y8362 Desktop Resolution༄༅།། ཕྱི་ལོ་༢༠༡༦ ཟླ་༨ ཚེས་༢༩ ཉིན་རྒྱ་གར་དྷ་རམ་ས་ལའི་ཨིམ་སི་ཌི་ཚོགས་ཁང་(MCD Hall)དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༦ པ་དབུ་འཛུགས་གནང་ཡོད་པ་དང་། ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་དམིགས་བསལ་སྐུ་མགྲོན་༸སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་

མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས། གཞན་ཡང་།དྷ་ས་ས་གནས་མགོ་འཛིན་དང་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ། དྷ་སའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་སོགས་ཀྱི་སྐུ་ཚབ་རྣམ་པ། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་གྱིས་གཙོས་དབུས་རྒྱུན་ལས་ཐོག་པ་དང་ཟུར་པ། གཞོན་ནུའི་ས་གནས་ཁག་༤༠ ནས་སྐུ་ཚབ་༡༣༠ ལྷག་བཅས་ཚོགས་བཅར་གནང་བའི་སར་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་ལམ་སྟོན་གསུང་བཤད་གནང་བ་ཆ་ཚང་གཤམ་དུ་བཀོད་ཡོད་པས་དགྱེས་གཟིགས་གནང་བར་ཞུ།

"སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན། ཚོགས་པ་ཁག་གི་ཚོགས་མི་རྣམ་པ།གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་དང་ལས་ཟུར་རྣམ་པ། དེ་རིང་གི་ཚོགས་འདུ་ལ་ཆེད་དུ་ཕེབས་པའི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ་དང༌། སྐུ་མགྲོན་རྣམ་པ་བཅས་ལ་འཚམས་འདྲི་ཞུ་རྒྱུ་དང༌། ང་དེ་སྔོན་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་འདུ་འགའ་ཤས་ལ་བཅར་མྱོང་ནའང་དེ་རིང་སྔར་དང་མི་འདྲ་བར་ཁ་ཆེའི་ཚོགས་མི་གསར་པ་འགའ་ཤས་ཕེབས་འདུག་པ་རྣམས་ལ་དམིགས་བསལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

          དེ་རིང་འདིར་གཟེངས་རྟགས་བཞེས་མཁན་མང་པོ་ཞིག་འདུགརྣམ་པ་ཚོས་གཟེངས་རྟགས་བཞེས་པ་ནི་བོད་སྤྱི་པའི་རྩ་དོན་དང་འབྲེལ་བའི་ཆོས་དང་ཆབ་སྲིད་ཤེས་ཡོན་སློབ་སྦྱོང་བཅས་ཀྱི་ཐོག་སྐུ་ལས་མང་པོ་བསྐྱོན་པའི་གྲུབ་འབྲས་རེད། མ་འོངས་པར་ཡང་མུ་མཐུད་བོད་སྤྱི་པའི་ལས་དོན་ཐོག་སྐུ་ལས་བསྐྱོན་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

          ཉིན་ཤས་ཀྱི་གོང་དུ་གཞོན་ནུ་ཚོགས་པའི་ངོས་ནས་གཞོན་ནུའི་ཚོགས་ཆེན་ཐོག་ཤོག་ཅེས་བཀའ་གནང་བའི་སྐབས། ང་ཆོས་དང་ཆབ་སྲིད་གང་ལ་ཡང་མཁས་པ་དང་ཉམས་མྱོང་ཡོད་པ་དེ་འདྲ་མིན་ནའང་བོད་རིགས་གཞོན་ནུ་ཚོའི་ལས་འགུལ་ལ་ངས་དམིགས་བསལ་དོ་སྣང་དང་རྒྱབ་སྐྱོར་ཞུ་གི་ཡོད། དཔེར་ན། སློབ་གྲྭ་ཁག་ཏུ་ཡིན་ནའང་འདྲ། སྤྱི་ཚོགས་ཀྱི་ཁྲོད་དུ་ཡིན་ནའང་འདྲ། གཞོན་ནུ་ཚོའི་ལས་འགུལ་ལ་ངས་དམིགས་བསལ་མཐོང་ཆེན་བྱེད་ཀྱི་ཡོད་དུས་རྣམ་པ་ཚོས་མ་མཁྱེན་པའི་གནད་དོན་གསར་པ་ཞིག་ང་ལ་ཞུ་རྒྱུ་མེད་ནའང༌། བོད་རིགས་གཞོན་ནུ་ཚོའི་ལས་འགུལ་ལ་རྒྱབ་སྐྱོར་མཚོན་པའི་རྣམ་པས་ཚོགས་ཆེན་ལ་བཅར་བ་ཡིན།

དེང་སང་བོད་ཀྱི་གནས་སྟངས་ཛ་དྲག་པོ་དང་ཐབས་སྐྱོ་པོ་ཞིག་གི་འོག་ཏུ་ཡོད་དུས་ཁ་བདེ་པོ་དང་འདྲ་ཆགས་པོ་ཞིག་བཤད་པའི་དུས་ཚོད་མིན་ཞེས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་གསུངས་པ་བཞིན་ལྷག་བསམ་རྣམ་དག་གིས་ཚིག་རྡོག་རྡོག་འགའ་ཤས་ཞུས་པ་ཡིན་ན། རྣམ་པ་ཚོའི་དགོངས་པའི་དཔྱད་གཞི་ལ་ཕན་ཐོགས་ཕྲན་བུ་ཡོང་སྲིད་པས་གནས་ཚུལ་འགའ་ཤས་ཤིག་ཞུས་ན་བསམས་པ་ཡིན། ང་ལ་མཚོན་ན་འཇོན་ཐང་དང་ཤེས་ཡོན་གང་ཡང་མེད་ནའང་ྋརྒྱལ་བ་རིན་པོ་ཆེའི་ཞབས་ཕྱི་རྙིང་པའི་གྲས་ཤིག་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་བོད་གཞུང༌། བོད་ཕྱི་ནང་གི་བོད་མི་མང་བཅས་ལ་ལྷག་བསམ་རྣམ་དག་གིས། སྐྱིད་ན་སྐྱིད་མཉམ་དང༌། སྡུག་ན་སྡུག་མཉམ། ལས་རོགས་ཤིག་གི་ཕན་མ་ཐོགས་ནའང༌། མིག་རོགས་ཤིག་གི་ཕན་ཐོགས་རྒྱུ་རེད་སྙམ་པའི་ཐོག་ནས་མི་ཚེ་ཧྲིལ་པོ་བོད་སྤྱི་པའི་ལས་དོན་ཐོག་མི་ཚེ་བཟང་མཐའ་ལ་སྐྱེལ་བསྡད་མཁན་ཞིག་ཡིན་དུས། ལྷག་བསམ་གྱི་ཐོག་ནས་ཚིག་འགའ་ཤས་ཤིག་ཞུས་ན་བསམས་པ་ཡིན།

