2016.12 003༄༅།། དེ་རིང་ང་ཚོ་འདིར་འཛོམས་ནས་སྐད་ཆ་ཚིག་གཅིག་གཉིས་ཤིག་བཤད་ན་ཞེས་འདི་གའི་འབྲེལ་ཡོད་དང༌། བོད་ནས་གསར་དུ་འབྱོར་བའི་མང་ཚོགས་ཀྱིས་རེ་སྐུལ་བྱུང་བ་བཞིན་ངས་ཚིག་འགའ་ཤས་བཤད་འདོད་བྱུང༌། ང་དང་ཐུན་མོང་མ་ཡིན་པའི་འབྲེལ་ཡོད་ས་གནས་སྣ་ཚོགས་ནས་ཡོང་བའི་མི་སྣ་རྒན་གཞོན། སྐྱ་སེར། བླ་སྤྲུལ། མཁན་ཟུར་སོགས་ཡུལ་ལུང་སོ་སོའི་འཐུས་མི་བྱེད་ཐུབ་ངེས་ལྟ་བུའི་མི་

སྣ་མང་པོ་ཞིག་དེ་རིང་འདིར་འཛོམས་འདུག བླ་སློབ་རྣམས་ཁ་བྲལ་ནས་དུས་ཡུན་རིང་པོ་ཕྱིན་པའི་རྗེས་སུ་དེ་རིང་ངོ་འཛོམས་པའི་སྐབས་འདིར་ངས་ཚིག་འགའ་བཤད་ཐུབ་པ་ཡིན་ན་ངའི་ངོས་ནས་འབྲེལ་ཡོད་ཚོར་ངའི་བསམ་ཚུལ་བཤད་ཐུབ་སོང་བསམ་པའི་བློ་བདེ་བ་ཞིག་དང༌། རྣམ་པ་ཚོའི་ངོས་ནས་ཀྱང་རིན་པོ་ཆེའི་གསུང་ལ་ཉན་པ་ཡིན་བསམ་པའི་དགའ་བ་ཞིག་ཡོང་གི་རེད།

                སྔོན་མ་དང་བསྡུར་ན་དེང་སྐབས་རྒྱ་ནག་གཞུང་གི་སྲིད་བྱུས་ཅུང་གུ་ཡངས་པོར་གྱུར་ཡོད། སྔོན་མ་རྒྱ་གར་དུ་ཡོང་བའི་སྐབས་རི་ལུང་དང་གངས་རི་མང་པོ་བཙན་གྱིས་བརྒལ་ནས་བྲོས་བྱོལ་དུ་ཡོང་དགོས་པ་མ་གཏོགས། གནམ་གྲུ་དང་རླངས་འཁོར་བརྒྱུད་དེ་ཡོངས་གྲགས་ཀྱིས་ཡོང་ཐུབ་པའི་གོ་སྐབས་མེད་ནའང༌། དེང་སང་རྒྱ་གཞུང་གི་ཁྲིམས་མཐུན་གྱི་ལམ་ཡིག་འཁྱེར་ནས་རྒྱ་གར་དུ་ཡོང་ཐུབ་ཀྱི་ཡོད་དུས་སྔོན་མ་དང་བསྡུར་ན་རང་དབང་གི་གནས་སྟངས་ཕྲན་བུ་ཡག་པོ་ཡོད་པ་ནི་དངོས་ཡོད་གནས་ཚུལ་རེད། ཅུང་གུ་ཡངས་པོའི་གནས་སྟངས་འདིའི་འོག་ནས་ཁྱེད་ཚོ་འདིར་ཡོང་ནས་ང་ཚོ་ངོ་ཐུག་ཐུབ་པ་བྱུང་བ་རེད་ལ། མ་འོངས་པར་ཡང་མུ་མཐུད་རྒྱ་ནག་གཞུང་གི་སྲིད་བྱུས་གུ་ཡངས་ཀྱི་གནས་སྟངས་ཇེ་བཟང་དུ་གྱུར་པ་ཡིན་ན་ང་ཡང་ཕ་ཡུལ་དུ་དགོན་གྲོང་མང་ཚོགས་རེ་བ་ཅན་ཚོར་ངོ་ཐུག་པར་ཡོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

                དུས་འཁོར་དབང་ཆེན་ཞུ་མཁན་གྱི་གྲས་ནས་ཁག་ཅིག་དུས་འཁོར་དབང་ཆེན་མ་ཞུས་པའི་སྔོན་དུ་ཕ་ཡུལ་ལ་མ་ལོག་ཐུ་མེད་ཀྱི་གནས་སྟངས་སུ་གྱུར་ཡོད། རིགས་ཤིག་གིས་དུས་འཁོར་དབང་ཆེན་ལ་སྡོད་ཐུབ་ཨེ་ཡོང་སྙམ་པའི་རེ་བ་ཞིག་གི་ཐོག་སེམས་ཚབས་ངང་གནས་ཡོད།

                རྒྱ་ནག་གཞུང་གི་ལས་བྱེད་འགའ་ཤས་ཀྱིས་ྋརྒྱལ་བ་རིན་པོ་ཆེའི་སྐུ་མདུན་ནས་དུས་འཁོར་དབང་ཆེན་ཞུས་ན་མི་འགྲིག མགྱོགས་མྱུར་ཕྱིར་ཡོང་དགོས་པ་མ་གཏོགས་ཆད་པ་གཅོད་ཀྱི་ཡིན་ཞེས་བཤད་པའི་སྐད་ཆ་འདི་ནི། བོད་ཀྱི་རིག་གཞུང་དང་བོད་མིའི་སེམས་ཁམས་ཀྱི་གནས་སྟངས་ལ་རྒྱུས་མངའ་མེད་པའི་རྒྱ་མིའི་དཔོན་རིགས་འགའ་ཤས་ཀྱིས་རང་བསམ་གྱིས་བཤད་པ་ཞིག་མ་གཏོགས། རྒྱ་ནག་དབུས་གཞུང་གི་བཀའ་ཡིན་པར་ངས་ངོས་འཛིན་བྱེད་ཀྱི་མེད་ནའང་རིགས་ཤིག་མགྱོགས་མྱུར་གྱིས་ཕྱིར་ཕ་ཡུལ་དུ་མི་འགྲོ་ཐབས་མེད་རེད། ཉིན་ཤས་ཀྱི་གོང་དང་ད་ནངས་ཞོགས་པར་ྋརྒྱལ་བ་རིན་པོ་ཆེས་བོད་ནས་གསར་དུ་འབྱོར་མཁན་ཁྱེད་ཚོ་ལ་དམིགས་བསལ་མཇལ་ཁ་དང་བཀའ་ཆོས་གནང་ཡོད་པར་མ་ཟད། ཆོས་དང་སྲིད། ཚེ་འདི་ཕྱི་གཉིས་ཀ་ལ་ཕན་ཐོགས་ཡོད་པ་དང་བསམ་བློ་གཏོང་ས་ཡོད་པའི་ལམ་སྟོན་བཀའ་སློབ་ཤིན་ཏུ་ཟབ་པོ་གནང་བ་དེ་ལས་ལྷག་ཅིག་མེད། དུས་འཁོར་དབང་ཆེན་ཞུ་ཐུབ་པའི་དབང་དུ་བྱས་ཀྱང་རང་གི་ངོས་ནས་ལག་ལེན་དུ་མ་བསྟར་ན་དུས་འཁོར་དབང་ཆེན་ཐོབ་དང་མ་ཐོབ་ལ་ཁྱད་པར་ཆེན་པོ་ཡོད་ཀྱི་མ་རེད། ྋརྒྱལ་བ་རིན་པོ་ཆེས་ཁྱེད་ཚོ་ལ་ཆེད་དུ་གཉེར་ནས་བཀའ་སློབ་གནང་བ་དེ་དག་ལག་ལེན་དུ་བསྟར་བ་ཡིན་ན། རང་གི་ཚེ་འདི་དང་ཕྱི་མ། བོད་སྤྱི་བའི་དོན་དག་བཅས་ཀྱི་ཐོག་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད། བཀའ་སློབ་དེ་དག་རང་རང་སོ་སོའི་རྒྱུན་གྱི་འཚོ་བའི་ནང་ལག་བསྟར་བྱས་པ་ཡིན་ན་ྋརྒྱལ་བ་རིན་པོ་ཆེའི་མདུན་དུ་བཅར་ནས་མཇལ་ཁ་དང་བཀའ་སློབ་ཞུས་པ་ལ་ཕན་ཐོགས་བྱུང་བ་རེད།

