༄༅།།  L2A5023 800x600དེ་ཡང་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གི་སྐུའི་ཞབས་རིམ་དུ་ཚེ་ལྷ་གང་རུང་གི་ཚེ་སྒྲུབ་སྔོན་སོང་གིས་བརྟན་བཞུགས་རྒྱས་པ་ཞིག་འབུལ་དགོས་པའི་བཀའ་ལུང་དཔལ་ལྡན་ས་སྐྱ་༸གོང་མ་བདག་ཁྲི་རིན་པོ་ཆེས་གནང་དོན་བཞིན་འདི་གའི་ལས་སྣེ་དང་ཚོགས་འདུ་ལྷན་རྒྱས་ནས་གྲོས་བསྡུར་གྱིས་ད་ལོའི་མགོན་པོ་མཆོག་གི་འཁྲུངས་ཚེས་དང་སྟབས་བསྟུན་ནས་གོང་གསལ་བཀའ་ལུང་

བསྩལ་དོན་བཞིན་བརྟན་བཞུགས་འབུལ་འཐུས་ཡོང་བའི་གསོལ་འདེབས་སྙན་སེང་ཁོང་རིན་པོ་ཆེར་ཞུས་པའི་བཀའ་ལན་ཕྱིར་ཕེབས་སུ།བདག་ལ་བརྟན་བཞུགས་འབུལ་དགོས་དམིགས་བསལ་མ་མཆིས་མོད། L2A5027 800x600

འོན་ཀྱང་སྤྱི་ནོར་༸གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གིས་དབུས་རིས་སུ་མ་མཆིས་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་སྤྱི་དང་ལྷག་པར་རང་ཅག་གཞི་བྱེས་བླ་སློབ་ཡོངས་ཀྱི་ཆེད་ཚེ་སྒྲུབ་རེ་བྱེད་ཐུབ་ན་ལེགས་ཚུལ་གྱི་ཞལ་བཀོད་ལམ་སྟོན་གནང་བ་ཡོད་བཞིན།ཟླ་༨ཚེས་༡ཉིན་ནས་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེན་དཀོན་མཆོག་རྒྱ་མཚོ་མཆོག་དབུ་བཞུགས་ཐོག་བླ་གྲྭ་རྒན་གྲས་བཅུ་གསུམ་གྱིས་ཉིན་བདུན་རིང་ཉིན་རིང་ཚོགས་ཐུན་བཞི་རེ་ཆག་མེད་ཀྱི་ཐུའུ་བཀྭན་ཆོས་ཀྱི་ཉི་མས་མཛད་པའི་<<བཅོམ་ལྡན་མ་ཡིད་བཞིན་འཁོར་ལོའི་བསྙེན་པའི་སྒོ་ནས་ཚེའི་དངོས་གྲུབ་སྒྲུབ་པའི་ཆོ་ག་འཆི་མེད་བདུད་རྩིའི་ཆུ་རྒྱུན་>>གྱི་སྒོ་ནས་འཇིག་རྟེན་ཞི་བདེའི་དེད་དཔོན།འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དང་།བདག་ཅག་ལྟོས་བཅས་ཡོངས་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ།འདི་ཕྱི་ཚེ་རབ་གཏན་གྱི་སྐྱབས་གནས།༸རོང་ཆེན་བསྟན་པའི་སྒྲོན་མེ།རྗེ་བཙུན་༸བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་རྣམ་གཉིས་ཀྱིས་དབུས་ཐུབ་པའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བར་མཛད་པའི་ཁུར་ཆེན་བདག་གིར་བཞེས་པའི་སྐྱེས་བུ་དམ་པ་གང་ན་སུ་བཞུགས་པ་རྣམས་ཀྱི་སྐུ་ཚེ་མི་ཤུགས་རྡོ་རྗེའི་གཤིས་སུ་བརྟན་ཅིང་རླབས་ཆེན་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་སོགས་ཀྱི་ཆེད་དུ་ཚེ་ཡི་ལྷ་མཆོག་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་སྒྲུབ་ཉིན་བདུན་རིང་ཚོགས་ཡོད།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.