ཉེ་ལམ་ྋརྒྱལ་བ་རིན་པོ་ཆེས་སྲིད་སྐྱོང་གི་མཛད་སྒོའི་གཡས་གཡོན་དུ་གསུང་བཤད་སྔ་ཕྱི་འགའ་ཤས་ཕེབས་པ་ལྟར་ྋརྒྱལ་བ་རིན་པོ་ཆེར་ཐུགས་ཕམ་གྱི་གནས་ཚུལ་བྱུང་བ་ཡིན་དུས་ང་ཚོའི་ལས་ཀའི་རིམ་པ་དང་པོ་དེ་ྋརྒྱལ་བ་རིན་པོ་ཆེའི་ཐུགས་ཕམ་དེ་སངས་ཐུབ་པའི་བྱ་བ་སྒྲུབ་དགོས་པ་དེ་གལ་ཆེ་ཤོས་དང་ཛ་དྲག་ཤོས་སུ་བརྩི་དགོས་ཀྱི་རེད། ྋརྒྱལ་བ་རིན་པོ་ཆེར་ཐུགས་ཕམ་གྱི་གནས་ཚུལ་བྱུང་མ་ཐག་པའི་སྐབས་ཛ་དྲག་ཏུ་བརྩིས་ནས་ཚ་ཚ་འུར་འུར་གནང་སོང་ཡང༌། ཟླ་བ་གཅིག་སོང་གཉིས་སོང་གིས་རིམ་པས་ངར་ཤུགས་ཉམས་པ་ལྟ་བུའི་གྲང་སང་དུ་ཕྱིན་ཏེ་སྣང་མེད་དུ་གྱུར་པ་ཡིན་ན་ང་ཚོ་བོད་མི་ཚོས་ྋརྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལ་ཉན་སྟངས་མ་འགྲིག་པ་རེད་བསམས། ྋརྒྱལ་བ་རིན་པོ་ཆེར་ཐུགས་ཕམ་འབྱུང་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ྋརྒྱལ་བ་རིན་པོ་ཆེས་སྐུ་ཚེ་ཧྲིལ་པོར་སྐུ་ལས་ཚད་མེད་བསྐྱོན་ནས་འཛིན་སྐྱོང་གནང་བའི་སྤྱི་པའི་ལས་འགན་དེ་མང་ཚོགས་ལ་རྩིས་སྤྲོད་གནང་བའི་སྐབས། ང་ཚོས་ྋརྒྱལ་བ་རིན་པོ་ཆེས་ཐུགས་རེ་མཛད་པ་ནང་བཞིན་ཞུ་ཐུབ་མེད་པར་མ་ཟད་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ལ་གནོད་སྐྱོན་ཕྲན་བུ་ཡོང་གྲབས་བྱས་པ་རེད། མི་མང་ནང་ཁུལ་ལ་འགལ་བ་དང་ཕྱོགས་འཐེན་གྱི་རྣམ་པ་ཕྲན་བུ་བྱུང་བ་དེས་བརྟེན་ྋརྒྱལ་བ་རིན་པོ་ཆེར་ཐུགས་ཕམ་བྱུང་བ་རེད། ྋརྒྱལ་བ་རིན་པོ་ཆེའི་ཐུགས་ཕམ་དྭངས་ཐབས་ལ་ང་ཚོས་མུ་མཐུད་དེ་ལས་ཀ་བྱ་དགོས་པ་རེད་ལ། ཐུགས་ཕམ་བྱུང་རྐྱེན་གྱི་གནས་ཚུལ་ངན་པ་འདི་རིགས་རྗེས་མ་ནམ་ཡང་མི་ཡོང་བ་བྱེད་དགོས། གཞོན་ནུ་ཚོགས་པ་ཡིན་ནའང་འདྲ། བུད་མེད་ཚོགས་པ་ཡིན་ནའང་འདྲ། དེ་བཞིན་སྒེར་པ། བླ་མ་དང་གྲྭ་པ། མང་ཚོགས་དཀྱུས་མ་སུ་འདྲ་ཞིག་ཡིན་ནའང་ྋརྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་སྒྲུབ་དགོས་པའི་འགན་ཡོད་པ་བཞིན་དམིགས་བསལ་དེའི་ཐོག་ཤུགས་སྣོན་བསྐྱོན་དགོས་པ་དེ་གལ་ཆེན་པོ་རེད་ཅེས་རྣམ་པ་ཚོར་ཐོག་མར་ཞུ་དགོས་པའི་གནས་ཚུལ་གལ་ཆེ་ཤོས་དེ་ཡིན།

          བར་ལམ་ང་ཚོའི་སྲིད་སྐྱོང་དང་སྤྱི་འཐུས་འོས་བསྡུའི་སྐབས་དཀའ་ངལ་ཕྲན་བུ་བྱུང་བ་རེད། མ་འོངས་པར་ང་ཚོའི་འོས་བསྡུའི་ལས་རིམ་གང་འདྲ་བྱས་ནས་འགྲོ་དགོས་ཀྱི་འདུགའོས་བསྡུའི་སྒྲིག་གཞིའི་ཐོག་གཞོན་སྐྱེས་ཚོར་བསམ་བློ་གཏོང་དགོས་པའི་འགན་དམིགས་བསལ་བ་ཞིག་ཡོད།མ་འོངས་པར་འོས་བསྡུའི་ལས་རིམ་ལ་བརྟེན་ནས་ཆོལ་ཁ་དང་ཆོས་བརྒྱུད་ལུང་ཚན་སོགས་ཀྱི་འཐེན་འཁྱེར་གྱི་དབང་དུ་མི་འགྲོ་བ་ཞིག་དང༌། སྤྱི་པའི་རྩ་དོན་གཞི་ལ་བཞག་པའི་ཐོག་ནས་དྲང་བདེན་ཞིག་ཡོང་བ་ལ་གཞོན་སྐྱེས་ཚོས་དམིགས་བསལ་འགན་བཞེས་དགོས་ཀྱི་རེད་ཅེས་དྲན་སྐུལ་ཞུ་འདོད་བྱུང༌།

