལེན་ལ་བརྟེན་ནས་བྱུང་བ་རེད། ད་ལྟ་སྐུ་ཕྲེང་འདིའི་སྐབས་སུའང་བོད་ལ་དུས་འགྱུར་ཆེན་པོ་བྱུང་ནས་བཙན་བྱོལ་གྱི་གནས་སྐབས་སུ་ཐོག་མར་རིན་པོ་ཆེ་རང་ཉིད་ཀྱིས་གསན་བསམ་སློབ་གཉེར་གྱི་རིམ་པ་མཐར་ཕྱིན་གནང་བ་དང་། དེ་རྗེས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཞབས་འདེགས་རླབས་ཆེན་བསྒྲུབས་པ། དེ་བཞིན་སྐྱོང་ཡུལ་ཀིརྟིའི་གྲྭ་ཚང་དམིགས་བསལ་དྷ་རམ་ས་ལར་གསར་འཛུགས་གནང་ཞིང་། གྲྭ་ཚང་གསར་འཛུགས་གནང་ཞེས་པ་ནི་གཙུག་ལག་ཁང་རྟེན་དང་བརྟེན་པ་ལྟ་བུ་ཕྱི་སྣོད་ཀྱི་འདུ་འགོད་ཙམ་མ་ཡིན་པར། གསན་བསམ་བཤད་སྒྲུབ་ཀྱི་རིམ་པ་དེ་ཚོ་ཧ་ཅང་སྤུས་དག་པོ་དང་། གནས་ཚད་ལྡན་པ་གནང་བར་བརྟེན། ད་ལྟ་ཀིརྟིའི་བྱེས་པ་གྲྭ་ཚང་ཞེས་བྱེས་འབྱོར་གྱི་བཤད་གྲྭ་ཁག་གི་ནང་ནས་མིག་དཔེར་འོས་པ་ཞིག་ཆགས་ཡོད། ཕྱོགས་གཅིག་ནས་དགེ་འདུན་སློབ་གཉེར་བ་ཡོངས་རྫོགས་ཐུགས་མཐུན་ཁྲིམས་གཙང་དང་། ཕྱོགས་གཞན་ནས་འདིའི་ནང་ཡོད་པའི་རབ་བྱུང་ཡོངས་སུ་རྫོགས་པས་དམ་ཆོས་འདུལ་བའི་བཅས་ཁྲིམས་དང་། དགེ་འདུན་པའི་ནང་ཁྲིམས་ལ་བརྩི་བཀུར་ཆེན་པོའི་ཐོག་ནས་སྒྲིག་ཁྲིམས་ཧ་ཅང་དམ་པོར་སྲུང་བརྩི་ཞུ་བ། དེ་བཞིན་གཞུང་ཆེན་བཀའ་པོད་ལྔས་མཚོན་པའི་ཐ་སྙད་རིག་གནས་དང་བཅས་པ་ལ་ཕྱོགས་རེ་བ་དང་རགས་པ་རེ་ཙམ་མ་ཡིན་པར་ཚང་མ་ལ་སློབ་སྦྱོང་གནང་བ། དེ་དང་ཆབས་ཅིག་སློབ་གཉེར་གནང་བཞིན་པ་དང་སློབ་གཉེར་ཐོན་ཟིན་པའི་ནང་ནས་བཙལ་བྱོལ་བོད་མིའི་སྤྱི་ཚོགས་དང་། བོད་ནང་། རྒྱལ་ཡོངས་བཅས་གང་སར་བསྟན་པ་དང་འགྲོ་བའི་དོན་རླབས་ཆེན་མཛད་པ་དང་མཛད་བཞིན་པ་དེ་ཚོ་ཚང་མ་ལ་ངས་ཡི་རངས་བསྔགས་བརྗོད་དང་། མ་འོངས་པ་ལའང་དེ་ལས་ལྷག་པའི་ཡར་རྒྱས་གོང་འཕེལ་འགྲོ་བའི་སྨོན་འདུན་དང་ཡིད་ཆེས་ཞུ་བཞིན་ཡོད།

          རྩ་བའི་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་སྟངས་དང་། མཐུན་རྐྱེན་འདུ་འགོད་སོགས་རབ་བྱུང་བའི་ངང་ཚུལ་དང་མཐུན་པར་རྒྱས་སྤྲོས་མེད་པར་འདོད་པ་ཆུང་བ་ཆོག་ཤེས་པ་དེ་ཚོ་ཚང་མ་མཇལ་བའི་སྐབས་སུ་མ་འོངས་པ་ལའང་དུས་ཡུན་རིང་པོའི་བར་དུ་བསྟན་པའི་བྱ་བ་རླབས་ཆེན་བསྒྲུབ་ཐུབ་རྒྱུ་ཡིན་པ་དེ་ང་ཚོས་ཚོད་དཔག་ཐུབ་པ་ཞིག་རེད། དེ་དག་ལ་གེགས་བར་མེད་པར་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།IMG 6859 2

