. . . .

2019 9༄༅།། བོད་རབ་བྱུང་བཅུ་བདུན་པའི་ཉག་མ་སོ་གཉིས་པ། ས་ཕག་ལོའི་གྲོ་བཞིན་ཟླ་བའི་ཡར་ཚེས་དཀར་ཕྱོགས་རྒྱལ་བ་གསུམ་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་བླ་གཟའ། འཕྲོད་སྦྱོར་ཤིན་ཏུ་ལེགས་པ། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༡ ཉིན་མཁན་པོ་ཕུན་ཚོགས་མཆོག་གི་སྤྲུལ་སྐུ་བློ་བཟང་ཀླུ་སྒྲུབ་བསྟན་འཛིན་རྒྱ་མཚོ་མཆོག་མི་ལོ་ཧྲིལ་པོ་གསུམ་དང་ཟླ་གསུམ། ཉིན་གསུམ་རིང་སྐུའི་བཅད་རྒྱར་བཞུགས་ནས། སྔོན་འགྲོའི་འབུམ་ལྔ་ཁག་དང་། འཇིགས་བྱེད་དཔའ་བོ་གཅིག་པ་དང་། འཇམ་དབྱངས་དམར་སེར། གྲུབ་ཆེན་ལཱུ་ཨི་པའི་ལུགས་ཀྱི་བདེ་མཆོག རྡོ་རྗེ་རྣམ་འཇོམས། འཇིགས་བྱེད་ལྷ་བཅུ་གསུམ་མ། སངས་རྒྱས་སྨན་བླ། དཔལ་དུས་ཀྱི་འཁོར་ལོའི་ཐུགས་དཀྱིལ། ཀུན་རིག་རྣམ་པར་སྣང་མཛད། སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ། རྒྱལ་བ་མི་འཁྲུགས་པ། བཅོམ་ལྡན་འདས་གདུགས་དཀར་མོ། ཕྱག་རྡོར་འཁོར་ཆེན། བདེ་མཆོག་ཚེ་ལྷ་དཀར་པོ། རྣམ་སྣང་མངོན་བྱང་། དཔལ་གསང་བ་འདུས་པ་སོགས་ཀྱི་ལས་རུང་བསྙེན་པ་དམ་པ་གོང་མ་རྣམས་ཀྱིས་ཕྱག་ལེན་ཇི་ལྟ་བ་བཞིན་རེ་རེ་ལ་ཁ་སྐོང་སྦྱིན་སྲེག་དང་བཅས་པ་ལེགས་པར་གྲུབ་ཅིང་།

མཐར་ཉིན་བཅུའི་རིང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་སྒྲུབ་གནང་སྟེ། མཇུག་ཏུ་བླ་མཆོད་དང་འབྲེལ་བའི་ཚོགས་མཆོད་རྒྱས་པའི་སྒོ་ནས་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དེ་ཡང་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ཚོགས་དབུས་སུ་ཕེབས་མ་ཐག་བཀའ་སློབ་གནང་དོན།2019 15

དེ་རིང་གི་བརྟན་བཞུགས་སྐབས་དམིགས་པ་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བརྟན་པའི་རྒྱུར་དམིགས་དགོས་པའི་སྐོར་ལ་བཀའ་གནང་བ་དང་། དེ་ནས་༸མགོན་པོ་གང་ཉིད་ཀྱི་སྐུ་གཟུགས་གསལ་དྭངས་ཡིན་པའི་སྐོར། ཉེ་སྔོན་ཐའེ་ཝན་དུ་སྨན་བཅོས་བྱེད་ཆེད་སོང་བར། ལོ་ཤས་གོང་ནས་ངོས་འཛིན་བྱས་པའི་ན་ཚ་རྣམས་རྩ་བ་ནས་དྲག་བསྐྱེད་བྱུང་ནས་གཤག་བཅོས་གཏང་དགོས་མ་བྱུང་བ་སོགས་དང་། གཞན་ཡང་ནད་སངས་དྲག་གིས་ཕྱིར་བཞུགས་སྒར་དུ་འཁོར་མཚམས་དེ་རིང་བརྟན་བཞུགས་འབུལ་རྒྱུ་ཁེལ་བས་སྟབས་འགྲིག་པོ་བྱུང་བ་སོགས་དང་། ཨ་ལགས་མཁན་པོ་ཕུན་ཚོགས་མཆོག་གིས་ད་བར་ངོས་ཀྱི་འདོད་པ་དང་བསྟུན་ནས་བསླབ་པ་སློབ་གཉེར་གང་ལེགས་གནང་བ་སོགས་ཀྱི་ལེགས་གསོའི་བསྔགས་བརྗོད་ཀྱི་བཀའ་བཟང་བསྩལ། དེ་ནས་བྱང་འདྲེན་གྱིས་དབུ་སྐུལ་ཏེ་སྐྱབས་སེམས་སྔོན་དུ་བཏང་ནས་བླ་མ་མཆོད་པའི་ཚོགས་མཆོད་དང་འབྲེལ་བའི་སྒོ་ནས་བརྟན་བཞུགས་འབུལ་ལམ་ཞུས་ཤིང་། ཨ་ལགས་མཁན་པོ་ཕུན་ཚོགས་སྤྲུལ་སྐུ་བློ་བཟང་ཀླུ་སྒྲུབ་བསྟན་འཛིན་རྒྱ་མཚོ་མཆོག་གིས་མཎྜལ་བཤད་པ་དང་། རྫས་བརྒྱད། འབུལ་བ་སོགས་ཕུལ་ཏེ་བརྟན་བཞུགས་གི་སྒོ་ནས་བསྙེན་མཚམས་ཆེན་མོའི་མཇུག་གི་དགེ་བསྔོའི་བྱ་བ་རྣམས་ལེགས་པར་གྲུབ།

2019 1 2019 2 2019 3
2019 4 2019 5 2019 6
2019 7 2019 8 2019.9.9
2019 12 2019 10

2019 11

2019 13 2019 14 2019 16

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.