          རིང་མིན་ཕྱི་ཟླ་དགུ་པའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་འཚོགས་རན་པ་རེད། སྤྱི་འཐུས་ལྷན་ཚོགས་འཚོགས་པའི་སྐབས་ཚོགས་འདུ་ལམ་འགྲོ་ཡོང་བ་དང་གྲུབ་འབྲས་ལྡན་པ་ཞིག་ཡོང་བར་གཞོན་སྐྱེས་ཚོས་འགན་ཁུར་དགོས། ད་རེས་ཀྱི་སྤྱི་འཐུས་ལྷན་ཚོགས་ནང་སྔོན་མ་ལས་ཀྱང་གཞོན་སྐྱེས་མང་པོ་ཞིག་ཕེབས་ཐུབ་ཡོད། སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱེད་ཀ་ཙམ་གཞོན་ནུ་ཡིན་ཚོད་འདུགགཞོན་ནུ་ཚོས་དམིགས་བསལ་འགན་བཞེས་ཏེ་སྤྱི་འཐུས་ལྷན་ཚོགས་ཀྱི་འགྲོ་སྟངས་དང་ལས་དོན་སྒྲུབ་སྟངས་བརྟན་པོ་དང་ཡག་པོ་ཞིག་ཡོང་བའི་ཐབས་སུ་ཤུགས་བསྐྱོན་དགོས་ཀྱི་འདུག ངས་ཞུ་འོས་པ་ཡོད་མེད་མི་ཤེས་ཀྱང་བར་ལམ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་འདེམས་པའི་སྐབས་སུ་དཀའ་ངལ་ཕྲན་བུ་བྱུང་བ་རེད། ང་ཚོ་ཕྱི་ལོགས་ནས་ལྟ་མཁན་ཞིག་གི་ངོས་ནས་ཞུས་པ་ཡིན་ན།སྤྱི་འཐུས་ལྷན་ཚོགས་ཀྱི་ནང་སྤྱི་འཐུས་གསར་པ་དང་གཞོན་ནུ་མང་པོ་ཕེབས་ཐུབ་ཡོད་ནའང་ད་དུང་ཡང་ཕྱེད་ཀ་ཕྱེད་ཀ་ལྟ་བུ་བྱས་ཏེ་མཁྲེགས་འཛིན་བྱས་ནས་སྡོད་ཀྱི་ཡོད་པའི་རྣམ་པ་ཞིག་མཐོང་གི་འདུག མཐོང་ཚུལ་འདིའི་ཐོག་ནས་བློ་ཕམ་ཡང་བྱུང་སོང༌། མ་འོངས་པར་སྤྱི་འཐུས་ལྷན་ཚོགས་ནང་བོད་སྤྱི་པའི་ཐོག་ལ་གང་གིས་ཕན་ཐོགས་ཡོད་པ་གཙོ་བོར་འཛིན་དགོས་པ་མ་གཏོགས། ཕྱོགས་ཁག་ལྟ་བུ་བྱས་ཏེ་ཕྱོགས་གཉིས་ཀ་ཕན་ཚུན་མཁྲེགས་པོ་བྱེད་རེས་བྱས་ནས་བསྡད་པས་ཕན་ཐོགས་ཡོང་གི་མ་རེད། གྲོས་ཚོགས་དང་པོ་ཚོགས་པའི་སྐབས་ནས་བཟུང་སྤྱི་པའི་ལས་དོན་ཐོག་ལ་བསམ་བློ་གཙོ་བོ་གཏོང་མཁན་དང༌།སྤྱི་པའི་ལས་དོན་ཐོག་ལ་ནུས་པ་གཙོ་བོར་འདོན་མཁན་ཞིག་ཡོང་བར་ཐོག་མ་ནས་བསམ་བློ་བཏང་སྟེ་སེམས་བསྐྱེད་བྱ་དགོས།གྲོས་ཚོགས་ཡག་པོ་དང་ནུས་པ་ལྡན་པ་ཞིག་བྱུང་ན་སྤྱི་པའི་སྒྲིག་འཛུགས་ཡག་པོ་ཡོང་གི་རེད་ལ། སྤྱི་པའི་སྒྲིག་འཛུགས་ཡག་པོ་བྱུང་བ་ཡིན་ན་བོད་སྤྱིའི་ལས་དོན་ཡག་པོ་ཡོང་གི་རེད། གྲོས་ཚོགས་ཡག་པོ་མ་བྱུང་བ་ཡིན་ན་སྤྱི་པའི་སྒྲིག་འཛུགས་ཡག་པོ་ཡོང་གི་མ་རེད་ལ།སྤྱི་པའི་སྒྲིག་འཛུགས་ཡག་པོ་མ་བྱུང་ན་བོད་སྤྱིའི་ལས་དོན་ཡང་ཡག་པོ་མི་ཡོང་བ་ཕན་ཚུན་ལྟོས་གྲུབ་དང་རྟེན་འབྱུང་རེད།

གཞོན་ནུ་ཚོགས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཐོག་ནས་གཞོན་ནུའི་སྒྲིག་འཛུགས་ཀྱི་ནང་ཁུལ་ལ་དཀའ་ངལ་ཕྲན་བུ་བྱུང་ཡོད་པ་ནི་ཡོངས་གྲགས་ཀྱི་དངོས་ཡོད་གནས་ཚུལ་ཞིག་རེད། དཀའ་ངལ་འདི་ལ་བརྟེན་ནས་གཞོན་ནུའི་སྒྲིག་འཛུགས་ནས་ཕྱི་ལ་ཐོན་མཁན་བྱུང་བ་རེད་ལ། བསྐྱར་དུ་ཡར་འཛུལ་མཁན་ཡང་བྱུང་བ་རེད། གཙོ་ཆེ་ཤོས་ཚོགས་པ་དང་སྒྲིག་འཛུགས་གང་འདྲ་ཞིག་ཡིན་ན་ཡང་ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་བྱ་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད། མཐུན་ལམ་དང་རྡོག་རྩ་ཆིག་སྒྲིལ་མེད་ན་རང་བཞིན་གྱིས་ཚོགས་པའི་ནུས་པ་བརླགས་ཏེ་ཚོགས་པ་དེ་ནུས་མེད་དུ་ཆགས་འགྲོ་བ་ཆོས་ཉིད་ཡིན་དུས། གཞོན་ནུ་ཚོགས་པའི་ནང་ཁུལ་ལ་དཀའ་ངལ་གང་འདྲ་ཞིག་བྱུང་བ་ཡིན་ན་ཡང་ཚོགས་པའི་ཕྱི་ལ་མ་ཐོན་པར་ནང་དུ་བསྡད་ནས་བཤད་སྦྱང་དང་གྲོས་མོལ་བྱས་པའི་ཐོག་ནས་དཀའ་ངལ་སེལ་ཐབས་བྱ་དགོས་པ་འདི་གལ་ཆེན་པོ་རེད།