     ཉེ་ཆར་ཟླ་བ་གཅིག་གཉིས་སྔོན་ནས་ད་རེས་ཚོགས་ཆེན་འདི་ལ་ཡོང་དགོས་རེད་ཅེས་གྲྭ་ཚང་དང་དགེ་རྩ་ཚོགས་པ་ནས་ཐུགས་རེ་གནང་བ་རེད། ང་འདིར་བཅར་ནས་དམིགས་བསལ་ཐུགས་ཕན་སོས་པའི་གསལ་འདེབས་ཞུ་རྒྱུ་གང་ཡང་མེད་རུང་། འདི་ནས་ཐུགས་རེ་གནང་བ་ཡིན་དུས་དེ་རིང་འདིར་བཅར་བ་ཡིན།འདིར་མ་བཅར་གོང་དུ་ཀིརྟིའི་དགེ་རྩ་ཚོགས་པ་སྔོན་གྱི་ལམ་སྲོལ་ནས་དེང་རབས་མང་གཙོའི་ལམ་སྲོལ་དང་མཐུན་པའི་གནས་བབས་ལ་འགྱུར་བ་བཏང་བའི་རིམ་པའི་ནང་འབྱུང་འགྱུར་ཀིརྟིའི་དགེ་རྩ་ཚོགས་པ་གཞིས་བྱེས་མཉམ་འཛོམས་ཡོང་བའི་རྗེས་སུ་ཕྱག་ལས་གནང་སྟངས་ག་འདྲ་ཡིན་པའི་སྒྲིག་གཞིའི་ཟིན་བྲིས་རྒྱས་པ་དང་། ད་ལྟ་བཙལ་བྱོལ་གྱི་གནས་སྐབས་སུ་ཕྱག་ལེན་བསྟར་ཐུབ་ངེས་དག་ཟུར་བཏོན་དང་ཕྲན་བུ་ལེགས་བཅོས་བཏང་བ་བར་བརྒལ་གྱི་སྒྲིག་གཞི་དེ་དག་མཇལ་བྱུང་། སྒྲིག་གཞི་དེ་ཚོ་ཧ་ཅང་ཞིབ་ཚགས་པོ་དང་།ཐག་ཆོད་པོ། གང་ལྟར་ལས་ཀྱི་སྣེ་མོ་བ་ཚོས་སྒྲིག་གཞི་རང་ལ་བལྟས་ནས་ཕྱག་ལས་ག་རེ་ཡིན་ནའང་གནང་ཆོག་ཆོག་དང་གནང་བདེ་པོ་ཡོང་རྒྱུའི་གནས་བབས་ཡག་པོ་བྱུང་འདུགགཞིས་བྱེས་གཉིས་ཀྱི་བོད་པའི་སྤྱི་ཚོགས་ནང་གནས་ཚུལ་མང་པོ་ཞིག་ངག་རྒྱུན་ཐོག་བསྡད་པ་མ་གཏོགས་ཡིག་ཐོག་ཏུ་བཀོད་པ་དཀོན་པོ་རེད། སྤྱིར་བཏང་སྔར་སྲོལ་བཟང་པོ་མ་ཉམས་པ་དང་། ཕྱི་སྲོལ་ངན་པ་མ་དར་བ་ཟེར་བའི་གསུང་སྟངས་ཡོད་པ་གཞིར་བཟུང་ཕྱི་ལོ་ ༡༩༥༩ སྔོན་གྱི་བོད་པའི་སྤྱི་ཚོགས་རྙིང་པའི་གནས་སྐབས་ཀྱི་མཐོང་བ་བརྒྱུད་པའི་ཕྱག་ལེན་དེ་རང་ལོ་བརྒྱ་ཕྲག་མང་པོའི་བར་དུ་འགྱུར་བ་མེད་པར་གནས་ཐུབ་པ་རེད། འོན་ཀྱང་དེང་རབས་ཀྱིས་བཤད་སྟངས་ལྟར་ན་དེ་ནི་ཁྲིམས་ཀྱིས་དབང་བསྒྱུར་དང་གང་ཟག་གིས་དབང་བསྒྱུར་གཉིས་ཀྱི་ནང་ནས་གང་ཟག་གིས་དབང་བསྒྱུར་གཙོ་ཆེ་བ་ཆགས་ཡོད། ཡིན་ནའང་དབང་བསྒྱུར་བྱེད་མཁན་གྱི་གང་ཟག་དེ་དག་ཕལ་ཆེ་བ་ཚད་ལྡན་གྱི་སྐྱེ་བོ་བྱུང་བ་ཡིན་སྟབས། གང་ཟག་གིས་དབང་བསྒྱུར་བྱེད་པའི་སྐབས་སུའང་དམིགས་བསལ་དཀའ་ངལ་ཆེན་པོ་འཕྲད་པ་དཀོན་པོ་རེད། ང་ཚོ་དུས་རབས་ཉེར་གཅིག་པའི་ནང་སྔ་མོའི་སྲོལ་བཟང་རྒྱུན་གནས་ཀྱི་ཐོག་ཏུ་བསྡད་རྒྱུའི་གོ་སྐབས་དེ་ཕལ་ཆེར་བརླགས་ཟིན་པ་རེད། དེར་བརྟེན་ད་ལྟ་འཇིག་རྟེན་གྱི་འགྲོ་བ་མི་སྤྱི་ཡོངས་དང་དཔུང་པ་མཉམ་གཤིབ་ཀྱིས་འགྲོ་དགོས་པའི་སྐབས་སུ་ཁྲིམས་ཀྱིས་དབང་བསྒྱུར་ཆ་ཚང་ཞིག་ཡོད་དགོས་པ་དང་། དེ་འདྲའི་ཁྲིམས་ཀྱིས་དབང་བསྒྱུར་དེའང་མཐོང་བ་བརྒྱུད་པའི་ཕྱག་ལེན་ཙམ་ལ་མ་ལྷག་པར། ཡིག་ཐོག་ཏུ་སུས་གཟིགས་པ་ཡིན་ནའང་གཟིགས་ཆོག་པ་ཞིག་དང་། སུས་ལག་ལེན་དུ་བསྟར་བ་ཡིན་ནའང་ཚང་མར་སྤྱི་ཡོངས་ནས་ཀུན་སྙོམ་ཡོང་བའི་ཐབས་ཤེས་ཡོད་དགོས་པ་དེ་མེད་དུ་མི་རུང་བ་དུས་ཀྱི་དགོས་མཁོ་ཞིག་ཆགས་ཡོད།