                ྋརྒྱལ་བ་རིན་པོ་ཆེས། དུས་འཁོར་དབང་ཆེན་ལ་སྡོད་མི་ཐུབ་མཁན་ཚོ་རང་རང་གི་ངོས་ནས་སྨོན་ལམ་ཡག་པོ་བརྒྱབས་ན་ཁོང་གིས་དབང་གྲལ་ལ་ཚུད་པར་གནང་གི་ཡིན་ཞེས་ཞལ་བཞེས་གནང་ཡོད་དུས། ང་དུས་འཁོར་དབང་ཆེན་ལ་སྡོད་ཐུབ་མ་སོང་བསམས་ནས་བློ་འགྱོད་མི་བྱེད་པར་རང་རང་གི་ངོས་ནས་གསོལ་བ་སྨོན་ལམ་ཡག་པོ་རྒྱབ་ཐུབ་ན་ྋརྒྱལ་བ་རིན་པོ་ཆེས་ཞལ་བཞེས་གནང་བ་ལྟར་དབང་གི་བྱིན་རླབས་ཐོབ་ཐུབ་པར་ཐེ་ཚོམ་མི་དགོས་པ་ཞིག་རེད། ཁྱེད་ཚོ་འདིར་དུས་འཁོར་དབང་ཆེན་ལ་བསྡད་པའི་རྐྱེན་གྱིས་ས་གནས་རྒྱ་ནག་གཞུང་གི་ལས་བྱེད་ཚོས་ཁྱེད་ཚོར་དྲི་རྩད་བྱེད་པ་དང་དཀའ་ངལ་སྣ་ཚོགས་སྤྲད་བསྡད་པ་ཡིན་ན། ང་ཚོ་འདིར་སྡོད་མཁན་ཚོ་བློ་བདེ་བོ་དང་སེམས་སྐྱིད་པོ་ཞིག་གཏན་ནས་ཡོང་གི་མ་རེད།2016.12 002

                དུས་འཁོར་དབང་ཆེན་ལ་སྡོད་མཁན་ཚོ་ཡིན་ན་ཡང་སེམས་ནང་ལ་ཞེ་སྣང་དང་དངངས་སྐྲག་ཅིག་རང་བཞིན་གྱིས་ཡོད་དུས། དུས་འཁོར་དབང་ཆེན་ཞུས་ནས་ཕྱིར་ཕ་ཡུལ་དུ་སླེབས་པའི་སྐབས། ས་གནས་ལས་བྱེད་པས་དགོས་མེད་ཀྱི་དཀའ་ངལ་སྣ་ཚོགས་མི་བཟོ་བའི་རེ་བ་ཞིག་ངས་བྱེད་ཀྱི་ཡོད། གོང་རིམ་ཞིག་ནས་སླེབས་པའི་བཀའ་ཡིན་ན་འབྲེལ་ཡོད་མང་ཚོགས་ལ་བཤད་དགོས་པ་ས་གནས་ལས་བྱེད་པའི་འགན་ཡིན་པས་གོང་རིམ་གྱི་བཀའ་སྒྲུབ་དགོས་ནའང༌། ས་གནས་ཀྱི་ལས་བྱེད་མང་ཆེ་བ་བོད་རིགས་ཤ་སྟག་ཡིན་དུས་བོད་མི་རིགས་ཀྱི་སེམས་ཁམས་དང་ཡུལ་གོམས་གཤིས་ལུགས་ལ་རྒྱུས་མངའ་གསལ་པོ་ཡོད་དུས། ཁྱེད་ཚོས་ྋརྒྱལ་བ་རིན་པོ་ཆེའི་མདུན་ནས་དུས་འཁོར་དབང་ཆེན་ཞུས་འདུག་ཟེར་ནས་མང་ཚོགས་ཐོག་དམ་དྲག་བྱས་པ་ཡིན་ན་གཞུང་སྒེར་གཉིས་ཀ་ལ་ཕན་ཐོགས་ཡོད་མེད་གསལ་པོ་མཁྱེན་གྱི་རེད།

                ས་གནས་བོད་རིགས་ལས་བྱེད་པ་རྣམས་ཀྱིས། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་བོད་མིའི་སེམས་ཁམས་ཀྱི་གནས་སྟངས་ལ་རྒྱུས་མངའ་མེད་པའི་རྒྱ་རིགས་ལས་བྱེད་ཚོས། རྒྱའི་ལྟ་ཕྱོགས་དང་མཐོང་ཚུལ་རྐྱང་པའི་ཐོག་ནས་བོད་མིའི་ཐོག་དམ་དྲག་བྱས་པ་འདི་ཕན་ཐོགས་མེད་པར་མ་ཟད། དེས་བོད་མི་རྣམས་རྒྱ་ནག་གཞུང་ལ་དགའ་པོ་མེད་པའི་རྒྱུར་འགྱུར་སྲིད་ལ། བོད་རིགས་མང་ཚོགས་ཀྱིས་རྒྱ་ནག་གཞུང་དང་རྒྱ་གཞུང་གི་ལས་བྱེད་གཉིས་ཀའི་བཀའ་ལ་ངོས་ལེན་མི་བྱེད་པའི་དཀའ་ངལ་བྱུང་བ་ཡིན་ན་འདིས་རྒྱ་བོད་གཉིས་ཀའི་མཐུན་ལམ་དང་ཡར་རྒྱས་ལ་གནོད་སྐྱོན་བྱེད་པ་མ་གཏོགས། རྒྱ་གཞུང་ལ་ཕན་ཐོགས་གང་ཡང་མེད་པའི་དངོས་ཡོད་གནས་ཚུལ་དེ་རྒྱ་རིགས་ལས་བྱེད་པར་ངོ་སྤྲོད་བྱ་དགོས་པ་འདི་གལ་ཆེན་པོ་རེད།

ང་ལྟ་བུར་མཚོན་ན་རྒྱ་ནག་གཞུང་ལ་མ་དགའ་བའི་ཐོག་ནས་ངོ་རྒོལ་དང་སྐྱོན་བརྗོད་གཏན་ནས་བྱེད་ཀྱི་མེད་ནའང་གཞུང་གི་ལས་བྱེད་ཚོའི་ལས་ཀ་བྱེད་སྟངས་འགྲིག་གི་མེད་པའི་རིགས་ལ་ཁ་གསལ་པོ་བྱས་ནས་འདི་དང་འདི་འགྲིག་གི་མི་འདུག་ཅེས་ཤོད་ཀྱི་ཡོད། དངོས་ཡོད་གནས་ཚུལ་གྱི་ཐོག་ནས། བོད་ཀྱི་ས་ཁུལ་དུ་ཡོད་པའི་རྒྱ་རིགས་ལས་བྱེད་ཚོས་ལས་ཀ་བྱེད་སྟངས་ལ་མ་འགྲིག་པའི་ནོར་འཁྲུལ་བྱས་ཡོང་དུས་བོད་རིགས་ལས་བྱེད་རྣམས་ཀྱིས་གནས་ལུགས་དང་རྒྱུ་མཚན་ངོ་སྤྲོད་བྱ་དགོས་པ་ནི་རང་ཉིད་བོད་མི་ཞིག་དང་རྒྱ་གཞུང་གི་ལས་བྱེད་ཅིག་ཡིན་པའི་ལས་འགན་རེད།