       ཚོགས་པའི་ཕྱི་ལ་ཐོན་ཏེ་ཁྱོད་དང་ང་བྱས་ཏེ་ཕྱོགས་གཅིག་ཕམ་པ་དང་ཕྱོགས་གཅིག་རྒྱལ་བའི་འཐབ་རྩོད་བྱེད་སྟངས་འདི་རྒྱ་ནག་གུང་ཁྲན་ཏང་གི་བྱེད་སྟངས་ཡིན། ང་ཚོས་ྋརྒྱལ་བ་རིན་པོ་ཆེས་གསུངས་པའི་དབུ་མའི་ལམ་དེ་ང་ཚོའི་ནང་ཁུལ་གྱི་དཀའ་རྙོག་ཞི་འགྲིག་གི་ཐོག་ཏུའང་བེད་སྤྱོད་གཏོང་དགོས་ཀྱི་རེད། ཆོལ་ཁ་དང་ཆོས་ལུགས་ཚོགས་པ་སྐྱིད་སྡུག་གང་འདྲ་ཞིག་ཡིན་ནའང་འདྲ།དཀའ་རྙོག་གི་རིགས་ནང་ཁུལ་ཤོད་རེས་བྱས་ཏེ་དབུ་མའི་ལམ་གྱི་ཐོག་ནས་སེལ་ཐབས་བྱས་ན་སྤྱི་སྒེར་གཉིས་ཀ་ལ་ཕན་ཐོགས་ཆེ་བ་ཡོང་གི་རེད་བསམས།མདོར་ན། ང་ཚོ་ཁ་འཐོར་ཡུལ་འཐོར་དུ་མ་སོང་བར་བོད་རིགས་ཡོངས་རྫོགས་ཀྱི་གོང་བུའི་ནུས་པ་གཅིག་ཏུ་སྒྲིལ་དགོས་པ་ནི་གལ་ཆེ་ཤོས་རེད་ཅེས་རྣམ་པ་ཚོར་དྲན་སྐུལ་གྱི་ཚུལ་དུ་ཞུ་འདོད་བྱུང༌།

          རྒྱ་ཆེ་ས་ནས་རྒྱ་ནག་ལྟ་བུར་མཚོན་པ་ཡིན་ན་རྒྱ་ནག་གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་ཐོག་མར་དམག་རྒྱག་རེས་བྱས་ཏེ། ཕྱོགས་གཉིས་ཀས་རང་ཉིད་རྒྱ་ནག་གི་བདག་པོ་ཡིན་པའི་གནས་ལུགས་ཀྱི་ཐོག་ནས་དམག་བརྒྱབས་པ་རེད།རིམ་པས་སྲིད་བྱུས་དེ་ལ་འགྱུར་བ་ཕྱིན། དེང་སང་ཐེ་ཝན་ལའང་རང་བཙན་རྩོད་མཁན་ཞིག་ཡོད་པ་རེད། དེར་མ་ཟད་རྒྱ་ནག་གི་མངའ་ཁོངས་ཡིན་པའི་ཧོང་ཀོང་ལ་ཡང་རང་བཙན་རྩོད་མཁན་ཞིག་ཀྱང་ཡོང་གི་ཡོད། ང་ཚོ་བོད་པ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མ་ཡིན་ནའང་ད་ཆ་དབུ་མའི་ལམ་ལ་འགྲོ་དགོས་པ་སོགས་ཆབ་སྲིད་ཀྱི་སྲིད་བྱུས་ལ་འགྱུར་བ་ཡང་དང་ཡང་དུ་འགྲོ་གི་ཡོད། གཞོན་ནུ་ཚོགས་པ་ལྟ་བུ་ཡིན་ཡང་འགྱུར་བ་གང་འདྲ་བྱས་ནས་གཏོང་དགོས་མིན་གཞོན་ནུའི་ཚོགས་མི་རྣམས་ཀྱིས་བསམ་བློ་བཏང༌། གྲོས་བསྡུར་བྱས་ནས་ཐག་གཅོད་བྱ་དགོས་པ་ཞིག་རེད།

          སྤྱིར་གཞོན་ནུ་ཚོགས་པ་ཞེས་པ་ནི་ད་ལྟའི་བཙན་བྱོལ་ནང་གི་གཞོན་ནུའི་སྒྲིག་འཛུགས་ཀྱི་ཁོངས་སུ་ཡོད་པའི་ཚོགས་མི་རྐྱང་པའི་བསམ་བློ་ཙམ་ཞིག་མ་ཡིན་པར།བོད་ཕྱི་ནང་གི་གཞོན་ནུ་ཡོངས་རྫོགས་ཀྱི་བསམ་བློ་དང་དམིགས་ཡུལ་མཚོན་ཐུབ་པ་ཞིག་བྱ་དགོས་པ་མ་གཏོགས།ཚོགས་པའི་ཁོངས་སུ་ཡོད་པའི་ཚོགས་མི་རྐྱང་པའི་བསམ་བློའི་ཐོག་ནས་ཕྱིན་པ་ཡིན་ན་ཤིན་ཏུ་རྒྱ་ཆུང་ཆུང་ཞིག་རེད་བསམས།བོད་ཕྱི་ནང་གི་བོད་མི་ཡོངས་རྫོགས་ཀྱི་རེ་བ་དང་བསམ་བློ་གང་འདྲ་ཡིན་པ་དང༌།བོད་ཕྱི་ནང་གི་བོད་རིགས་གཞོན་ནུ་ཡོངས་རྫོགས་ཀྱི་བསམ་བློ་དང་དམིགས་ཡུལ་མཚོན་ཐུབ་པ་ཞིག་བྱ་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང༌།