          དེས་ན་བར་ལམ་ཞིག་ནས་གདན་ས་ཆེན་པོ་གསུམ་གྱི་གྲྭ་ཚང་ཁག་གིས་མཚོན་པའི་བཙན་བྱོལ་བོད་མིའི་ཆོས་སྡེ་ཁག་དང་། བཤད་གྲྭ་ཁག་གི་ནང་སྤྱིར་འཛིན་སྐྱོང་གི་རིམ་པ་དང་། ལྷག་པར་དུ་དཔལ་འབྱོར་འདུ་འགོད་སོགས་ཀྱི་ཆེད་ས་གནས་ཀྱི་ཁྲིམས་དང་མཐུན་པའི་དེབ་སྐྱེལ་བྱེད་དགོས་པ་དང་། དེ་དང་ཆབས་ཅིག་ཏུ་ཁྲིམས་མཐུན་གྱི་སྒྲིག་གཞི་གཏན་ལ་ཕབ་དགོས་པ། སྒྲིག་གཞི་དེའི་ནང་དགེ་འདུན་གྱི་སྡེ་དང་ཆོས་སྡེ་སོ་སོའི་སྲོལ་རྒྱུན་གྱི་ཕྱག་ལས་ཡོངས་སུ་རྫོགས་པ་དེའི་ཁྱབ་ཁོངས་ལ་མ་འདུས་པར་བརྟེན། རང་རང་སོ་སོ་དགེ་འདུན་གྱི་ནང་ཁྲིམས་དང་ཆོས་སྡེ་སོ་སོའི་ཐུན་མོང་མ་ཡིན་པའི་སྔོན་གྱི་སྲོལ་བཟང་དེ་ཚོ་དེང་རབས་ཀྱི་སྒྲིག་གཞི་ཚད་ལྡན་འོག་འགྲོ་དགོས་པའི་ཆེད་༸གོང་ས་༸སྐྱབས་མགོན་ཆེན་པོས་བཀའ་སློབ་སྔ་རྗེས་གནང་ཡོད་ལ། མང་པོ་ཞིག་ལ་བསམ་ཚུལ་དེ་འདྲ་ཡོང་གི་ཡོད། ཡིན་ནའང་དེང་རབས་ཀྱི་དགོས་མཁོ་ལ་ཐུགས་སྣང་དེ་ཙམ་མ་གནང་བ་དང་། ཡང་ཁ་ཤས་ལ་རྙིང་ཞེན་གྱི་དགོངས་པ་བཞེས་སྟངས་ཡོད་པ་དེ་ཚོའི་དབང་གིས་ཆོས་སྡེ་དང་གདན་ས་མང་པོ་ཞིག་གི་ནང་དེ་འདྲའི་གནས་བབ་ཆ་ཚང་བ་ཞིག་ཡོང་ཐུབ་པར་འབད་བརྩོན་ཆེན་པོ་བྱེད་ན་མ་གཏོགས་ལས་སླ་པོ་མིན་པའི་གནས་སྟངས་ཤིག་ཆགས་ཡོད།

ཀིརྟིའི་བྱེས་པ་གྲྭ་ཚང་གི་ངོས་ནས་ཀིརྟི་༸སྐྱབས་མགོན་རིན་པོ་ཆེའི་ཡང་དག་པའི་ལམ་སྟོན་འོག་སྔོན་གྱི་ལམ་སྲོལ་དེ་དགེ་རྩ་ཚོགས་པའི་ངོ་བོར་བསྒྱུར་བ་དང་། དེའང་ཡང་དག་པའི་མང་གཙོའི་འགྲོ་སྟངས་ཆ་ཚང་བ་ཡོང་ཆེད་སྒྲིག་གཞིའི་ཟིན་བྲིས་དང་བར་བརྒལ་གྱི་སྒྲིག་གཞི་དེ་ཚོ་ཡན་ལག་ཡོངས་སུ་ཚང་བ། ས་བཅད་མ་ཆད་པ་དང་ནང་དོན་ཕན་ཚུན་བརྗོད་ཚིག་འགལ་བ་མེད་པ། ལག་ལེན་ལ་བསྟར་བདེ་བ་བཅས་ཧ་ཅང་ཡག་པོ་བཟོས་གནང་བར་དངོས་གནས་རྗེས་སུ་ཡི་རངས་ཡོད།

          དེ་ལ་བརྟེན་ནས་ལས་ཀྱི་སྣེ་མོ་བ་ཚོས་ཕྱག་ལས་གནང་བདེ་རུ་ཕྱིན་པ་དང། དེ་བཞིན་ཁྲིམས་ཀྱིས་དབང་བསྒྱུར་འོག་ཏུ་ཕྱིན་པའི་སྐབས་ད་ལྟའི་གནས་སྐབས་ལ་གཙང་མ་དང་སྟབས་བདེ་པོ་ཡོད་པ་ཙམ་དུ་མ་ཟད།འབྱུང་འགྱུར་བྱུང་རབས་ཀྱི་ནང་སྒྲིག་གཞིའི་འོག་ཏུ་ཕྱིན་པ་དང་ཚོགས་འདུ་ཆེ་ཆུང་རིམ་པ་དེ་ཚོའི་གྲོས་གཞི་དང་གྲོས་ཆོད་ཡིག་ཐོག་ལ་འཇོག་ཐུབ་པ་དེ་ཚོའི་རྒྱུ་མཚན་ལ་བརྟེན་ནས་ལོ་བརྒྱ་ཕྲག་ཁ་ཤས་འདས་པའི་རྗེས་སུ་བྱུང་རབས་ལ་ཕྱིར་བལྟས་ཤིག་བྱེད་སྐབས། སྔ་མོ་ང་ཚོ་བོད་ལ་ཡོད་པའི་སྐབས་དང་མི་འདྲ་བར་ལོ་བརྒྱ་ཕྲག་གི་སྔོན་ལ་ལས་དོན་ག་རེ་བྱས་པ་དེ་དག་ཡིག་ཆ་རང་ངོས་ནས་ཁ་གྲག་ཡོང་བ་དང་།དེ་བཞིན་དཔལ་འབྱོར་འདུ་འགོད་ལྟ་བུའང་ཡིག་ཆ་རང་ངོས་ནས་ཁ་གྲག་ཡོང་བའི་སྐབས་སུ། དེང་སང་གི་གཏམ་དཔེར།ལྷག་བསམ་རྣམ་དག་ཡིན་པས་འདང་གི་མ་རེད། ཡིན་པ་དེ་མི་ཚང་མས་མཐོང་ཐུབ་པ་ཞིག་དགོས་ཀྱི་རེད་ཅེས་པ་དེ་མངོན་ཐུབ་ཀྱི་རེད། དེ་རིང་འདིར་སྙན་སྒྲོན་གནང་བ་ནང་བཞིན་ཡིག་ཆའི་ཐོག་ལ་ཆ་ཚང་གསལ་པོ་ཡོད་སྟབས། བྱུང་སོང་ལྷག་གསུམ་གྱི་རྩིས་ཁྲ་དེ་དག་ཡུལ་ཁྲིམས་དང་མཐུན་པའི་རྩིས་ཞིབ་འོག་འགྲོ་བའི་སྐབས་སུ་ལས་ཀྱི་སྣེ་མོ་བ་ཚོར་མཛད་ཕྱོགས་འགྲིག་མིན་གྱི་སྐྱོན་བརྗོད་ཡོང་གི་མ་རེད་ལ། ཡོང་བ་ཡིན་ནའང་མནའ་སྐྱེལ་དང་མཐོ་བཙུགས་བྱེད་མི་དགོས་པར་ཡིག་ཆ་རང་ལ་ཞིབ་འཇུག་གནང་ན་གསལ་པོ་བཟོ་ཆོག་གི་ཆ་རྐྱེན་ཞིག་ཡོད་པ་རེད།