                རྒྱ་ནག་གཞུང་གི་སྲིད་བྱུས་ནི་ད་ལྟའི་བར་དམ་དྲག་ཁོ་ནའི་ཐོག་ནས་ཕྱིན་པ་རེད། འདི་འདྲའི་དམ་དྲག་བྱེད་དགོས་པའི་རྒྱུ་མཚན་ནི། གལ་སྲིད་དམ་དྲག་མ་བྱས་པ་ཡིན་ན་རང་གི་དབང་སྒྱུར་འོག་ཏུ་ཡོད་པའི་མི་རྣམས་ཁ་འཐོར་དུ་འགྲོ་ཡོང་བའི་ཞེད་སྣང་ཞིག་གི་ཐོག་ནས་དམ་དྲག་བྱས་པ་རེད། སྲིད་བྱུས་དམ་དྲག་བྱས་པ་ཙམ་གྱིས་རྒྱལ་ཁབ་དང་མི་རིགས་ཀྱི་མཐུན་སྒྲིལ་བརྟན་པོ་དང་ཞི་བདེ་ལྷིང་འཇགས་ཤིག་ཡོང་མི་སྲིད། དེ་ལས་རྒྱལ་ཁབ་གཞུང་གིས་མི་མང་ཐོག་དམ་དྲག་མི་བྱེད་པར་བྱམས་བརྩེས་བསྐྱངས་པ་ཡིན་ན་རྒྱལ་ཁབ་མི་མང་ལ་ཡིད་ཆེས་པ་དང༌། མི་མང་གིས་རྒྱལ་ཁབ་ལ་དགའ་ཞེན་དང་ཡིད་ཆེས་བཅོས་མ་ཡིན་པ་བྱེད་ཐུབ་པ་ཞིག་རང་བཞིན་གྱིས་ཡོང་རྒྱུ་ཡིན་པ་ཆོས་ཉིད་རེད། བཙན་དབང་དང་དམ་དྲག་གི་སྲིད་བྱུས་རྐྱང་པས་གཞུང་གིས་མི་མང་ལ་ཡིད་ཆེས་པ་དང༌། མི་མང་གིས་གཞུང་ལ་ཡིད་ཆེས་དང་དགའ་ཞེན་ཡོང་བ་ཞིག་གཏན་ནས་བཟོ་མི་ཐུབ། དམ་དྲག་མེད་པར་གནས་ལུགས་དང་རྒྱུ་མཚན་ཕར་བཤད་ཚུར་ཉན་བྱས་པ་ཡིན་ན་མི་མང་གི་སེམས་ལ་གཞུང་དེ་ངའི་གཞུང་ཡིན་སྙམ་པའི་བསམ་བློ་དང་དགའ་ཞེན་ཡོང་གི་རེད། དཔེར་ན། རྒྱ་ནག་གུང་ཁྲན་ཐེངས་དང་པོ་བོད་དུ་སླེབས་པའི་སྐབས། ཆབ་མདོ་པ་ཞིག་གིས། རྒྱ་གུང་ཁྲན་དྲིན་ཆེན་ཕ་མ་རེད། །དངུལ་ཏཱ་ཡན་ཆར་བ་འབབ་འབབ་རེད། །ཅེས་བསྟོད་གླུ་ལངས་པའི་ལོ་རྒྱུས་ཡོད། དེ་དུས་རྒྱ་ནག་གཞུང་གིས་ས་གནས་མང་ཚོགས་ལ་རོགས་པ་བྱེད་ཀྱི་ཡོད་པའི་སྲིད་བྱུས་གུ་ཡངས་ཀྱི་རྣམ་འགྱུར་བསྟན་གྱི་ཡོད་དུས་བོད་མིའི་ནང་ནས་གུང་ཁྲན་ལ་བསྟོད་གླུ་ལེན་གི་ཡོད། བཙན་དབང་དང་དམ་དྲག་གིས་མིའི་ལུས་ལ་མནར་གཅོད་གཏོང་ཐུབ་ལ། བཙོན་ཁང་དུ་འཇུག་ཐུབ། སྲོག་ཀྱང་ལེན་ཐུབ་ནའང༌། བཙན་དབང་དང་དམ་དྲག་ཁོ་ནས་མིའི་སེམས་ལ་དབང་སྒྱུར་དང་སྟངས་འཛིན་ནམ་ཡང་བྱེད་མི་ཐུབ་པ་ཆོས་ཉིད་རེད།

རྒྱ་ནག་གཞུང་གིས་སྲིད་བྱུས་གུ་ཡངས་ཀྱི་ལམ་ནས་ཁྲིམས་མཐུན་གྱི་ཕྱི་བསྐྱོད་ལག་འཁྱེར་ཞིག་སྤྲད་པ་ནང་བཞིན་དོ་བདག་སོ་སོ་རྒྱལ་ཁབ་གཞན་ཞིག་གི་ནང་དུ་སླེབས་དུས་རྒྱལ་ཁབ་དེའི་ཁྲིམས་ལྟར་འགྲོ་འདུག་གི་རང་དབང་སྤྲོད་དགོས་པ་འདི་གལ་ཆེན་པོ་རེད། རང་རང་གི་འདོད་པ་བཞིན་འགྲོ་འདུག་གི་རང་དབང་སྤྲོད་དགོས་པ་ནི་མི་དེ་ལ་ཕྱི་བསྐྱོད་ལག་འཁྱེར་སྤྲོད་ལེན་བྱེད་པའི་དགོས་དོན་ཡིན། ཕྱིར་སྐྱོད་ལག་འཁྱེར་སྤྲོད་པའི་སྐབས་ཁྱེད་ཚོ་འདི་དང་འདི་ལ་འགྲོ་ན་མི་ཆོག་ཅེས་བཀག་མེད་ནའང༌། ད་ལམ་ས་གནས་ལས་བྱེད་འགའ་ཤས་ཀྱིས་རང་སྣང་གང་དྲན་གྱིས་དམ་དྲག་དང་རྒྱལ་ཁབ་གཞན་གྱི་ནང་དུའང་བོད་མིའི་འགྲོ་འདུག་ལ་ཚོད་འཛིན་བྱེད་ཀྱི་ཡོད་པ་འདི་ཡག་པོ་མ་རེད། ས་གནས་ལས་བྱེད་པས་རྒྱལ་སྤྱིའི་ཁྲིམས་ལུགས་དང་སྤྱི་ཡོངས་ཀྱི་ཆབ་སྲིད་འགྲོ་སྟངས་ཡག་པོ་ཤེས་ཀྱི་མེད་པའི་རྟགས་མཚན་གསལ་པོ་རེད། ལས་བྱེད་པ་འགའ་ཤས་ཀྱིས་མང་ཚོགས་འགའ་ཤས་ཀྱི་ལག་ནས་ཕྱིར་སྐྱོད་ལག་འཁྱེར་འཕྲོག་སྟེ་རལ་བའི་སྐད་ཆ་ཡང་གོ་རྒྱུ་འདུག ལས་བྱེད་པའི་བྱེད་སྟངས་དེ་ངོ་ཚ་བོ་ཞིག་མ་རེད་དམ། ནག་ཉེས་མེད་པའི་མི་ཞིག་གི་ལག་ནས་ལག་འཁྱེར་ཕྱིར་འཕྲོག་ནས་རལ་ཆོག་པའི་ཐོབ་ཐང་རྒྱ་གཞུང་གིས་སྤྲད་ཡོད་དམ། རྒྱལ་སྤྱིའི་ཁྲིམས་ལུགས་དང་མི་མཐུན་པའི་བྱེད་སྟངས་འདི་དག་གི་ཐོག་ནས་བལྟས་ན་ས་གནས་ལས་བྱེད་པ་འགའ་ཤས་ཀྱིས་ཁྲིམས་དང་མི་མཐུན་པ་གང་བྱུང་མང་བྱུང་བྱེད་ཀྱི་ཡོད་པའི་རྟགས་མཚན་གསལ་པོར་མཐོང་གི་འདུག ཡིན་ན་ཡང་བོད་མིའི་ཐོག་དམ་དྲག་བྱེད་དང་མི་བྱེད་ས་གནས་ལས་བྱེད་ཚོ་ལ་རག་ལུས་ཡོད་དུས་འབྲེལ་ཡོད་ལས་བྱེད་རྣམས་ཀྱིས་དགོས་མེད་ཀྱི་དམ་དྲག་མི་བྱེད་པའི་རེ་བ་བྱེད་ཀྱི་ཡོད།