          རྩ་བའི་གཞོན་ནུ་ཚོགས་པ་འདི་བཙུགས་ནས་མི་ལོ་ལྔ་བཅུ་ལོན་ལ་ཉེ་བའི་ལོ་རྒྱུས་རིང་པོ་ཡོད་མཁན་ཞིག་རེད།ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་ནང་བོད་སྤྱི་པའི་དོན་དུ་ལས་དོན་རྒྱ་ཆེན་པོ་དང་ནུས་པ་ཐོན་པ་མང་པོ་སྤེལ་ཡོད་པ་རེད།དེ་ཙམ་དུ་མ་ཟད་གཞོན་ནུ་ཚོགས་པའི་ནང་དུ་ཕྱག་ལས་གནང་བའི་རྗེས་སུ་རིམ་པས་བོད་གཞུང་གི་ནང་ཡར་ཕེབས་ནས་ཕྱག་ལས་གནང་གི་ཡོད། དེང་སང་བོད་མིའི་སྒྲིག་འཛུགས་ཀྱི་ནང་དུ་ཕྱག་ལས་གནད་འགག་ཅན་གནང་མཁན་མང་ཆེ་བ་སྔོན་མ་གཞོན་ནུའི་ནང་དུ་ཕྱག་ལས་གནང་སྟེ་ཡར་ཕེབས་པ་ཤ་སྟག་ཡིན། དེ་བཞིན་དུ་ད་ལྟའི་གཞོན་ནུ་ཚོགས་པའི་རྒྱུན་ལས་དང་ཚོགས་མི་རྣམ་པ་ཚོ་ཡིན་ན་ཡང༌། ཨ་ཡོད་ནང་གི་ད་ཡོད་དང༌། སྒོ་ངའི་ནང་གི་སེར་རིལ་ལྟ་བུ་ཡིན་དུས་རིམ་པས་བོད་མིའི་སྒྲིག་འཛུགས་ནང་ཡར་ཕེབས་ནས་འགན་བཞེས་ཏེ་ཕྱག་ལས་གནང་དགོས་པར་མ་ཟད། མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱི་རྐང་འཛིན་མཁན་ནི་ཁྱེད་གཞོན་ནུ་ཚོས་གནང་དགོས་ཀྱི་རེད། བོད་སྤྱི་པའི་རྩ་དོན་ལ་མཚོན་ནའང་ཤིན་ཏུ་གལ་ཆེན་པོ་ཡིན་པའི་གཞོན་ནུའི་སྒྲིག་འཛུགས་འདི་མ་འོངས་པར་མུ་མཐུད་གནས་ཐུབ་པའི་ཐབས་སུ་ཁྱེད་རྣམ་པ་ཡོངས་རྫོགས་ཀྱིས་བསམ་བློ་བཏང་ནས་འགན་བཞེས་དགོས།

          ཆབ་སྲིད་ཀྱི་ལས་འགུལ་དང་བོད་སྤྱི་པའི་ལས་འགུལ་གང་འདྲ་ཞིག་ཡིན་ནའང་གཞོན་ནུ་ཚོགས་པ་འདི་མདུན་ལ་མཆོངས་ནས་ཕྱག་ལས་གནང་མཁན་ཞིག་རེད། དཔེར་ན། ང་དང་ལུང་པའི་ཐོག་ནས་དམིགས་བསལ་འབྲེལ་བ་ཡོད་པའི་ཨ་མདོ་རྔ་པའི་ཡུལ་ནས་རང་ལུས་མེར་སྲེག་གི་ལས་འགུལ་དང་པོ་བྱུང་བའི་སྐབས། ཐོག་མར་ལམ་ཆེན་ཐོག་ལ་ཐོན་ནས་ལས་འགུལ་སྤེལ་མཁན་དེ་གཞོན་ནུ་ཚོགས་པ་རེད། དེ་བཞིན་དུ་བོད་སྤྱི་པའི་ལས་འགུལ་གང་འདྲ་ཞིག་ཡིན་ན་ཡང་ཐོག་མར་མདུན་ལ་ཐོན་ནས་ལས་འགུལ་སྤེལ་མཁན་གཞོན་ནུ་ཚོགས་པ་འདི་ཆགས་ཀྱི་ཡོད་དུས།ངས་དེ་རིང་གི་གོ་སྐབས་འདི་བཟུང་ནས་རྣམ་པ་ཚོར་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང༌།

          གོང་དུ་ཞུས་པ་བཞིན་གཞོན་ནུའི་ནང་ཁུལ་ལ་བཀྲ་མ་ཤིས་པའི་གནས་ཚུལ་ཞིག་བྱུང་བ་དེ་ནང་ཁུལ་གྲོས་བསྡུར་བྱས་པའི་ཐོག་ནས་སེལ་ཐབས་བྱས་ཏེ། གཞོན་ནུ་ཚོགས་པའི་སྒྲིག་འཛུགས་འདི་བརྟན་པོར་མུ་མཐུད་གནས་ཐུབ་ཐབས་བྱ་དགོས་པ་ཤིན་ཏུ་གལ་ཆེ།

          དེ་རིང་འདིར་ཁ་ཆེའི་སྐུ་ཚབ་འགའ་ཤས་ཤིག་ཕེབས་འདུགབོད་ནང་ལ་ཁ་ཆེ་མང་པོ་ཡོད། དབུས་གཙང་གི་ཕྱོགས་སུ་རྩེད་ཐང་དང་ལྷ་ས་ལྟ་བུ་མ་གཏོགས་ཁ་ཆེ་དེ་ཙམ་མང་པོ་མེད། ཨ་མདོ་ཕྱོགས་ལ་མཚོན་ན་ཁ་ཆེ་ཤིན་ཏུ་མང་པོ་ཡོད།རྫོང་རེ་ཟུང་ཁ་ཆེ་རྐྱང་པ་བྱས་པའི་རྫོང་ཡང་ཡོད།ང་དང་དམིགས་བསལ་འབྲེལ་བ་ཡོད་པའི་རྔ་པའི་ཕྱོགས་དང་མཛོད་དགེ་སྟག་ཚང་ལྷ་མོའི་ཕྱོགས་སུ་ཁ་ཆེ་མང་པོ་ཡོད། ང་ཚོའི་ཕྱོགས་ཀྱི་ཁ་ཆེ་པ་དང་ང་ཚོའི་བར་གནའ་སྔ་མོ་ནས་མཐུན་ལམ་དང་འབྲེལ་བ་ཤིན་ཏུ་བཟང་པོ་ཡོད།དཔེར་ན།ཁ་ཆེ་བ་ཚོས་ས་གནས་ཀྱི་བོད་མི་ཚོ་དང་སྐྱིད་སྡུག་གཅིག་ལྟ་བུ་བྱས་ཏེ་ང་ཚོ་ལ་ལོ་སར་འབུལ་བ་དང༌། ཆིབས་བསུ་ཇ་ཐབ་ཞུ་བ་སོགས་ལུང་པའི་བྱེད་སྒོ་ཡོངས་རྫོགས་ས་གནས་བོད་མི་རྣམས་དང་གཅིག་མཚུངས་བྱེད་ཀྱི་རེད། ས་གནས་ཀྱི་ཁ་ཆེ་ཚོ་དང་ང་ཚོའི་བར་འགལ་བ་གཏན་ནས་བྱུང་མྱོང་མེད།འབྲེལ་བ་ཤིན་ཏུ་ཡག་པོ་ཡོད། རྣམ་པ་ཚོ་དེ་རིང་ཆོས་བརྒྱུད་ཅིག་གི་སྐུ་ཚབ་ལྟ་བུ་ཞུས་ཏེ་འདིར་དངོས་སུ་ཕེབས་ཐུབ་པར་དགའ་པོ་བྱུང་ལ། མ་འོངས་པར་ཡང་སོ་སོའི་འགན་དུ་བབས་པའི་ལས་དོན་ཐོག་ཧུར་བརྩོན་གནང་རོགས་ཞེས་ཞུ་འདོད་བྱུང༌།