          ང་ཚོ་བོད་དུ་ཡོད་སྐབས་ཡིག་ཆ་དེ་འདྲ་མེད་པར་རྙོག་གླེང་ཡོང་སྐབས་མནའ་སྐྱེལ་མཐོ་བཙུགས་བྱེད་པ་མ་གཏོགས། རང་ལ་ཉེས་པ་མེད་པ་དང་།བདེན་པ་ཡོད་པ་དེ་ཡིག་ཆས་ཁ་མ་གྲག་པའི་གནས་སྟངས་ཆགས་དུས། མནའ་སྐྱེལ་མཐོ་བཙུགས་ཀྱིས་དྭོགས་གནས་ཡོངས་རྫོགས་སངས་མི་ཐུབ་པ་དེ་ཉམས་མྱོང་ལ་ཡོད་མུས་རེད། དེར་བརྟེན་སྒྲིག་གཞིའི་སྔོན་རྗེས་ཀྱི་རིམ་པ་དེ་ཚོ་དངོས་གནས་ཡག་པོ་བྱུང་འདུགམ་འོངས་པ་ན་ངེས་པར་དུ་འགྲོ་སྟངས་ཇི་མ་ཇི་བཞིན་ནག་པོ་འབྲུ་བཤེར་གྱིས་ཕྱག་ལེན་དུ་བསྟར་རྒྱུའི་འབད་བརྩོན་དང་གོམས་གཤིས་ཚང་མ་ལ་འཇགས་དགོས་ཀྱི་རེད། སྒྲིག་གཞི་ཟེར་བ་དེ་མིས་བཟོས་པར་བརྟེན། ཕྱག་ལེན་དུ་བསྟར་མི་ཐུབ་པའི་རིགས་རྣམས་བསྐྱར་བཅོས་བྱེད་པའི་ཐོབ་ཐང་ཡང་སྒྲིག་གཞི་བཟོ་མཁན་གྱི་སྒྲིག་འཛུགས་དེ་ལ་རང་ཆས་སུ་གྲུབ་པ་ཞིག་རེད། དུས་ཀྱི་དགོས་མཁོ་དང་འཚམས་པ་དང་ཕྱག་ལེན་དུ་བསྟར་བདེ་བའི་ཆེད་དུ་དུས་ནས་དུས་སུ་བསྐྱར་བཅོས་གནང་དགོས་པའི་རིགས་བསྐྱར་བཅོས་གནང་ཆོག ཡིན་ནའང་བསྐྱར་བཅོས་མ་བྱས་ཀྱི་བར་དུ་སྒྲིག་གཞི་རྙིང་པར་བྱེད་སྟབས་བདེ་མིན་ལ་མ་བསྙད་པར་གང་ཐུབ་ལག་ལེན་བསྟར་དགོས་པ་དེ་གལ་ཆེན་པོ་རེད། ད་ལྟ་ང་ཚོ་ཕྱི་རྒྱལ་གྱི་ཡུལ་དུ་སྐྱབས་བཅོལ་གྱི་རྣམ་པར་ཡོད་དུས་ས་གནས་ཀྱི་ཁྲིམས་དང་སྒྲིག་གཞི་དེ་ཚོའང་སྲུང་བརྩི་ཞུ་དགོས་པ་དང་། དེ་ཚོ་སྲུང་བརྩི་ཞུ་སྐབས་དེབ་སྐྱེལ་བྱས་པའི་ཡིག་ཆའི་ནང་ལ་ཆ་རྐྱེན་གང་ཡོད་པ་རྣམས་ཡག་པོ་ཞིག་བསྒྲུབས་ཐུབ་པ་མ་བྱུང་ན་སྐབས་རེ་དཀའ་ངལ་འཕྲད་པའི་གནས་སྟངས་ཡོང་གི་ཡོད། དཀའ་ངལ་འཕྲད་པའི་སྐབས་སུ་སྤྱི་སྒེར་སྒྲིག་འཛུགས་ཡོངས་ལ་དཀའ་ངལ་འཕྲད་པ་ཞིག་རེད། ལྷག་པར་དུ་བཙན་བྱོལ་བོད་མིའི་མཚན་དོན་ལའང་གནོད་པའི་གནས་སྟངས་ཡོང་མི་སྲིད་པ་མ་རེད། དེབ་སྐྱེལ་བྱས་པའི་ཚོགས་པ་སོ་སོའི་རྩ་འཛིན་ཡིག་ཆ་དང་། སྒྲིག་གཞི་དེ་ཚོའི་ནང་གང་གསལ་བ་དཔེར་ན་དུས་ནས་དུས་སུ་ཚོགས་འདུ་ཚོགས་དགོས་པ་དང་། གྲོས་ཆོད་འཇོག་དགོས་པ། རྩིས་ཁྲ་བཟོ་དགོས་པ།རྩིས་ཁྲ་འབུལ་དགོས་པ། ཁྲལ་གྱི་ཆག་ཡང་ཞུ་དགོས་པ། ཕྱི་དངུལ་ནང་འདྲེན་ཆོག་པའི་བཀའ་འཁྲོལ་ཞུ་དགོས་པ། དེ་བྱུང་ན་དེའི་ཆེད་དུ་རྩིས་ཁྲ་འཇོག་སྟངས་ཀྱི་རིགས་ཆ་ཚང་གནང་དགོས་པ། གྲོས་ཆོད་ཀྱི་ཡིག་ཆ་དེ་ཚོ་ས་གནས་ཀྱི་མི་ཚོས་ཀློག་ཐུབ་པའི་ཨིན་ཇི་དང་ཧིནྡཱི་གང་རུང་ནང་འཇོག་དགོས་པ་སོགས་གལ་ཆེན་པོ་ཆགས་ཀྱི་ཡོད། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཐོག་མར་ཚོགས་པ་དེབ་སྐྱེལ་བྱེད་དགོས་པ་གལ་ཆེན་པོ་ཡིན་པ་ཤེས་རུང་། ཐ་མ་དེབ་སྐྱེལ་བྱས་རྗེས་དེའི་ཡིག་ཆ་གཞིར་བཟུང་གི་ལས་དོན་ལག་བསྟར་མ་ཐུབ་པའི་དབང་གིས་ཚོགས་པ་མང་པོ་མེད་པར་གྱུར་པ་བྱུང་བ་རེད། དེ་ལ་བརྟེན་ནས་མཁར་དབང་དང་དཔལ་འབྱོར་གྱི་ཐོག་གྱོང་གུད་དང་དཀའ་ངལ་ཡོང་གི་ཡོད། དེ་ཚོའི་རིགས་ལ་ཐུགས་སྣང་གནང་དགོས་པ་ཐུགས་གལ་ཆེན་པོ་རེད།

