3L2A4918 Desktop Resolution 800x600༄༅།། ཕྱི་ཟླ་༨ པའི་ཚེས་༢ ཉིན་གྱི་དགུང་མོ་ཆུ་ཚོད་བདུན་པ་ནས་དགུ་བ་བར་དུ་སྐུའི་གསུང་བསྒྱུར་དགེ་བཤེས་མཁས་དབང་ཐུབ་བསྟན་སྦྱིན་པ་མཆོག་གིས་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཚོམས་ཆེན་དུ་གྲྭ་ཚང་གི་དཔེ་ཁྲིད་དགེན་དང་སློབ་གཉེར་བ་བཅས་འདུས་མང་ཚང་འཛོམས་སར། ༸འཇམ་མགོན་རྒྱལ་བ་གཉིས་པ་མཉམ་མེད་ཙོང་ཁ་ཆེན་པོའི་ལྟ་བའི་སྐོར་ལ་གསུང་བཤད་དང་མཇུག་ཏུ་དྲི་བ་

དྲིས་ལན་བཅས་བགྲོ་གླེང་ལྷུག་པོར་གནང་སོང་། 

དེ་ཡང་བགྲོ་གླེང་གོ་སྒྲིག་པས་དགེ་བཤེས་མཆོག་ངོ་སྤྲོད་མདོར་བསྡུས་ཤིག་གནང་རྗེས་བགྲོ་གླེང་དབུ་འཛུགས་གནང་དོན། དེ་རིང་ཀིརྟིའི་བྱེས་པ་གྲྭ་ཚང་དུ་བཅལ་ནས་རྣམ་པ་ཚོ་དང་ལྷན་དུ་བགྲོ་གླེང་བྱེད་རྒྱུ་བྱུང་བར་ཧ་ཅང་དགའ་བོ་བྱུང་ཚུལ་དང་། དང་པོ་ང་ལ་དྲང་ངེས་ལེགས་བཤད་སྙིང་པོར་སློབ་གཉེར་གནང་ཕྱོགས་ཀྱི་སྐོར་ནས་བཤད་ཐུབ་ན་གསུངས་སོང་། འོན་ཀྱང་ངས་དཔེ་ཆ་ཁྲིད་མཚམས་བཞག་ནས་མི་ལོ་ཉི་ཤུ་རྩ་ལྔ་ལྷག་འགོར་འདུག་པས་ཐད་ཀར་ཐད་ཀར་ཡག་པོ་དྲན་ཡང་སོས་ཐུབ་ཀྱི་མི་འདུག་པས། དེ་ལས་དྲང་ངེས་ཙམ་མིན་པར་རྒྱ་ཆེ་ས་ནས་རྗེ་བདག་ཉིད་ཆེན་པོའི་ལྟ་བའི་སྐོར་སྤྱི་ཡོངས་ནས་ཞུས་ན་ལྷན་རྒྱས་ཀྱིས་དགོངས་པ་བཞེས་ཕྱོགས་དང་སློབ་གཉེས་གནང་ཕྱོིགས་བཅས་ལ་ཐུགས་ཕན་སོས་བ་རེ་མི་ཡོང་ངམ་སྙམ་ནས་དེའི་སྐོར་གང་ཐུབ་ཅིག་བཤད་ན་བསམ་སོང་། གཙོ་བོ་ཉིན་རེ་ཉིན་རེའི་དཔེ་ཁྲིད་སྐབས་གཞུང་དངོས་གཞི་ཞིབ་ཚགས་པོའི་སྒོ་ནས་དཔེ་ཁྲིད་དགེ་རྒན་རྣམ་པ་ཚོ་ཡོད་ཡོད་པ་ཡིན་པས་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། སྤྱིར་སྟངས་གཞུང་ཆེན་མོར་སློབ་གཉེར་གནང་སྐབས་སྦྱང་སའི་གཞུང་ལ་ཆུ་དང་ཉ་མོ་འགྲོགས་པ་ནང་བཞིན་རྒྱུན་རིང་པོའི་བར་དུ་གཤིབས་ན་མ་གཏོགས་ལམ་སེང་ཤེས་ཐུབ་ཐབས་མེད་པའི་སྐོར་སོགས་དང་། དེ་ཡང་གཞུང་ཆེན་མོར་སློབ་སྦྱོང་གནང་སྐབས་བརྡ་སྤྲོད་ཀྱི་གཞུང་ལ་སྦྱོང་བ་གང་འཚམས་བྱེད་ཐུབ་ན་གཞུང་གི་ལྟ་རྒྱ་དང་གོ་བ་སོགས་ལ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་པས་ང་རང་གིས་ཉམས་མྱོང་གིས་སྟེང་ནས་ཐུན་མོང་རིགས་གནས་སྐོར་ལའང་སྣང་ཆུང་མི་མཛད་པར་སྦྱོང་ཐུབ་པ་གནང་ན་དགེ་མཚན་ཆེན་པོ་ཡོད་སྐོར་སོགས་དང་། དེ་ནས་རྒྱ་བོད་ཀྱི་གཞུང་ཆེན་མོར་སློབ་གཉེར་གནང་སྐབས་དཔེར་ན་དགེ་ལུགས་པའི་གཞུང་དང་རང་རང་གི་ཡིག་ཆ་དེ་ཚོ་རྒྱ་གཞུང་ཤེས་པའི་ལྡེ་མིག་ལྟ་བུར་བེད་སྤྱོད་བྱེད་དགོས་པ་ལས་མཛོད་ངོ་མ་དེ་ནི་རྒྱ་གཞུང་ཡིན་པས་སློབ་གཉེར་གང་གནང་བ་དག་རྩ་བ་རྒྱ་གཞུང་རང་གི་སྟེང་དུ་སྤུངས་ཐུབ་པ་ཞིག་བྱེད་དགོས་པ་གལ་ཆེན་ཡིན་བར་མ་ཟད། དེ་ནི་3L2A4955 Desktop Resolution 800x600ས་ཆོད་དང་གོ་རྒྱ་མཐའ་ན་ཆོས་བརྒྱུད་བར་གྱི་བགྲོ་གླེང་ཞིག་ལ་སོང་ནའང་ཕན་ཐོགས་ཆེན་པོ་ཡོད་སྐོར་སོགས་གཞུང་ཆེན་ཁག་ལ་སློབ་གཉེར་གནང་ཕྱོགས་དང་།