          མའོ་ཙེ་ཏུང་གིས་རྒྱ་ནག་གི་གཞོན་ནུ་ཚོ་ལ་གསུང་བཤད་ཅིག་གནང་བའི་སྐབས།འཛམ་བུ་གླིང་འདི་ང་ཚོའི་རེད་ལ་ཁྱོད་ཚོའི་ཡང་རེད། དོན་ངོ་མར་བཤད་ན་འཛམ་གླིང་ཁྱོད་ཚོའི་རེད། ཅེས་བཤད་ཡོད།དངོས་ཡོད་གནས་ཚུལ་ལ་བོད་མིའི་སྒྲིག་འཛུགས་དང་བོད་མི་རིགས་ཀྱི་གནས་སྟངས་འདི་མ་འོངས་པར་གང་འདྲ་ཞིག་ཏུ་ཆགས་མིན་གྱི་འགན་གཙོ་བོ་ཁྱེད་ཚོ་གཞོན་ནུ་ཚོའི་ལག་ཏུ་ཡོད་པ་རེད། བོད་ཀྱི་གཞོན་ནུ་ཚོའི་ཤེས་ཡོན་སློབ་སྦྱོང་དང་ལས་དོན་ཡག་པོ་ཞིག་བྱུང་བ་ཡིན་ན། བོད་སྤྱི་པ་དང་བོད་ཀྱི་མ་འོངས་པ་ཡག་པོ་ཡོང་གི་རེད།

          གཞོན་ནུ་ཚོས་ཕྱི་ལ་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བ་ནང་བཞིན་གཞོན་ནུའི་ནང་ཁུལ་ལ་ཡང་ལས་འགུལ་སྤེལ་དགོས་ཀྱི་འདུགསྐད་ཡིག་དང་རིག་གཞུང་སོགས་ཀྱི་ཐོག་ལས་འགུལ་སྤེལ་དགོས་ཀྱི་འདུག་ཅེས་སྔོན་མ་གཞོན་ནུའི་ཚོགས་ཐོག་ཐེངས་འགའ་ཤས་ཞུས་མྱོང༌། དཔེར་ན། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང༌། ཡ་རབས་སྤྱོད་བཟང་གིས་མཚོན་པའི་གཞོན་ནུའི་ནང་ཁུལ་ལ་གཞོན་ནུ་ཚོས་འགན་བླངས་ཏེ་ལས་འགུལ་སྤེལ་དགོས་པ་ཤིན་ཏུ་མང་པོ་འདུག ཆབ་སྲིད་ཀྱི་ལས་འགུལ་གལ་ཆེན་པོ་རེད་དེ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་ཡ་རབས་སྤྱོད་བཟང་རྒྱུན་གནས་ཡོང་བ་སོགས་ཀྱི་དོན་དུ་གཞོན་སྐྱེས་ནང་ཁུལ་ལ་ལས་འགུལ་སྤེལ་དགོས་པ་ཡང་ཤིན་ཏུ་ཛ་དྲག་དང་གལ་ཆེན་པོ་རེད།

          དེང་སང་བོད་ཕྱི་ནང་གཉིས་ཀ་ནས་གཞོན་སྐྱེས་ཤེས་ཡོན་ཡོད་མཁན་མང་པོ་ཞིག་འཚར་ལོངས་ཡོང་བཞིན་འདུག སྔ་མོ་ང་ཚོ་ཐོག་མར་རྒྱ་གར་ལ་ཐོག་མར་སླེབས་པའི་སྐབས་སྐད་ཡིག་འདྲ་མིན་ཤེས་མཁན་ཤིན་ཏུ་དཀོན་པོ་རེད། དབྱིན་ཇིའི་སྐད་ཡིག་གནས་ཚད་སྐྱོ་པོ་ཞིག་མ་གཏོགས་མི་ཤེས་མཁན་ཞིག་ཡིན་ན་ཡང་རང་བཞིན་གྱིས་མཐོང་ཆེན་པོ་ལྟ་བུ་བྱས་ཏེ་ལས་ཀ་སྤྲོད་དགོས་པར་ཆགས་ཀྱི་ཡོད། དེང་སང་ཕྱི་རྒྱལ་ཁག་གི་སློབ་གྲྭ་སྙན་གྲགས་ཅན་དེ་ཚོའི་ནང་ནས་བོད་རིགས་གཞོན་སྐྱེས་མང་པོ་ཞིག་གིས་སློབ་སྦྱོང་ལེགས་པོ་ཐོན་གྱི་ཡོད་པ་རེད་ལ། བོད་ནང་ནས་ཡིན་ན་ཡང་སློབ་སྦྱོང་སྣ་ཚོགས་པའི་ཐོག་ཤེས་ཡོན་གྱིས་ལས་ཀ་བྱེད་ཐུབ་མཁན་མང་པོ་ཞིག་ཡོང་གི་འདུགདཔེར་ན། བོད་ནང་དུ་ཨ་མདོའི་བརྙན་འཕྲིན་ཟེར་བ་ཞིག་ཡོད་པ་དེའི་ལས་ཀ་བྱེད་མཁན་རྣམས་ཀྱི་མིང་ཐོའི་ནང་རྒྱ་མིའི་ལས་བྱེད་རེ་ཟུང་ལས་མེད། ལས་རིགས་མི་འདྲ་བ་སོ་སོའི་ནང་གི་བྱ་བ་ཡོངས་རྫོགས་ཐོག་དེང་སང་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་བྱ་བ་སྒྲུབ་ཐུབ་ཀྱི་ཡོད་འདུག ཨ་མདོ་དང་བསྡུར་ན་ལྷ་ས་དང་ཁམས་ཀྱི་ཕྱོགས་སུ་བོད་རིགས་གཞོན་སྐྱེས་ཚོ་ལས་ཀའི་ནང་དེ་ཙམ་མང་པོ་མེད་པ་ལྟ་བུ་འདུགདོན་ངོ་མར་ལྷ་ས་དང་ཁམས་ཕྱོགས་སུ་བོད་རིགས་ཤེས་ཡོན་ཅན་དང་ནུས་པ་ཅན་མེད་པ་མ་ཡིན་ཡང༌།ས་གནས་གཞུང་གི་ལས་བྱེད་ཀྱིས་ལས་ཀ་གོ་སྒྲིག་བྱེད་སྟངས་མ་འདྲ་བའི་ཁྱད་པར་ཡིན་རྒྱུ་རེད་བསམ།