          ང་ཚོ་རབ་བྱུང་གི་སྡེ་ནི་གཙོ་བོ་ཐར་པ་དོན་གཉེར་ཐོག་བསླབ་པ་སློབ་གཉེར་གཙོ་བོ་གནང་བ་མ་གཏོགས། དཔལ་འབྱོར་འདུ་འགོད་དང་། སྒྲིག་འཛུགས་འཛིན་སྐྱོང་གི་སྐོར་ལ་སྔོན་མ་ནས་ཐུགས་སྣང་དང་གོམས་གཤིས་ཀྱང་མེད། དེའི་དབང་གིས་སྔོན་མ་བོད་ལ་ཡོད་པའི་སྐབས་སུའང་ཆོས་སྡེ་ཁག་དང་། ལྷག་པར་དུ་དགེ་འདུན་པའི་ཞལ་དུ་འདུ་བའི་སྒོ་ལ་བར་ཆད་དང་། ཡང་སྐབས་རེ་དགེ་འདུན་གྱི་ཞལ་ལ་ལོག་འཚོ་འདྲེས་པའི་ཉེན་ཁའང་བྱུང་ཡོད།

བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་བའི་སྐབས་སུ་ང་ཚོ་ལ་ཞན་ཆ་གཅིག་བྱུང་བ་ནི་རབ་ཏུ་བྱུང་བའི་འཚོ་བ་ཉིན་རེའི་བསོད་སྙོམས་ལ་བརྟེན་ནས་འཚོ་རྒྱུ་མ་བྱུང་བ་དེ་རེད། འཕགས་པ་གནས་བརྟན་སྡེ་པའི་ལུང་པ་དཔེར་ན་མ་ཡན་མར་དང་། ཤྲཱི་ལངྐཱ། ཐ་ཡི་ལེན། དེ་བཞིན་དེའི་གཡས་གཡོན་གྱི་ལུང་པ་ཚང་མའི་ནང་ད་ལྟའང་རབ་བྱུང་དེ་ཚོ་འཚོ་བ་བསོད་སྙོམས་ལ་བརྟེན་པ་མ་གཏོགས། སྤྱི་ཐབ་འཛིན་དགོས་པ་དང་། དགོན་པའི་ནང་དུ་རུང་ཁང་བཅད་དགོས་པ་མ་བྱུང་བ་རེད། དེའི་དབང་གིས་དཔལ་འབྱོར་འདུ་འགོད་མང་པོ་བྱེད་མ་དགོས་པའི་གནས་བབས་ཤིག་ཆགས་པ་རེད།བོད་དུ་དགེ་འདུན་གྱི་སྡེ་ཐོག་མར་ཚུགས་སྐབས་གྲོང་གསེབ་དེ་ཚོ་ཐག་རིང་པོ་དང་ཁ་ཐོར་ལ་ཡོད་ཙང་། རབ་བྱུང་གི་སྡེ་ཉིན་རེ་ཕེབས་སའི་སྤྱོད་ཡུལ་གྱི་གྲོང་དེ་ཐག་ཉེ་པོ་མེད་པ་དང་། གལ་སྲིད་ཡོད་པ་ཡིན་ནའང་རབ་བྱུང་ཧ་ཅང་གི་ཞལ་གྲངས་མང་པོ་དང་། སྤྱོད་ཡུལ་གྱི་གྲོང་གི་དུད་ཚང་ཉུང་ངུ་ཆགས་པའི་དབང་གིས་འཚོ་བ་བསོད་སྙོམས་ལ་བརྟེན་པ་དེ་མེད་པར། ཆོས་སྡེ་སོ་སོའི་ནང་རུང་ཁང་བཅད་དགོས་པའི་གནས་སྟངས་བྱུང་། མངའ་བདག་ཁྲི་རལ་གྱི་སྐབས་སུ་བསོད་སྙོམས་ཀྱི་དོད་ལྟ་བུར་རབ་བྱུང་རེ་ལ་འབངས་མི་ཁྱིམ་ལྔ་རེ་དང་བདུན་རེ་ཕུལ་བ་ལ་བརྟེན་ནས། གླང་དར་གྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་རྒུད་ཕྱིན་པ་ཁ་ལ་འཁྱེར་ནས་དགེ་འདུན་གྱི་སྡེ་མང་པོ་གཏོར་བའི་གནས་སྟངས་དེ་བྱུང་བ་རེད།

  ད་ལྟ་ང་ཚོ་བཙན་བྱོལ་གྱི་གནས་བབས་རྒྱ་གར་ནང་དུའང་རབ་བྱུང་གི་སྡེ་དག་འཚོ་བ་བསོད་སྙོམས་ཀྱིས་འཚོ་ཐུབ་པའི་ལམ་སྲོལ་དེ་མེད་པར་བརྟེན། རབ་བྱུང་གི་སྡེ་སོ་སོས་དགེ་འདུན་གྱི་ཞལ་དུ་འདུ་བའི་སྒོ་དེ་འདུ་འགོད་མ་བྱས་ཐབས་མེད་ཆགས་པ་རེད། དེའི་དབང་གིས་རབ་བྱུང་སོ་སོའི་ཤག་གི་ནང་དུ་ཁ་ལ་བཟོ་རྒྱུས་མཚོན་གནས་ཚུལ་མང་པོ་ཡོང་བའི་སྐབས་སུ་འདུལ་ཁྲིམས་དང་མི་མཐུན་པའི་བྱ་བ་མང་པོ་ཞིག་རང་བཞིན་གྱིས་ཡོང་རྒྱུ་དང་། ཕྱི་དྲོའི་ཁ་ཟས་ལ་བག་མེད་དུ་ལོངས་སྤྱོད་རྒྱུ་དེ་ཕལ་ཆེར་དེ་འདྲའི་དབང་གིས་བྱུང་བ་རེད་བསམ་གྱི་འདུགགནས་བརྟན་སྡེ་པའི་ལུང་པ་དེ་ཚོའི་ནང་དུ་ཕྱི་དྲོའི་ཁ་ཟས་ཧ་ལམ་མཆོད་མཁན་མེད་པ་ལྟ་བུ་རེད། ཡིན་ནའང་མ་ཡན་མར་དང་ཐ་ཡི་ལེན་གཉིས་ཕྲན་བུ་བཟང་བ་དང་། ཤྲཱི་ལངྐཱ་དེ་སྐྱོ་ཤོས་ཡིན་ཚོད་འདུག ཁོང་ཚོ་སྒོ་བརྒྱབས་ནས་ཕྱི་དྲོའི་ཁ་ཟས་མཆོད་ཀྱི་ཡོད་ཅེས་པའི་བཤད་སྲོལ་ཞིག་འདུགཡིན་ནའང་དེ་ཧ་ཅང་དར་ཁྱབ་མི་ཡོང་བ་དེ་འཚོ་བ་བསོད་སྙོམས་ལ་བརྟེན་པ་ཡིན་དུས། ཁྱིམ་པས་ཉིན་གུང་རྒྱབ་ནས་བསོད་སྙོམས་འབུལ་གྱི་མེད་པ་དེ་རྒྱས་བཅད་ལྟ་བུ་ཆགས་པ་རེད། དེ་འདྲའི་དབང་གིས་བཅས་ཁྲིམས་ལག་བསྟར་བྱེད་པ་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད།