                དེང་སང་སྔོན་མ་དང་མི་འདྲ་བར་ཤེས་ཡོན་ཡོད་མཁན་གྱི་མི་རབས་གསར་པའི་ལས་བྱེད་རྣམས་གོ་གནས་ཐོག་སླེབས་པའི་སྐབས་ཁྲིམས་དང་མཐུན་པའི་ཐོག་ནས་གཞུང་མང་གཉིས་ཀ་ཡར་རྒྱས་གཏོང་བའི་ཐབས་ཤེས་བྱ་དགོས། རྒྱལ་ཁབ་དང་ས་གནས་གཉིས་ཀ་ཡར་རྒྱས་འགྲོ་བ་ལ་མིའི་སེམས་ཁམས་དང་མཐུན་པ་ཞིག་གི་ཐོག་ནས་འགྲོ་དགོས་པ་འདི་གལ་ཆེན་པོ་ཡིན་དུས། གཞུང་གི་ལས་བྱེད་རྣམས་ཀྱིས་བོད་མི་རིགས་ཀྱི་སེམས་ཁམས་ལ་གནོད་པའི་བྱ་སྤྱོད་དམ་དྲག་རིགས་མི་བྱེད་པའི་རེ་བ་ཡོད།

                ྋརྒྱལ་བ་རིན་པོ་ཆེས་རྒྱ་ནག་གཞུང་དང་མང་ཚོགས་གཉིས་ཀ་ལ་གནོད་པའི་བཀའ་སློབ་ཚིག་གཅིག་ཀྱང་གསུང་མྱོང་ཡོད་པ་མ་རེད་ལ། རྒྱ་ནག་གཞུང་དང་ས་གནས་ལས་བྱེད་ཚོས་ྋརྒྱལ་བ་རིན་པོ་ཆེས་རྒྱ་གཞུང་ལ་གནོད་པའི་སྐད་ཆ་བཤད་ཡོད་དམ་སྙམ་པའི་དོགས་པ་གཏན་ནས་བྱེད་མི་དགོས། ཐ་ན་ང་ལྟ་བུར་མཚོན་ནའང་ཁྱེད་ཚོ་ལ་ཐུག་པའི་སྐབས་རྒྱ་ནག་གཞུང་ལ་གནོད་པའི་སྐད་ཆ་ཚིག་གཅིག་ཀྱང་བཤད་མེད། ཉིན་ཤས་གོང་ནས་ཁྱེད་ཚོ་མི་རེ་རེ་བྱས་ནས་ང་ལ་ཐུག་པའི་སྐབས་སྒེར་པ་སོ་སོ་ལ་ཐད་ཀར་སྐད་ཆ་གང་ཡང་བཤད་མེད། རྒྱུ་མཚན་ནི་ཁྱེད་ཚོ་ཕ་ཡུལ་དུ་སླེབས་པའི་སྐབས་ཀིརྟི་ཚང་གིས་སྐད་ཆ་ག་རེ་བཤད་སོང་ཟེར་ནས་འབྲེལ་ཡོད་ཉེན་རྟོག་པ་སོགས་ཀྱིས་དྲི་རྩད་བྱེད་ཀྱི་ཡོད་དུས། དེ་རིང་འདིར་མང་ཚོགས་ལྷན་དུ་འཛོམས་པའི་ཐོག་ལ་ངས་བཤད་འདོད་པའི་སྐད་ཆ་རྣམས་བཤད་པ་ཡིན་ན། རྗེས་མ་ཁྱེད་ཚོ་མི་རེ་རེ་བྱས་ནས་ཀིརྟི་ཚང་གིས་ག་རེ་བཤད་ཀྱི་འདུག་ཅེས་དྲི་རྩད་བྱས་ཏེ་དཀའ་ངལ་མི་སྤྲོད་པའི་ཆེད་དུ་ཡིན།

                ྋརྒྱལ་བ་རིན་པོ་ཆེས་འདི་ཕྱི་ཀུན་ལ་དགེ་ཞིང་བསམ་བློ་གཏོང་ས་ཡོད་པའི་བཀའ་སློབ་གནང་ཡོད་དུས། བཀའ་སློབ་གང་གནང་བ་དེ་དག་སེམས་ལ་བཟུང་ནས་གང་ཐུབ་ཀྱིས་ལག་བསྟར་ཡོང་ཐབས་བྱ་དགོས་པ་འདི་གལ་ཆེན་པོ་རེད། ཆོས་ཕྱོགས་ཀྱི་སློབ་སྦྱོང་མེད་མཁན་མང་ཚོགས་ཀྱིས། ངས་ཆོས་ཤེས་ཀྱི་མེད། ཆོས་བྱེད་མི་ཤེས་ཟེར་མཁན་ཡོད་སྲིད། ྋརྒྱལ་བ་རིན་པོ་ཆེས་ཆོས་ཀྱི་སྙིང་དོན་བསྡུས་ཏེ་གསུངས་པ་ནི། མི་གཞན་ལ་ཕན་ཐོགས་བྱེད་ཐུབ་ན་ཕན་ཐོགས་བྱོས། གལ་སྲིད་མི་གཞན་ལ་ཕན་ཐོགས་བྱེད་མ་ཐུབ་ཀྱང་གནོད་མ་སྐྱེལ། ཞེས་གསུངས་ཡོད། གཞན་ལ་གནོད་པ་བྱེད་མི་ཉན་པ་དང་སེམས་པ་བཟང་པོ་བྱེད་སྟངས་ང་ཚོ་ཡོངས་རྫོགས་ཀྱིས་ཤེས་ཀྱི་ཡོད། ཆེ་ཆུང་ལ་མ་ལྟོས་པར་སེམས་པ་བཟང་པོ་ང་ཚོ་ཀུན་གྱིས་བྱེད་ཐུབ་ཀྱི་ཡོད། མི་དང་སེམས་ཅན་འབུ་སྲིན་ཚུན་ཆོད་ལ་གནོད་པ་བྱེད་མི་ཉན་པ་ང་ཚོས་ཤེས་ཀྱི་རེད། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་སྤྱོད་བཟང་ཞེས་ཁ་ནས་བཤད་པ་ཙམ་མིན་པར་དངོས་སུ་ལག་བསྟར་བྱས་པ་ཡིན་ན་ཆོས་བྱས་པ་རེད། ཆོས་བྱས་ཟེར་དུས་ཆོ་གའི་གཞུང་འདོན་ཤེས་དགོས་པ་དང་ཆོས་ཀྱི་ནང་དོན་ལ་འགྲེལ་བཤད་རྒྱག་ཤེས་དགོས་པ་དེ་འདྲ་རང་མ་རེད། རང་རང་གི་ངོས་ནས་སེམས་པ་བཟང་པོ་བྱས་ཏེ་མཎི་གཅིག་འདོན་པ་ཡིན་ན་ཡང་ཆོས་དགེ་བ་བྱས་པ་རེད།