          བོད་རིགས་གཞོན་ནུ་ཚོས་སློབ་སྦྱོང་བྱེད་པའི་སྐབས་རང་གི་མི་ཚེའི་འཚོ་བ་འཁྱོལ་ཐབས་རྐྱང་པ་ལ་བསམ་བློ་མི་གཏོང་བར། རང་གི་མི་རིགས་དང་ས་གནས་ལ་གང་དགོས་མཁོ་ཆེ་བ་དང་ཕན་ཐོགས་ཆེ་བ་ཡོད་མེད་ལ་བསམ་བློ་གཏོང་དགོས་ཀྱི་འདུགདཔེར་ན། དེང་སང་བོད་པ་མང་པོ་ཞིག་གིས་ཨ་རིར་ཕྱིན་པ་ཡིན་ནད་གཡོག་གི་ལས་ཀ་རག་བདེ་པོ་འདུག་ཅེས་ནད་གཡོག་གི་སློབ་སྦྱོང་བྱེད་ཀྱི་ཡོད།མ་འོངས་པར་གནས་སྟངས་དེ་འདྲ་མ་ཡིན་པར་བོད་མི་མང་ལ་སློབ་སྦྱོང་གང་གི་ཐོག་ནས་གང་དུ་སྟོང་ཆ་ལྷག་འདུག སློབ་སྦྱོང་གང་གི་ཕྱོགས་ནས་འཐུས་ཤོར་འགྲོ་གི་འདུག་ཅེས་རྒྱ་ཆེ་ས་ལ་བསམ་བློ་བཏང་ནས་སློབ་སྦྱོང་བྱ་དགོས་པ་དེ་གལ་ཆེན་པོ་རེད།འདིའི་ཐོག་གཞོན་ནུ་ཚོགས་པའི་ངོས་ནས་འཆར་འགོད་དང་སྐུལ་སློང་ཡང་དག་པ་ཞིག་བྱེད་ཐུབ་པ་ཡིན་ན་མ་འོངས་པར་རྒྱ་ཆེ་ས་ནས་ཕན་ཐོགས་ཡོང་གི་རེད་བསམ།

          མདང་ནུབ་བོད་ལྗོངས་བརྙན་འཕྲིན་ནང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མིའི་ཚོགས་འདུའི་སྐོར་སྟོན་གྱི་འདུགཚོགས་ཆེན་དེའི་གནས་སྟངས་རྣམ་པ་ཚོར་ཞུ་འདོད་བྱུང༌། སྔོན་མ་ཡིན་ན་རྒྱ་ནག་གཞུང་གི་ཚོགས་འདུ་གང་འདྲ་ཞིག་ཡིན་ན་ཡང་གྱོན་ཆས་ནག་པོ་དང༌། ཚོགས་ཁང་ནང་གི་ཚོས་གཞི་ཡོངས་རྫོགས་དམར་པོ་བྱེད་ཀྱི་ཡོད། གལ་སྲིད་བོད་པ་བོད་ཆས་གྱོན་མཁན་འགའ་ཤས་ཡོད་པའི་དབང་དུ་བྱས་ཀྱང་ཆེད་མངགས་ྋརྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཀྱི་ལྡོག་ཕྱོགས་ཁོ་ན་བྱས་ཏེ་གཟིག་ལྤགས་དང་ཝ་ཞྭ་གྱོན་བསྡད་པ་ཤ་སྟག་ཡིན། ད་རེས་ཀྱི་ཚོགས་འདུའི་ནང་བོད་རིགས་ན་གཞོན་འགའ་ཤས་ཀྱིས་བོད་ལྭ་གྱོན་འདུག་ཀྱང༌། ཝ་ཞྭ་དང་སྲམ་ལྤགས་གྱོན་མཁན་གཅིག་ཀྱང་མཐོང་རྒྱུ་མི་འདུག་ལ། ཚོགས་ཁང་ཡང་སྔོན་མ་བཞིན་དམར་པོ་མ་ཡིན་པའི་ཚོས་གཞི་གཞན་པ་ཞིག་བྱས་འདུག འོན་ཀྱང་བོད་རིགས་རྒན་པ་འགའ་ཤས་ཀྱིས་རྒྱ་ཆས་ནག་པོ་དང་སྔོན་པོ་གྱོན་འདུག་ལ།ལྷག་པར་དུ་རྒན་གྲས་འགའ་ཤས་ཀྱིས་སྔ་མོའི་མའོ་ཙེ་ཏུང་གི་ཆས་གོས་ལྟ་བུ་ཞིག་གྱོན་ནས་སླེབས་འདུག འདིའི་ཐོག་ནས་མི་ཞིག་གི་བསམ་བློའི་ནང་གི་འགྱུར་བ་དང་བོད་ཀྱི་གནས་སྟངས་ཤིག་བསྟན་གྱི་ཡོད་དུས། ང་ཚོས་བོད་ནང་གི་གནས་སྟངས་དང་འགྱུར་བ་ལ་ཕྱོགས་མང་པོ་ནས་བལྟས་ཏེ་རྒྱུས་ལོན་གནང་དགོས་ཀྱི་འདུག ངས་གོང་དུ་ཞུས་པའི་བོད་ཆས་གྱོན་མཁན་འདི་ཚོ་ཆོས་དད་ཅན་དེ་འདྲ་ཡིན་མིན་མི་ཤེས་ཀྱང༌། ཚོགས་འདུའི་ཐོག་བོད་ལྭ་གྱོན་དགོས་ཀྱི་འདུག་སྙམ་པའི་བསམ་ཚུལ་ཞིག་ཁོང་ཚོ་ལ་རང་བཞིན་གྱིས་ཡོང་གི་ཡོད་པ་གསལ་པོ་རེད། རྒན་པའི་རིགས་ཤིག་གིས་ད་དུང་ཡང་མཁྲེགས་བཟུང་བྱས་ནས་སྔ་མོའི་རྣམ་འགྱུར་དང་གནས་སྟངས་ལ་འགྱུར་བ་གཏོང་འདོད་བྱེད་ཀྱི་ཡོད་པ་མ་རེད། ཚོགས་ཁང་གི་ཚོས་གཞི་དང་ཚོགས་མི་ཚོའི་གྱོན་ཆས་འདི་རིགས་འཆར་གཞི་མེད་པ་དང་ལག་པར་གང་ཡོང་བྱས་པ་དེ་འདྲ་མ་ཡིན་པར་འཆར་གཞི་ཡོད་པའི་ཐོག་ནས་བྱས་ཡོད་པ་གསལ་པོ་རེད།རྣམ་པ་ཚོས་འདི་འདྲའི་ཐོག་ནས་ཀྱང་དགོངས་པ་བཞེས་དགོས་པའི་གནད་དོན་ཞིག་ཡོད་པ་རེད་བསམ།