          ངས་ག་རེ་ཞུ་འདོད་བྱུང་ཞེ་ན། ཆོས་སྡེ་སོ་སོའི་དཔལ་འབྱོར་འདུ་འགོད་དེ་དགེ་འདུན་གྱི་ཞལ་དུ་འདུ་བའི་སྒོ་ཞིག་ཡིན་དུས། དེའི་ནང་འཚོ་བ་ལོག་འཚོ་དང་མ་འདྲེས་པ་དང་། ཁྲིམས་འགལ་གྱི་འཚོ་བ་མེད་པ་གནང་དགོས་པ་དེ་རབ་བྱུང་གི་སྡེའི་སྒྲིག་འཛུགས་ཀྱི་ལས་སུ་བྱ་བའི་རིམ་པ་དང་པོ་དེ་ཆགས་ཀྱི་ཡོད།རབ་བྱུང་གི་སྒྲིག་འཛུགས་ཀྱི་སྡེའི་འདུ་འགོད་གནང་མཁན་ལ་འདུལ་བའི་སློབ་སྦྱོང་གང་ཐུབ་ཅིག་ཡོད་ན་དགོན་པ་སོ་སོའི་འདུ་ཁང་ལ་སོགས་པ་བཞེངས་པའི་སྐབས་དང་། དེ་བཞིན་དགེ་འདུན་གྱི་མཐུན་རྐྱེན་འདུ་འགོད་བྱེད་པའི་སྐབས་སུ་རང་བཞིན་གྱིས་ལེགས་པའི་ཕྱོགས་ཤིག་སླེབས་ཀྱི་རེད། རྗེ་བདག་ཉིད་ཆེན་པོས་དགའ་ལྡན་ཕྱག་བཏབ་པའི་སྐབས་སུ་ལག་གི་བླ་བསྐོ་བཞག་གནང་བ་དང་། རུང་ཁང་བཅད་པ་དེ་ཚོ་འདུལ་བ་དང་མཐུན་པ་ཧ་ལས་པ་གནང་ཡོད། དེང་སང་དགོན་པ་གྲྭ་ཚང་གིས་ཨར་པོ་རྒྱག་པའི་སྐབས་སུ་བསམ་ཚུལ་དེ་ཚོ་མེད་པ་ཡིན་དུས་ལྷོ་ཕྱོགས་ཀྱི་གདན་ས་ཁག་ཁ་ཤས་ནང་མཚམས་ཀྱི་དཀའ་ངལ་དེ་ཡོད་མུས་རེད། མཚམས་གཅིག་གི་ནང་དུ་མཚམས་གཞན་པ་ཚུད་པ་དང་། མཚམས་བཅད་པ་ཡིན་ན་བཀའ་བློ་མི་བདེ་བ་ཡོང་བ་སོགས་ནི་དགེ་འདུན་སྤྱི་ཡོངས་ཀྱི་འདུལ་བའི་ཕྱག་བཞེས་ཀྱི་ཐོག་ལ་ལས་ཀྱི་སྣེ་མོ་བ་ཚོས་འདུ་འགོད་བྱེད་པའི་སྐབས་སུ་ཐུགས་སྣང་གསལ་པོ་མ་གནང་བའི་རྒྱུ་མཚན་གྱིས་གནས་ཚུལ་དེ་དག་ལྷག་གི་ཡོད།

          དགོན་པ་གྲྭ་ཚང་ཚོས་མགྲོན་ཁང་རྒྱས་པོ་བཟོ་གི་ཡོད། དེ་ཚོའི་ནང་དུ་སྡོད་མཁན་གྲྭ་པ་ཞིག་ཡོང་གི་རེད་སྙམ་པའི་དགོངས་པ་དེ་ཐོག་མ་ནས་ཡོད་དགོས་ཀྱང་། མང་ཆེ་བ་ཉལ་ཁྲི་དེ་ཚོ་ཁྲུ་ལས་ལྷག་པ་ཞིག་མ་གཏོགས་འདུལ་བའི་ཚད་དང་ལྡན་པ་ཁག་པོ་རེད། དེའི་སྟེང་དུ་བེད་སྤྱོད་གཏང་རྒྱུའི་ཉལ་ཆས་དང་ཉལ་རས་སོགས་ཁ་དོག་མ་བསྒྱུར་བ་དང། ཁྲ་བོ་དེ་འདྲ་མ་གཏོགས། འདུལ་བའི་ཕྱག་ལེན་དང་མཐུན་པ་རབ་ཏུ་བྱུང་བའི་ལམ་སེང་གྱོན་ཆོག་མེད་པ་མང་པོ་མཐོང་རྒྱུ་ཡོད། དེའི་ནང་དུ་རས་ལ་སོགས་པ་བེད་སྤྱོད་བྱེད་རྒྱུ་ཞིག་བཞག་པ་ཡིན་ནའང་མང་ཆེ་བ་ཁ་ཚར་མ་བཅད་པ་དང། ཁ་དོག་མ་བསྒྱུར་བ། ཁ་དོག་བསྒྱུར་བ་ཡིན་ནའང་ཁྱིམ་པའི་ཁ་དོག་ཁྲ་བོ་དེ་འདྲ་བེད་སྤྱོད་བཏང་བ། དེ་ཚོས་ག་རེ་མཚོན་གྱི་ཡོད་ཅེ་ན།ལས་ཀྱི་སྣེ་མོ་བ་ཚོ་ལྷག་བསམ་མ་དག་པ་དང་འདུལ་བ་བསླབ་ཡོད་པ་མ་རེད་ཅེས་བརྗོད་ན་མི་འགྲིགས་ཀྱང་། འདུལ་བའི་གཞུང་ལ་གོམས་གཤིས་དང་བསམ་བློའི་ནང་དུ་འདུལ་བའི་ཕྱག་ལེན་གྱི་བག་ཆགས་གཏིང་ཟབ་པོ་མེད་པའི་རྒྱུ་མཚན་གྱིས་དེ་འདྲ་ཞིག་ཆགས་འགྲོ་གི་ཡོད།