དེ་ཡང་རྗེ་བདག་ཉིད་ཆེན་མོའི་ལྟ་བའི་སྐོར་ནས་གསུང་དོན། རྗེ་བདག་ཉིད་ཆེན་མོའི་མཛད་པ་ནི་སྤྱིར་བསམ་གྱིས་མི་ཁྱབ་པ་མང་པོ་ཡོད་མོད་གསུང་རྩོམ་གྱི་ནང་ནས་ཐུན་མོང་མ་ཡིན་པའི་མཛད་རྗེས་གཙོ་བོ་འཇོག་ས་དེ་ནི་ཟབ་མོ་དབུ་མའི་ལྟ་བ་དང་གསང་བསྔགས་ཀྱི་ལྟ་བ་གཉིས་དང་ལྷག་པར་དུ་རྒྱུད་རྒྱལ་གསང་བ་འདུས་པའི་བཤད་པ་དེ་གཉིས་སྒང་ལ་འབབ་དགོས་ལ། དེ་ཡང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་ཟབ་མོ་དབུ་མའི་ལྟ་བའི་སྐོར་ནས་གཙོ་བོ་འཁོར་ལོ་བར་བའི་དགོངས་པ་མགོན་པོ་ཀླུ་སྒྲུབ་དང་། སློབ་དཔོན་སངས་རྒྱས་བསྐྱངས། དཔལ་ལྡན་ཟླ་བ་གྲགས་པ་སོགས་ཀྱིས་བཀྲལ་བ་ཇི་ལྟ་བ་བཞིན་ལུང་རིགས་ཟུང་དུ་འབྲེལ་ནས་ཤིན་ཏུ་རྒྱས་པར་གསུང་ཡོད་པས། གཟུ་བོར་གནས་པའི་བློས་རྗེ་རིན་པོ་ཆེའི་གསུང་ཐན་ཐུན་ཙམ་མིན་པར་ལྟ་བའི་ལེགས་བཤད་ཆེན་མོ་ལྔ་ལ་སོགས་པ་ལྟ་བའི་སྐོར་གྱི་གསུང་རྩོམ་དག་གུང་བསྒྲིགས་ནས་དཔྱད་པ་གནང་གི་ཡིན་ན་ཀླུ་སྒྲུབ་ཡབ་སྲས་སྤྱི་དང་གཙོ་བོ་མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་པ་ཇི་ལྟ་བ་བཞིན་བྱེད་དགོས་ཚེ་དེ་ལས་གཞན་གང་དུའང་འགྲོ་ས་མི་འདུག་སྙམ་པ་ཞིག་ངང་གིས་ཤར་ཐུབ་པ་ཞིག་ཡོད་ཚུལ་དང་།