                དེ་སྔ་དགེ་སྒྲུབ་ཤིན་ཏུ་མང་པོ་བྱས་པའི་སྒྲུབ་ཐོ་འབུལ་མཁན་མང་པོ་ཡོང་གི་འདུག དགེ་སྒྲུབ་ཆེ་ཆུང་གང་བྱས་པ་ཡིན་ནའང་དེའི་འབྲས་བུ་བཟང་པོ་ཞིག་རང་གི་ཚེ་འདི་ཕྱི་གཉིས་ཀ་ལ་ཡོད། ངས་ཀྱང་ཁྱེད་ཚོའི་དགེ་བ་དེ་དག་རྫོགས་བྱང་གི་རྒྱུར་འགྱུར་བའི་བསྔོ་བ་སྨོན་ལམ་བྱེད།

                གལ་སྲིད་གནས་སྐབས་རིང་ང་བོད་དུ་བལྟ་སྐོར་ལ་ཡོང་མ་ཐུབ་པའི་དབང་དུ་བྱས་པ་ཡིན་ན་ཡང༌། ཡ་རབས་སྤྱོད་བཟང་ལྡན་པ་དང༌། ཆེ་མཐོང་ལྡན་པ། ཚུལ་དང་མཐུན་པ་ཞིག་གི་སྒོ་ནས་བོད་ལ་ལྟ་སྐོར་དུ་ཡོང་ཐུབ་པའི་ཐབས་ཤེས་མུ་མཐུད་ནས་བྱེད་ཀྱི་རེད་ལ། ང་ཚོ་རང་གཞན་གཉིས་ཀ་ངོ་ནོངས་མི་དགོས་པ་དང༌། བག་འཁུམས་ནས་སྡོད་མི་དགོས་པ་ཞིག་གི་ཐོག་ནས་ཡོང་ཐུབ་པར་བསམ་བློ་བཏང་སྟེ་འབད་བརྩོན་བྱེད་ཀྱི་རེད།

                གལ་སྲིད་གནས་སྐབས་རིང་ང་བོད་ལ་ཡོང་མ་ཐུབ་པའི་དབང་དུ་བྱས་ནའང༌། ང་ལ་བཤད་རྒྱུ་ཡོད་པའི་སྐད་ཆ་ཡོངས་རྫོགས་ཡིག་ཐོག་ལ་བྲིས་ཏེ་དེ་སྔོན་ནས་འགྲེམས་སྤེལ་བྱས་ཡོད། དཔེར་ན། འབྲེལ་ཡོད་དགོན་སྡེ་ཁག་ལ་སྙན་སྒྲོན་བཅུ་གསུམ་སྔ་ཕྱི་བྱས་ནས་བྲིས་ཡོད། དེ་བཞིན་དུ་བཅའ་ཡིག་བློ་གསལ་འཇུག་ངོགས་ཟུར་རྒྱན་དང་བཅས་པ་བྲིས་ཡོད། དགོན་པ་ཁག་གི་ཆོས་འཆད་ཉན་དང་བསླབ་པ་སློབ་གཉེར། འགྲིག་ལམ་ཀུན་སྤྱོད་སོགས་ཤ་ཚ་རྣམ་དག་གིས་བྲིས་ཡོད། མང་ཚོགས་དཀྱུས་མ་ཚོ་ལ་དམིགས་ནས་མི་མང་དཀྱུས་མས་གོ་རྟོགས་ཐུབ་པ་དང་རྒྱུན་གྱི་འཚོ་བའི་ནང་ལག་བསྟར་བྱེད་ཐུབ་པའི་བསླབ་བྱ་སོ་གཉིས་ཞེས་པ་བྲིས་ཡོད། ང་བོད་དུ་སླེབས་པ་ཡིན་ན་ཡང་དེ་ལས་ལྷག་པ་ཞིག་ང་ལ་ཤོད་རྒྱུ་མེད། ང་གནས་སྐབས་བོད་ལ་ཡོང་མ་ཐུབ་པ་གང་ལྟར་ཡང་ངས་ཁྱེད་ཚོ་ལ་བཤད་འདོད་པའི་སྐད་ཆ་འདི་དག་ཡིན།

                བོད་ལ་ཕེབས་ནས་དུས་འཁོར་དབང་ཆེན་གནང་དགོས་ཟེར་བ་དང༌། བཀའ་ཆོས་དབང་ལུང་གནང་དགོས་ཞེས་ཞུ་མཁན་མང་པོ་ཡོང་གི་འདུག དེ་ལྟར་བྱུང་ན་ཤིན་ཏུ་ཡག་པོ་རེད་དེ་དབང་བསྐུར་ནས་མི་ཚོགས་བསྡུས་ཏེ་འབུལ་སྡུད་དང་འབུལ་འཇོག་བྱས་པ་ཙམ་གྱིས་ཕན་ཐོགས་གང་ཡང་མེད། དེ་ལས་ཁྱེད་ཚོ་རང་རང་གི་ངོ་ནས་ཉིན་རེའི་འཚོ་བའི་ནང་དགེ་བ་བཅུས་མཚོན་པའི་ངས་བཤད་པའི་སྐད་ཆ་དེ་ཚོ་ལག་བསྟར་བྱེད་ཐུབ་པ་ཡིན་ན་ཚེ་འདི་ཕྱི་གཉིས་ཀ་དང་སྤྱི་ཚོགས་ཀྱི་བདེ་འཇགས་ལའང་ཕན་ཐོགས་ཆེ་བ་ཡོང་གི་རེད།

                སྔོན་མ་དང་བསྡུར་བ་ཡིན་ན་ཕ་ཡུལ་གྱི་མང་ཚོགས་རྣམས་ཀྱི་སྤྱོད་ལམ་ཡག་ཏུ་ཕྱིན་ཡོད་ཚོད་འདུག སྔོན་མ་ཕྱི་རྐུ་ནང་རྐུ་བྱེད་མཁན་འབེལ་པོ་ཡོད་ཀྱང༌། བར་ལམ་ནས་ཕྲན་བུ་ཡར་རྒྱས་ཕྱིན་ཏེ་ང་ཚོའི་འབྲེལ་ཡོད་ཚོའི་ནང་རྐུན་མ་རྒྱག་མཁན་ཉུང་དུ་ཕྱིན་པའི་གནས་ཚུལ་གོ་རྒྱུ་འདུག་ལ། དེ་བཞིན་དུ་རྒྱལ་འཇོག་བྱེད་མཁན་དང་ཆང་དང་ཐ་མག་ལ་སྤྱོད་མཁན་སྔོན་མ་ལས་ཇེ་ཉུང་དུ་ཕྱིན་ཡོད་པའི་སྐད་ཆ་གོ་རྒྱུ་འདུག་པས་ཤིན་ཏུ་ཡག་པོ་རེད།