          གཞི་ཐམས་ཅད་ཡོད་པར་སྨྲ་བའི་རབ་བྱུང་གི་སྡེ་ད་ལྟ་ཡོད་པ་དེ་བོད་དང་། འབྲུག་ཡུལ།སོག་པོ་ཙམ་རེད། དེ་ཚོ་ཚང་མ་གནས་བརྟན་སྡེ་པའི་ཡུལ་གྲུ་ཁག་དང་བསྡུར་ན་ང་ཚོ་ཅུང་ཟད་ཞན་ཆ་ཡོད་པ་ཞིག་ཆགས་ཀྱི་འདུགདེར་བརྟེན་ངེས་པར་དུ།ཚུལ་གནས་ཐོས་དང་བསམ་གཏན་པས།། སྒོམ་པ་ལ་ནི་རབ་ཏུ་སྦྱོར།། ཞེས་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པའི་རིམ་པ་དེ་ཐོག་མར་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་།དེའི་རྗེས་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་འགྲོ་དགོས་པ་རེད།དང་པོ་ཚུལ་ཁྲིམས་མེད་པར་གྱུར་པ་དེ།། ཕྱི་ནས་མྱ་ངན་འདས་པ་འཐོབ་སྙམ་མམ།། ཞེས་གསུངས་པའི་སངས་རྒྱས་ཀྱི་གསུང་དེ་ནུས་ཤུགས་ཆེན་པོ་རེད། སྣ་མེད་རྣ་རྡུམ་ལ་སོགས་གང་ཡིན་པ།། དེ་ལ་མེ་ལོང་དག་ནི་དགོས་མི་འགྱུར།། ཟེར་བ་དེ་ཟུར་ཟའི་ཚིག་ཤུགས་ཆེན་པོ་ཞིག་རེད།དེ་ཚོ་ང་ཚོས་རྟག་པར་འདོན་གྱི་ཡོད་ཀྱང་།སེམས་ནང་དེའི་ཚོར་ཤུགས་མ་སླེབས་པ་ཞིག་ཆགས་ཡོད། འདི་ཚོའི་རིགས་དེ་དགེ་འདུན་གྱི་སྡེ་ལ་ཞབས་འདེགས་ཞུ་མཁན་གྱི་ལས་ཀྱི་སྣེ་མོ་བ་ཚོས་དགེ་འདུན་གྱི་ཞལ་དུ་འདུ་བའི་སྒོ་ལོག་འཚོ་དང་མ་འདྲེས་པ་དང་། དེ་བཞིན་དགེ་འདུན་ལ་ཕུལ་བའི་མཐུན་རྐྱེན་དེ་འདུལ་བའི་བཅས་པ་དང་མ་འགལ་བ་གནང་རྒྱུའི་དགོངས་པ་བཞེས་དགོས་པ་དེ་ཐུགས་གལ་ཆེན་པོ་རེད། དེ་ཞར་བྱུང་གི་ཚུལ་དུ་ཞུས་པ་ཡིན།

          ཁྱེད་རང་ཚོས་སྒྲིག་གཞི་ཞིབ་ཕྲ་བཟོ་འགོད་གནང་བ་དེ་ཚོ་ཧ་ཅང་ཡག་པོ་བྱུང་འདུག དེ་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན།དེར་གསལ་བཞིན་ཁྲིམས་ཀྱིས་དབང་བསྒྱུར་ཐོག་ནས་ཕེབས་ཐུབ་པ་གནང་དགོས། འབྱུང་འགྱུར་ང་ཚོ་གཞིས་བྱེས་ལྷན་འཛོམས་བྱུང་སྐབས་ལའང་སྔར་གྱི་ཕྱག་སྲོལ་བཟང་པོ་དེ་ཚོ་ད་ལྟའི་སྒྲིག་གཞི་འདི་ཚོའི་སྙིང་དོན་གྱི་ནང་གསལ་འདུག་པ་མ་ཟད། ད་ལྟའི་སྒྲིག་གཞིའི་ནང་སྔར་སྲོལ་གྱི་རྒྱུན་འདི་འདྲ་ཞིག་གི་ཚབ་དང་ངོ་བོ་མཚོན་བྱེད་འདི་དང་འདི་ཡིན་ཞེས་ཁ་ཤས་ལ་མཆན་བཀོད་ནས་འདུག སྤྱིར་གོམས་གཤིས་ཡོངས་སུ་རྫོགས་པ་དེ་སྲོལ་རྒྱུན་ལ་ཆགས་པའི་ངེས་པ་མེད། སྲོལ་རྒྱུན་ཞེས་པ་དེ་ Tradition དོན་དུ་གོ་བ་ཡིན་ན། སྔོན་གྱི་གོམས་གཤིས་ཀྱི་ནང་སྲུང་སྐྱོབ་བྱེད་དགོས་པའི་རིགས་གཅིག་དང་། སྲུང་སྐྱོབ་བྱེད་མི་དགོས་པར་མེད་པ་ཆགས་ནའང་འགྲིགས་པའི་རིགས་གཅིག་ཡོད། ང་ཚོས་དབྱེ་བ་བྱེད་དགོས་པ་གལ་ཆེན་པོ་འདུག དཔེར་ན་སྔོན་གྱི་སྲོལ་རྒྱུན་སྡེ་སྣོད་གསུམ་གྱི་དགོངས་དོན་དང་། དམ་ཆོས་འདུལ་བའི་དགོངས་དོན་གང་ཡིན་པ་དེ་དག་ང་ཚོས་ངེས་པར་དུ་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་དགོས་པའི་རིགས་རེད། རྒྱུན་འཛིན་བྱེད་པའི་ཐབས་ཤེས་ཀྱང་དེང་རབས་སྤྱི་ཚོགས་ཀྱི་འགྲོ་སྟངས་དང་མང་གཙོའི་འགྲོ་སྟངས་ཀྱི་སྒྲོམ་གཞིའི་ནང་སླེབས་ཐུབ་པ་ཡིན་ན་རང་བཞིན་གྱིས་སྲུང་སྐྱོབ་ཆགས་འགྲོ་རྒྱུ་རེད། དེ་འདྲ་མ་ཡིན་པར་ང་ཚོའི་ཡིན་ཟེར་བ་དང་། དེང་རབས་ཀྱི་ཚོས་གཞི་ལྟ་བུ་མ་སླེབས་པར། ད་ལྟའི་སྤྱི་ཚོགས་ཀྱི་དགོས་མཁོའི་སྒྲོམ་གཞིའི་ནང་བཞག་མ་ཐུབ་པ་ཡིན་ན། ཁོ་སྲུང་སྐྱོབ་བྱེད་རྒྱུ་ཁག་ཏུ་འགྲོ་རྒྱུ་རེད། གལ་ཏེ་སྲུང་སྐྱོབ་ཐུབ་པ་ཡིན་ནའང་བར་དུ་འཁོན་འཁོན་ཐོགས་ཐོགས་མང་པོ་ཞིག་ཡོང་ངེས་རེད། ད་ལྟའི་སྒྲོམ་གཞིའི་ནང་བཅུག་ཐུབ་པ་ཡིན་ན། ཁོ་སྲུང་སྐྱོབ་བྱེད་དགོས་རེད་ཅེས་སྐད་རྒྱག་མི་དགོས་པར་རང་བཞིན་གྱིས་སྲུང་སྐྱོབ་ཐུབ་པ་ཆགས་འགྲོ་རྒྱུ་རེད། བྱས་ཙང་ཡག་པོ་བྱུང་འདུག་ཞུ་རྒྱུ་ཡིན།