          མཐའ་མར་ཞུ་འདོད་པ་ཞིག་ལ། ང་ཚོའི་གཞོན་ནུ་རྣམས་ཀྱིས་སྐད་ཆ་ཤོད་སྟངས་ཀྱིས་མཚོན་པའི་ཡ་རབས་སྤྱོད་བཟང་གི་ཐོག་ལ་ཐུགས་སྣང་གནང་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད། བོད་ཕྱི་ནང་གཉིས་ཀ་ནས་གཞོན་ནུ་ཚོའི་རྒྱུན་གྱི་སྤྱོད་ལམ་གྱི་ཐོག་འཐུས་ཤོར་དང་ཉམས་ཆག་ཕྲན་བུ་ཡོང་གི་ཡོད་པའི་མཐོང་ཚུལ་བྱུང༌། ཐ་མག་ངན་པ་དང་རྫས་ངན་གྱི་རིགས་བཟའ་བཏུང་གིས་མཚོན་པའི་སྤྱོད་ལམ་ངན་པ་མང་པོ་ཞིག་ཡོང་གི་འདུགབོད་ནང་ལ་མཚོན་པ་ཡིན་ན་ང་ཚོས་ནུས་པ་གང་ཐོན་གྱིས་འབད་བརྩོན་བྱེད་ཁུལ་བྱས་ཀྱང་ས་གནས་ཡོངས་རྫོགས་རྒྱ་ལག་ཏུ་ཡོད་པ་ཡིན་དུས་འདོད་པ་ཁེངས་པའི་ཕན་ཐོགས་ཤིག་ཡོང་ཐུབ་ཀྱི་མི་འདུགཡིན་ན་ཡང་བཙན་བྱོལ་ནང་ང་ཚོའི་ལག་པས་སྙོབས་ས་ན་ཡོད་པ་འདི་རིགས་ལ་རྣམ་པ་ཚོས་འགན་བླངས་ཏེ་བསླབ་བྱ་དང་ལམ་སྟོན་གནང་དགོས་པ་འདི་གལ་ཆེན་པོ་རེད།

གཙོ་ཆེ་ཤོས་དེ་ྋརྒྱལ་བ་རིན་པོ་ཆེས་དགུང་ལོ་བཅུ་དྲུག་ནས་བཟུང་སྟེ་དགུང་ལོ་བརྒྱད་ཅུ་ཐམ་པར་ཕེབས་པའི་བར་བོད་སྤྱི་པའི་དོན་ལ་དགོངས་པ་བཞེས་ནས་ཕྱག་ལས་གནང་བ་རེད། སྲིད་སྐྱོང་བསྐོ་བཞག་ཟིན་པའི་རྗེས་ཐེངས་ཤིག་ྋརྒྱལ་བ་རིན་པོ་ཆེས།སྔོན་མ་ང་གནམ་གྲུའི་ནང་མང་པོ་ཕེབས་བཞུད་སྐབས་གལ་སྲིད་གནམ་གྲུ་ལ་གནས་ཚུལ་ངན་པ་ཞིག་བྱུང་བ་ཡིན་ན་བོད་སྤྱི་པའི་ལས་དོན་འདི་གང་འདྲ་ཆགས་ཡོང་བསམ་པའི་སེམས་ཁྲལ་ཞིག་ཡོང་གི་ཡོད། དེང་སང་ང་ལ་སེམས་ཁྲལ་དེ་མི་འདུག་ཅེས་བཀའ་གནང་མྱོང་ཡོད། བོད་སྤྱི་པའི་ལས་དོན་ཐོག་ད་ལྟའི་བར་དུ་འགན་བཞེས་ནས་ཐུགས་ཁྲལ་གནང་བ་ཡིན་དུས། རྣམ་པ་ཚོས་ྋརྒྱལ་བ་རིན་པོ་ཆེའི་བཀའ་དྲིན་མ་བརྗེད་པའི་ཐོག་ནས་ྋརྒྱལ་བ་རིན་པོ་ཆེས་གསུངས་པའི་བསླབ་བྱ་ཁག་ལ་སློབ་སྦྱོང་བྱས་ཏེ་ལག་ལེན་བསྟར་ཐུབ་པ་ཞིག་བྱེད་དགོས། མ་འོངས་པར་ྋརྒྱལ་བ་རིན་པོ་ཆེ་སྐུ་དངོས་སུ་མ་བཞུགས་པའི་སྐབས་སུ་ཡིན་ན་ཡང་ྋརྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཀྱི་དགོངས་དོན་ཁག་ང་ཚོས་ལག་བསྟར་ཞུ་དགོས་པ་དེ་བོད་མི་ཡོངས་རྫོགས་ཀྱི་ལས་འགན་ཡིན་དུས། ང་ཚོས་རང་གི་ཕྲག་པའི་སྟེང་དུ་བབས་པའི་ལས་འགན་ཁྱོགས་ཐུབ་པ་ཞིག་བྱ་དགོས་པ་རེད་ཅེས་རྣམ་པ་ཚོར་ནན་ཏན་ཆེན་པོས་ཞུ་བཞིན་ཡོད། ཐུགས་རྗེ་ཆེ།" ཞེས་གསུངས། 

           

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.