                སྔོན་མ་རྒྱ་གར་གྱི་རྒྱལ་ཁབ་དབྱིན་གཞུང་གི་དབང་སྒྱུར་འོག་ཏུ་ཡོད་པའི་སྐབས། རྒྱ་གར་ནང་རས་ཀྱི་རྒྱུ་ཆ་དང་ལས་ཀ་བྱེད་མཁན་མང་པོ་ཡོད་པའི་གོ་སྐབས་དང་བསྟུན་ནས་རྒྱ་གར་ནང་དབྱིན་ཇི་གཞུང་སྒེར་གཉིས་ཀས་རས་ཀྱི་བཟོ་གྲྭ་རྒྱ་ཆེན་པོ་ཤིན་ཏུ་མང་པོ་བཙུགས་ཡོད། གནས་སྟངས་འདིའི་འོག་ནས་རྒྱ་གར་ལ་དབང་སྒྱུར་བྱེད་ཀྱི་ཡོད་པར་བརྟེན་མཧཱ་ཏ་མ་གྷན་ངྷིས། རྒྱ་གར་གྱི་མི་མང་ཡོངས་རྫོགས་ཀྱིས་རང་རང་གི་གྱོན་གོས་དབྱིན་ཇིའི་གཞུང་གི་བཟོ་གྲྭ་ནས་ཉོ་མི་དགོས་པར། མི་སོ་སོའི་གྱོན་གོས་རང་རང་གི་ལག་པས་འཐག་དགོས་པའི་ལས་འགུལ་སྤེལ་བ་རེད། རྒྱ་གར་གྱི་མང་ཚོགས་མང་ཆེ་བ་ལས་འགུལ་འདིའི་ནང་ཞུགས་ཏེ་དབྱིན་ཇིའི་བཟོ་གྲྭ་ཁག་ནས་རས་མ་ཉོས་པར་རང་གི་གྱོན་གོས་རང་ཉིད་ཀྱིས་བཟོ་བསྐྲུན་བྱས་པར་བརྟེན། དབྱིན་ཇིའི་རས་ཀྱི་བཟོ་གྲྭ་ཁག་ནས་རས་ཉོ་མཁན་མེད་པར་གྱུར་ཏེ་རས་ཀྱི་བཟོ་གྲྭ་དེ་དག་སྒོ་རྒྱག་དགོས་བྱུང་བ་རེད། གནས་སྟངས་དེ་དང་འདྲ་བར་ང་ཚོའི་ཕ་ཡུལ་དུ་ཡོད་པའི་ཆང་ཁང་དང༌། རྒྱལ་འཇོག་ཁང༌། སྨད་ཚོང་ཁང་སོགས་ཀྱི་ནང་དུ་བོད་མི་རང་ཉིད་གཏན་ནས་མ་ཕྱིན་པ་ཡིན་ན་སྨད་ཚོང་ཁང་དང་ཆང་ཁང་དེ་དག་རང་བཞིན་གྱིས་སྒོ་རྒྱག་དགོས་པར་ཆགས་ཀྱི་རེད། བོད་ཀྱི་ས་ཁུལ་དུ་ཆང་ཁང་དང་སྨད་ཚོང་ཁང་རྒྱན་རྩེད་ཁང་སོགས་འདུག་ཅེས་ཕར་སྐྱོན་བརྗོད་བསྡད་པ་ཙམ་མ་ཡིན་པར། བོད་མི་སོ་སོའི་ངོས་ནས་དེ་དག་གི་ནང་དུ་མ་ཕྱིན་པ་ཡིན་ན་དེ་དག་རང་བཞིན་གྱིས་མེད་འགྲོ་གི་རེད། འདིའི་ཐོག་བོད་མི་ཡོངས་རྫོགས་ཀྱིས་འགན་བླངས་ཏེ། མང་པོ་ནས་ཉུང་ཉུང་དང༌། ཉུང་ཉུང་ནས་གཏན་ནས་མེད་པ་ཞིག་ཡོང་བའི་ཐབས་སུ་གཞོན་སྐྱེས་ཚོར་བསླབ་བྱ་གནང་རྒྱུས་མཚོན་ཕྱོགས་ཡོངས་ནས་འབད་བརྩོན་བྱེད་རོགས་ཞེས་བཤད་འདོད་བྱུང༌།

                མདོ་སྨད་ཕྱོགས་ཀྱི་ཡུལ་ལུང་མང་པོ་ཞིག་གི་འཚོ་བ་དབྱར་རྩྭ་དགུན་འབུ་ལ་བརྟེན་ཡོད། དབྱར་རྩྭ་དགུན་འབུ་འཐུ་བའི་སྐབས་ཡུལ་ལུང་ཕན་ཚུན་དང་ཁྱིམ་ཚང་ཕན་ཚུན་བར་འཁོན་འཛིང་མི་ཡོང་བ་བྱ་དགོས་པ་འདི་གལ་ཆེན་པོ་རེད། དབྱར་རྩྭ་དགུན་འབུ་རྐོ་བའི་སྐབས་ལོ་གཅིག་རྐྱང་པའི་ཡོང་འབབས་ཁོ་ན་བསམ་སྟེ་རྩྭ་ཐང་གང་བྱུང་གིས་མི་སྔོག་པར་ལོ་རྗེས་མར་དབྱར་རྩྭ་དགུན་འབུ་ཡག་པོ་སྐྱེས་ཐུབ་པའི་ཐབས་ལ་འབད་བརྩོན་བྱ་དགོས། དཔེར་ན། རྩྭ་ཐང་བརྐོས་ཤུལ་གཙང་མ་བཟོ་བ་དང་ས་སྔོག་པ་རྣམས་ཕྱིར་གསབ་ཏེ་ཁོར་ཡུག་ལ་གནོད་པ་མེད་པ་ཞིག་བྱ་དགོས། ས་ཆའི་ཐོག་གང་བྱུང་བྱས་ཏེ་རྗེས་མ་དབྱར་རྩྭ་དགུན་འབུ་སྐྱེ་རྒྱུ་མེད་པར་གྱུར་པ་ཡིན་ན་གྱོང་ང་ཚོ་ལ་རག་རྒྱུ་ཡིན་དུས་ཐོག་དང་པོ་ནས་གཟབ་གཟབ་བྱ་དགོས།

                དབྱར་རྩྭ་དགུན་འབུ་བརྐོས་ནས་དངུལ་ཕྲན་བུ་བྱུང་བ་རྣམས་རིགས་ཤིག་གིས་བག་མེད་ལོངས་སྤྱོད་དང་ཚད་ལས་བརྒལ་བའི་རྒྱས་སྤྲོས་བྱས་ཏེ་དངུལ་ཡོངས་རྫོགས་གཏོར་གྱི་འདུག་ཟེར་བ་གོ་རྒྱུ་འདུག མ་འོངས་པར་དེ་འདྲ་མ་ཡིན་པར་དངུལ་ཕྲན་བུ་ཡོད་པ་དེས་མ་རྩ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་པ་རེད། ལག་ཏུ་དངུལ་ཕྲན་བུ་ཡོང་མ་ཐག་རྒྱ་ནང་དུ་ཕྱིན་ཏེ་འཆལ་སྤྱོད་སྣ་ཚོགས་ཀྱིས་དངུལ་གཏོར་ན་ཕན་ཐོགས་གང་ཡང་མེད། རང་ཉིད་ལ་དཔལ་འབྱོར་ཕྲན་བུ་ཡོད་ན་བྱ་བ་བཟང་པོ་སྣ་ཚོགས་སྒྲུབ་པའི་གོ་སྐབས་དང་ནུས་པ་གཉིས་ཀ་ཡོང་གི་རེད། དཔེར་ན། ད་ཐེངས་ཁྱེད་ཚོ་རྒྱ་གར་དུ་ཡོང་ཐུབ་པའི་ཆ་རྐྱེན་གཅིག་ནི་རང་གིས་དེ་སྔ་དཀའ་ལས་བརྒྱབས་ཏེ་དཔལ་འབྱོར་ཕྲན་བུ་གསོག་སྒྲུབ་བྱས་པ་དེ་ལ་བརྟེན་ནས་བྱུང་བ་རེད། དེ་ཡིན་དུས་མ་འོངས་པར་དཔལ་འབྱོར་ཕྲན་བུ་བྱུང་བ་དང་བག་མེད་ལོངས་སྤྱོད་དང་ཚད་ལས་བརྒལ་བའི་རྒྱས་སྤྲོས་མི་བྱེད་པར་དཔལ་འབྱོར་འཕེལ་རྒྱས་ཀྱི་མ་རྩར་འཇོག་དགོས་པ་དེ་གལ་ཆེན་པོ་རེད་ཅེས་བཤད་འདོད་བྱུང༌།