དེ་རིང་འདིར་འདས་པའི་བྱས་རྗེས་ཅན་གྱི་གང་ཟག་ཕོ་མོ་མང་པོ་ལ་གཟེངས་བསྟོད་དང་ཐུགས་རྗེ་ལེགས་འབུལ་གནང་བ་དེའང་ཡ་རབས་ཀྱི་ཚུལ་དང་མཐུན་པ་ཞིག་རེད། ཁྱེད་རང་ཚོ་ཕྱག་འཁྱེར་དང་གཟེངས་བསྟོད་བཞེས་མཁན་ཚང་མ་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཁྱེད་རང་ཚོས་ལྷག་བསམ་རྣམ་དག་གི་ཐོག་ནས་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་དང་། ཀིརྟིའི་བྱེས་པ་གྲྭ་ཚང་། ཀིརྟིའི་དགེ་རྩ་ཚོགས་པ་བཅས་ཚང་མའི་དོན་དུ་ཕྱག་ལས་གནང་བ་དེ་དག་ཀུན་སློང་ཁྱད་པར་བ་ཞིག་གིས་ལྕོགས་ཡོད་ན་སོ་སོའི་ཚོགས་བསགས་སྒྲིབ་སྦྱངས་དང་ཆོས་ཕྱོགས་ཀྱི་ཉམས་ལེན་དེ་ལྷག་མེད་པ་ཞིག་བྱུང་ཡོད།དེ་འདྲའི་ཀུན་སློང་རྣམ་པར་དག་པས་རྩིས་ཟིན་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུར་འགྲོ་བའི་ཀུན་སློང་གིས་ལྕོགས་མེད་རུང་། ད་ལྟ་ཡང་བསྐྱར་རང་གིས་བྱས་པའི་དགེ་རྩ་དེ་དག་ལ་རྗེས་སུ་ཡི་རངས་དང་ཀུན་སློང་རྣམ་པར་དག་པས་རྒྱས་བཏབ་ནས་བསྔོ་བ་དང་སྨོན་ལམ་གྱིས་རྩིས་ཟིན་པ་ཡིན་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུར་འགྲོ་བ་ལ་ཐེ་ཚོམ་གང་ཡང་ཡོད་པ་མ་རེད། ཁྱེད་རང་ཚོས་དགེ་བའི་བྱ་བ་གང་དང་གང་འདུ་འགོད་གནང་བ་དེ་ཚོ་ཐམས་ཅད་མཁྱེན་པའི་རྒྱུར་འགྲོ་བའི་སྨོན་འདུན་ཞུ་རྒྱུ་ཡིན།

ད་རེས་ཀྱི་ཚོགས་ཆེན་བཞི་པ་འདིའི་ཐོག་ནས་སྒྲིག་གཞི་དང་མཐུན་པར་གྲོས་གཞི་ཁག་ལ་འཛེམས་ཟོན་མེད་པར་སྦྱང་བཤད་བཀའ་བསྡུར་ལྷུག་པོ་གནང་སྟེ། སྤྱི་མོས་དང་མང་མོས་མཐོ་པོའི་ཐོག་ནས་འཇོག་ཐུབ་པ་དང་། དེ་དག་འབྱུང་འགྱུར་ལོ་གསུམ་གྱི་ནང་ཚང་མ་ཕྱག་ལེན་དུ་བསྟར་ནས་ཀིརྟིའི་དགེ་རྩ་ཚོགས་པའི་ཁྱབ་ཁོངས་ཙམ་མ་ཡིན་པར། སྤྱིར་བོད་མི་ཡོངས་རྫོགས་དང་། ལྷག་པར་དུ་འཇིག་རྟེན་གྱི་འགྲོ་བ་མི་རིགས་ཡོངས་རྫོགས་ལ་ཐུགས་ཕན་སོས་པ་ཞིག་ཡོང་གི་རེད་བསམ་གྱི་འདུག དེ་འདྲ་ཡོང་བའི་རེ་བ་དང་སྨོན་ལམ་ཞུ་རྒྱུ་ཡིན། ཚོགས་འདུ་ལམ་ལྷོང་ཡོང་བའི་སྨོན་ལམ་ཡོད།ཐུགས་རྗེ་ཆེ། 

ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་དྲུང་ལས་ཁུངས་ནས་ཡིག་འབེབས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༤ ཉིན་འགྲེམ་སྤེལ་ཞུས། 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.