image1.jpg14

༄༅།། དུས་རབས་ཉེར་གཅིག་པ་ནི་བརྡ་འཕྲིན་གྱི་དུས་རབས་ཞེས་ཀུན་གྱིས་གླེང་བཞིན་ཡོད་ལ།དོན་དངོས་ཀྱང་འཛམ་གླིང་ཤར་ནུབ་ནས་མི་སྒེར་ཕན་ཚུན་བར་བརྡ་འཕྲིན་གྱིས་སྦྲེལ་ནས་ཡོད་པའི་གནས་བབས་འོག་དྲ་བའི་རིག་གནས་ནི་ཚད་ངེས་ཅན་ཞིག་ནས་མེད་ཐབས་མེད་པའི་རིག་གནས་གསར་པ་ཞིག་ཡིན། བོད་ལ་དྲ་བའི་རིག་གནས་དར་ནས་དུས་ཡུན་རིང་པོ་སོང་མེད་ནའང་། སྤྱི་སྒེར་ཧ་ཅང་མང་པོས་དྲ་ཚིགས་གཉེར་ཞིང་། དྲ་ཚིགས་བརྒྱུད་ནས་ཆེ་ས་བོད་ཀྱི་ཆོས་དང་རིག་གཞུང་ནས། ཆུང་ས་མི་སྒེར་གྱི་ཉིན་རེའི་འཚོ་བ་ཡན་ཆད་ཐུན་མོང་གི་སྤྱོད་ཡུལ་དུ་འགྲེམ་བཞིན་དུས་རབས་ཀྱི་རྗེས་སྙེག་གིན་པ་ནི། བོད་ཀྱི་ཆོས་དང་རིག་གཞུང་སྔར་ཡོད་རྒྱུན་འཛིན་དང་དར་སྤེལ། སྔར་མེད་གསར་གཏོད་སོགས་ཕྱོགས་གང་ནས་བལྟས་ཀྱང་དུས་རབས་ལ་ཁ་ཕྱོགས་པའི་གནས་ཚུལ་ལེགས་པོ་ཞིག་ཡིན་པར་མ་ཟད། གཞིས་བྱེས་གཉིས་སུ་གྱེས་ནས་ཡོད་པའི་ད་ལྟའི་བོད་ཀྱི་གནས་སྟངས་འོག་དྲ་བའི་རིག་གནས་ནི་ང་ཚོ་ཐུན་མོང་གིས་མཉམ་དུ་ལོངས་སྤྱོད་ཐུབ་པའི་ལྡིང་ཆ་གལ་ཆེན་ཡིན་ཞིག་ཡིན་པའང་ངེས་པར་ངོས་འཛིན་བྱེད་དགོས། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན། ༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནས་དུས་སུ་ཐུགས་བརྩེས་རྗེས་སུ་བཟུང་ཞིང་། བདག་ཅག་གི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེའི་དབུ་ཁྲིད་ལམ་སྟོན་འོག་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གིས་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་། མ་ཉམས་གོང་འཕེལ་བྱེད་པའི་ཐད་ལ་ཕྱི་ལོ་༡༩༩༢ ལོར་དངོས་སུ་དབུ་བརྙེས་པ་ནས་ད་བར་བོད་ཀྱི་སྲོལ་རྒྱུན་རིག་གནས་གཙོ་བོར་གྱུར་པའི་བརྗོད་བྱ་འདྲ་མིན་གྱི་དཔེ་དེབ་བརྒྱ་དང་ལྔ་བཅུ་ཙམ་དཔར་བསྐྲུན་འགྲེམས་སྤེལ་བྱས་ཏེ། བཙལ་བྱོལ་བོད་ཀྱི་ཤེས་ཡོན་པའི་སྡེ་ནས་གདེང་འཇོག་མཐོན་པོ་གནང་བཞིན་ཡོད་ཀྱང་། དཔེ་དེབ་དེ་དག་གཙོ་བོར་གྱུར་པའི་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མ་ཉམས་རྒྱུན་འཛིན་བྱེད་པའི་ལས་དོན་གལ་ཆེན་མང་པོ་ཞིག་དྲ་བའི་རིག་གནས་ཀྱི་བར་གསེང་འདི་བརྒྱུད་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་བགོ་སྐལ་དུ་ཕུལ་ཐུབ་མེད་པས། ད་ལམ་འདི་ནས་ཀིརྟིའི་བྱེས་པ་གྲྭ་ཚང་གི་དྲ་ཚིགས་བསྐྱར་དུ་གསར་བཟོ་བྱས་ཏེ། ཕྱི་ལོ་༢༠༡༦ ཟླ་༨ ཚེས་༨ དེ། ༸སྐྱབས་མགོན་ཀིརྟི་རིན་པོ་ཆེའི་འཁྲུངས་ཚེས་དང་སྟབས་བསྟུན་(www.kirti92.org)ཤར་གཏོང་བྱས་ཡོད་ན།  བོད་ཀྱི་ཆོས་དང་རིག་གཞུང་གཙོ་བོར་གྱུར་པའི་བརྗོད་བྱ་འདྲ་མིན་གྱི་དཔེ་དེབ་དང་། རྩོམ་ཡིག མཁས་པའི་བགྲོ་གླེང་ཁག་གི་སྒྲ་གཟུགས་སོགས་ཀུན་གྱི་ལོངས་སྤྱོད་དུ་དབུལ་རྒྱུ་ཤིན་ཏུ་མང་བས། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་དུས་ནས་དུས་སུ་ཐུགས་སྣང་གནང་བར་མ་ཟད། གུས་ཅག་ལ་དྲ་ཚིགས་གཉེར་ཕྱོགས་ཀྱི་ཤེས་ཚད་དང་ཉམས་མྱོང་གང་ཐད་ནས་འདང་ངེས་མེད་པས། དྲ་ཚིགས་འདི་དང་འབྲེལ་བའི་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་གནང་སྐྱོང་ཡོང་བའི་རེ་བ་སྙིང་ནས་ཞུ། ཕྱི་ལོ་༢༠༡༦ ཟླ་༨ ཚེས་༨ ལ་དྲ་ཚིགས་བདག་གཉེར་པ་ཟུང་གིས་གུས་པས་ཕུལ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.