                དེང་སང་ཕ་ཡུལ་ཕྱོགས་སུ་གཉེན་སྟོན་བྱེད་པའི་སྐབས་སྒོར་མོ་འབུམ་ཕྲག་མང་པོའི་འགྲོ་སོང་གཏོང་དགོས་པ་དང༌། རླངས་འཁོར་ལྔ་བཅུ་དྲུག་ཅུ་རུ་བསྒྲིགས་ནས་གཅིག་ལས་གཅིག་ལྷག་པ་ལྟ་བུའི་འགྲན་བསྡུར་བྱེད་པ་དང༌། ཀྲོག་ཀྲོག་བྱེད་ཀྱི་འདུག་ཟེར། དེ་འདྲའི་དཔར་འགའ་ཤས་ཀྱང་མཐོང་སོང༌། དེ་ནི་ཕུགས་བསམ་ཀླ་ཀློའི་བྱེད་སྟངས་ངོ་ཚ་དགོས་པའི་ལས་ཀ་རེད། ང་ཚོ་ལ་དཔལ་འབྱོར་དགོས་པ་དངོས་ཡོད་གནས་ཚུལ་ཡིན་ན་ཡང༌། དཔལ་འབྱོར་གྱིས་ཀྲོག་ཀྲོག་བྱས་ན་ཡག་པོ་གཏན་ནས་མ་རེད། གཉེན་སྒྲིག་བྱེད་པའི་སྐབས་སྟོན་མོ་རྒྱ་ཆེན་པོ་འདི་འདྲ་ཞིག་བྱེད་དགོས། སྒོར་མོ་དང་རྒྱུ་ནོམ་པ་འདི་དང་འདི་དགོས་ཀྱི་ཡོད། ཅེས་ཆ་རྐྱེན་མང་པོ་བཏོན་པ་ཡིན་ན་མ་འོངས་པར་ཁྱིམ་ཚང་ཕྱོགས་གཉིས་ཀ་མ་འཆམ་པའི་གཞི་རྩར་འགྱུར་བ་མ་གཏོགས་ཕན་ཐོགས་གང་ཡང་མེད། གཉེན་སྒྲིག་གི་སྟོན་མོ་ནི་ཕྱོགས་གཉིས་ཀ་ལ་དཀའ་ངལ་མེད་པར། བརྩེ་སེམས་ཀྱི་རྣམ་པ་མཚོན་བྱེད་དུ་དགའ་ཞིང་མགུ་བའི་སྒོ་ནས་རྒྱས་བསྡུས་འཚམས་པོ། ཚུལ་དང་མཐུན་པ་ཞིག་བྱ་རྒྱུ་གལ་ཆེན་པོ་རེད། གནའ་སྔ་མོ་ཡིན་ན་ཡང་གཉེན་སྒྲིག་སྟོན་མོ་བྱེད་པའི་སྐབས་ཨ་མའི་ནུ་རིན་ཟེར་བ་ཞིག་སྤྲོད་ལེན་བྱེད་སྲོལ་ཡོད། དེ་ནི་མ་བསྐུལ་དང་བླངས་ཀྱིས་གཅིག་གིས་གཅིག་ལ་སེམས་པ་དགའ་བའི་ཐོག་ནས་སྤྲོད་ཀྱི་ཡོད་པ་མ་གཏོགས། གནས་སྟངས་དང་མི་འཚམ་པ་དང་གནོན་ཤུགས་ཤིག་གི་འོག་ནས་སྤྲོད་ལེན་བྱེད་དགོས་པ་དེ་འདྲ་མ་རེད། སྔ་མོ་རྒྱ་གར་ནང་དུ་ཡང་གཉེན་སྟོན་སྐབས་དེ་འདྲའི་འགྲན་བསྡུར་ཆེན་པོ་བྱེད་པའི་སྲོལ་ངན་པ་ཞིག་དར་བས། ཕ་མ་མང་པོ་ཞིག་གིས་འགྲན་བསྡུར་གྱི་གནོན་ཤུགས་མ་བཟོད་པར་རང་ཤི་བརྒྱབས་པའི་གནས་ཚུལ་ཡང་ཡང་བྱུང་བར་བརྟེན། ཕྱིས་སུ་རིམ་པས་རྒྱ་གར་གཞུང་གི་ཐོག་ནས་གཉེན་སྟོན་སྐབས་ཚད་ལས་བརྒལ་བའི་རྒྱས་སྤྲོས་དང་འགྲན་བསྡུར་བྱེད་མི་ཆོག་པའི་ཁྲིམས་བཟོས་ཡོད། མ་འོངས་པར་ང་ཚོའི་ཕ་ཡུལ་ཕྱོགས་སུ་ཡང་གནས་ཚུལ་ངན་པ་འདིའི་རིགས་རིམ་གྱིས་དར་མི་སྲིད་པ་མིན་དུས། འགྲན་བསྡུར་ངན་པ་འདི་རིགས་མང་ཚོགས་ཀྱི་སྲོལ་ངན་ཞིག་ཏུ་མ་གྱུར་པའི་གོང་ནས་མང་ཚོགས་རང་ཉིད་ཀྱིས་འགན་བླངས་ཏེ་བཀག་སྡོམ་བྱ་དགོས་པ་དེ་གལ་ཆེན་པོ་རེད།  

                དེང་སང་སྐྱ་བོ་མི་ནག་ཚོའི་གཉེན་སྟོན་སྐབས་ཙམ་མ་ཟད། བླ་མ་གྲྭ་པ་ཚོའི་ནང་དུ་ཡང་རྒྱུ་འབྱོར་བའི་ཐོག་ནས་འགྲན་བསྡུར་བྱེད་ཀྱི་ཡོད་པའི་གནས་ཚུལ་མང་པོ་གོ་རྒྱུ་དང་མཐོང་རྒྱུ་འདུག ཤིན་ཏུ་རིན་གོང་ཆེན་པོ་ཡིན་པའི་རླངས་འཁོར་བཏང་ནས་ཕན་ཚུན་ངོམ་རེས་དང་རླངས་འཁོར་ཨང་གྲངས་ཚུན་ཆད་འགྲན་བསྡུར་བྱེད་ཀྱི་ཡོད་པ་འདི་གཏན་ནས་ཡག་པོ་མ་རེད། རྒྱུ་འབྱོར་བའི་ཐོག་ནས་འགྲན་བསྡུར་བྱེད་པ་དེ་བླ་མ་དང་གྲྭ་པའི་ལས་ཀ་མ་རེད། རབ་བྱུང་ན་ཆོས་འཆད་ཉན་དང་བསླབ་པ་སློབ་གཉེར། མཁས་བཙུན་བཟང་གསུམ་གྱི་མཛད་པའི་ཐོག་ནས་འགྲན་བསྡུར་བྱ་ཐུབ་ན་ཕུན་སུམ་ཚོགས་པ་རེད། དབང་བསྐུར་ཏེ་འབུལ་སྡུད་བརྒྱབས་པ་དང་འབུལ་བའི་ཐོག་ནས་བྱུང་བའི་དཔལ་འབྱོར་གྱིས་གཞན་ལ་འགྲན་བསྡུར་བྱ་བའི་ཆེད་དང༌། རྒྱས་སྤྲོས་ཀྱི་དོན་དུ་བཏང་བ་ནི་ཆོས་དང་མི་མཐུན་པའི་སྤྱོད་པ་མ་རབས་རེད། བསྟན་པ་ཉག་ཕྲ་བའི་སྐབས་འདིར་བོད་ཀྱི་གྲྭ་པ་བླ་མ་ཡོངས་རྫོགས་ཀྱིས་བསྟན་པའི་འགན་ཁུར་ནས་ཉམ་ཆུང་ཚུལ་མཐུན་གྱིས་འབད་བརྩོན་བྱ་དགོས་པ་མ་གཏོགས་རྒྱུ་འབྱོར་བས་འགྲན་བསྡུར་བྱེད་པའི་དུས་ཚོད་ཅིག་གཏན་ནས་མ་རེད་ཅེས་རེ་འདུན་ཞུ་འདོད་བྱུང༌།