རྗེ་གུང་ཐང་པས། འཕགས་ཡུལ་མཁས་རྣམས་གཟུར་གནས་པས།། རང་རང་ས་ནས་གྲུབ་མཐའ་འཛིན།། འདི་ན་ཐམས་ཅད་དབུ་མ་སྟེ།། གསུང་བ་ནང་བཞིན་བོད་གངས་ཅན་གྱི་ལྗོངས་སུ་ཐལ་འགྱུར་པའི་ལྟ་བ་ཡིན་ཟེར་ནས་རྫོགས་ཆེན་དང། སྤྲོས་བྲལ། གཞན་སྟོང་དབུ་མ་ཆེན་པོ། སོགས་བཞེད་ཚུལ་མི་འདྲ་བ་ཇི་སྙེད་ཅིག་བྱུང་ཡོད་མོད་༸འཇམ་མགོན་བླ་མ་ཙོང་ཁ་ཆེན་པོ་དེ་དག་གང་གི་རྗེས་སུ་ཡང་མ་འབྲངས་བར་དགག་བྱ་བདེན་གྲུབ་ཀྱིས་སམ་ཚུགས་ཐུབ་ཀྱི་ངོས་ནས་གྲུབ་པའི་ཆོས་རྡུལ་ཙམ་ཡང་མེད་ཀྱང་ཐ་སྙད་དུ་བྱ་བྱེད་དང་རྒྱུ་འབྲས་ཀྱི་རྣམ་གཞག་སོགས་འཇོག་ཏུ་རུང་བའི་མཐའ་བྲལ་དབུ་མའི་ལམ་བཟང་ཞིག་རྒྱལ་བའི་བཀའ་དང་དེའི་དགོངས་པ་འགྲེལ་བའི་རྒྱ་གར་གྱི་ངེས་པ་དོན་གྱི་དབུ་མ་པ་དག་གིས་མཛད་པའི་བསྟན་བཅོས་འབའ་ཞིག་ཁོངས་སུ་མཛད་ཅིང་དེ་ཉིད་ཡང་དག་པའི་རིགས་ལམ་ནས་དྲངས་ཏེ་གཏན་ལ་ཕབས་ཡོད་ཚུལ་སོགས་གསུང་བཤད་དངོས་གཞི་གནང་གྲུབ་རྗེས། དྲི་བ་དྲིས་ལན་གྱི་སྐབས་སུ། དབུ་སེམས་གྱི་ལྟ་བའི་བཞེད་ཕྱོགས།  བོད་སྔ་ཕྱིའི་མཁས་པའི་དབུ་མའི་ལྟ་བའི་འདོད་ཚུལ། དགག་བྱ་ཕྲ་རགས། དྲང་ངེས་ལེགས་བཤད་སྙིང་པོའི་ཟབ་ཁྱད་དང་དཀའ་གནད་སྐོར། བོད་ཀྱི་སྐད་ཡིག་ནང་ཡོད་པའི་བཀའ་བསྟན་དག་མི་རིགས་གཞན་གྱི་སྐད་ཡིག་ནང་བསྒྱུར་ན་ལེགས་ཉེས་ཅི་ཡོད་སྐོར། གནའ་དེང་ཟུང་འབྲེལ་གྱི་རིགས་པའི་གཞུང་ལུགས་དག་ལ་སྦྱངས་བརྩོན་གྱི་དགེ་མཚན་སྐོར། མི་རིགས་གཞན་གྱི་སྐད་དང་ཡིག་གེ་ལ་སློབ་གཉེར་བྱེད་ཕྱོགས་སོགས་མདོར་ན་དྲི་བ་ཚང་མར་རེ་རེ་བཞིན་བཀའ་ལན་ཟབ་ཅིང་རྒྱས་པ་གནང་། མཇུག་ཏུ་བགྲོ་གླེང་གོ་སྒྲིག་པའི་ངོས་ནས་ཐུགས་རྗེ་ཆེ་ཞུས་པའི་གསུང་བཤད་དང་གྲྭ་ཚང་གི་སློབ་སྤྱི་དགེན་སོ་རུ་དར་རྒྱས་མཆོག་གིས་དགེ་བཤེས་ལགས་ལ་ཐུགས་རྗེ་ལེགས་འབུལ་ཕུལ་བ་དང་བགྲོ་གླེང་མཇུག་སྒྲིལ་ཡོད་པ་བཅས།

བགྲོ་གླེང་ཆ་ཚང་འདི་ནས་ཉན་ཐུབ།

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.