                དེ་རིང་ང་ཚོའི་ནང་ཚགས་རང་གི་ཐོག་ནས་བཤད་འདོད་པ་ཞིག་ལ། ཁྱེད་ཚོས་རྒྱ་གར་ནང་སླེབས་པ་ཡིན་བསམས་ནས་སྐད་ཆ་དགོས་མི་དགོས་སྣ་ཚོགས་བཤད་མ་འདུག སྐད་ཆ་བཤད་པ་ཡོངས་རྫོགས་རིམ་གྱིས་ཕ་ཡུལ་ནས་གོ་འགྲོ་ཡི་རེད། ཕ་ཡུལ་ནས་གོ་བའི་རྗེས་སུ་རྒྱ་གར་ན་རྒྱ་ནག་གཞུང་ལ་གསང་བ་སྐྱེལ་མཁན་འདུག་སྙམ་པའི་དོགས་པ་ཡོང་གི་རེད་ལ། རང་ཉིད་ལ་ཡང་མི་དགོས་ས་ནས་དཀའ་ངལ་འཕྲད་སྲིད་ཀྱི་རེད། ངའི་བསམ་པ་བྱས་ན་འདི་ཕྱོགས་སུ་དམིགས་བསལ་གསང་བ་སྐྱེལ་མཁན་དེ་འདྲ་ཡོད་མེད་མི་ཤེས་ནའང༌། འདི་ཕྱོགས་ཀྱི་མི་མང་ཆེ་བས་སེམས་གུ་ཡངས་པོ་ལྟ་བུ་བྱས་ནས་སྐད་ཆ་གཅིག་གིས་གཅིག་ལ་བཤད་ནས་རང་བཞིན་གྱིས་ཡོངས་གྲགས་ཆགས་འགྲོ་བའི་གནས་སྟངས་ཤིག་ཡོད། གང་ལྟར་ཡང་སྐད་ཆ་འདྲ་མིན་བཤད་བསྡད་ན་རང་གི་བདེ་འཇགས་ལ་གནོད་པ་ཡོང་རྒྱུའི་ཉེན་ཁ་ཡོད་དུས་སྐད་ཆ་གང་བྱུང་ཤོད་རྒྱུར་འཛེམས་ཟོན་བྱ་དགོས་པ་འདི་གལ་ཆེན་པོ་རེད་ཅེས་བཤད་འདོད་བྱུང༌།

                དེ་རིང་འདིར་འཛོམས་པའི་མི་མང་ཆེ་བ་ཀིརྟི་ཚང་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པའི་དགོན་གྲོང་གི་མི་སྣ་ཤ་སྟག་རེད། བླ་མ་དང་མཁན་ཟུར། ལས་ཀྱི་སྣེ་ལ་གཏོགས་པའི་མི་སྣ་སོགས་མི་མང་པོ་ཞིག་ད་ཐེངས་ཕེབས་ཐུབ་ཡོད། ང་ཚོའི་དགོན་སྡེ་ཁག་གིས་ངས་ལམ་སྟོན་རིམ་པར་བྱས་པ་ལ་ཡིད་ཆེས་དང་ཆ་འཇོག་བྱས་ཏེ། ལོ་མང་པོའི་རིང་དཀའ་ལས་བརྒྱབས་ནས་ངའི་རེ་བ་ནང་བཞིན་ཨེ་ཡོང་གིས་འབད་བརྩོན་ཆེན་པོ་བྱས་སོང༌། དེ་བཞིན་དུ་གྲོང་པ་ཚོ་ཡིན་ན་ཡང་ཀིརྟི་ཚང་གི་གསུང་རེད་ཅེས་སྤྱི་སྒེར་གཉིས་ཐད་ནས་ལག་ལེན་ལ་ཆེ་ཐེབས་ཆུང་ཐེབས་བྱས་ཏེ། དགོན་པའི་འགྲིག་ལམ་དང་འཆད་ཉན་གྱི་དོན་དུ་ཡིན་ན་ཡང་ལྷ་སྡེ་ཚོའི་ངོས་ནས་རྒྱབ་སྐྱོར་དང་མཐུན་འགྱུར་གང་དགོས་བྱས་ཏེ་ལྷག་བསམ་རྣམ་དག་ཤིན་ཏུ་ཡག་པོ་བྱས་སོང༌། དེ་ཡིན་དུས་དེང་སང་ཀིརྟི་ཚང་གི་དགོན་གྲོང་གཉིས་ཀ་གཞན་དང་མི་འདྲ་བ་ཞིག་ཏུ་གྱུར་ཡོད་པ་འདི་ཁྱེད་ཚོ་དགོན་གྲོང་གཉིས་ཀས་ད་ལྟའི་བར་དཀའ་ལས་བརྒྱབས་པའི་གྲུབ་འབྲས་རེད། མ་འོངས་པར་ཡང་ད་ལྟ་ནང་བཞིན་འགྱུར་བ་མེད་པར་ལོ་ནས་ལོ་མཐུད་དེ་འབད་བརྩོན་བྱེད་རོགས་བྱོས་ཞེས་རེ་སྐུལ་བྱེད་ཀྱི་ཡོད་ལ། དེ་ལྟར་གནང་རྒྱུ་ཡིན་པའི་རེ་བ་དང་ཡིད་ཆེས་གཉིས་ཀ་ང་ལ་ཡོད།

                ད་ལོ་རྔ་པ་ཀིརྟིའི་དགོན་པའི་ནང་ཀིརྟིའི་དགོན་ཁག་མཉམ་འབྲེལ་གྱི་ཚད་མའི་དགུན་ཆོས་ཆེན་མོ་ཚོགས་པའི་སྐབས་འཆད་ཉན་དང་འགྲིག་ལམ་གང་ཅིའི་ཐད་ནས་ཤིན་ཏུ་ཡག་པོ་བྱུང་སོང་ཞེས་བཤད་ཀྱི་འདུག དགེ་འདུན་པའི་སྡེ་ཆེན་པོ་འདིའི་འགྲིག་ལམ་ཀུན་སྤྱོད་དང་འཆད་ཉན་སློབ་གཉེར་ཡར་རྒྱས་ཕྱིན་པ་ཡིན་ན། འགྲོ་བའི་བདེ་སྐྱིད་དང་སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་ཕན་ཐོགས་རྒྱ་ཆེན་པོ་ཡོང་གི་རེད། དེ་བཞིན་དུ་མང་ཚོགས་ཀྱི་ངོས་ནས་མ་སྐུལ་དང་བླངས་ཀྱིས་རྔ་པ་ཀིརྟིའི་དགོན་པའི་ནང་དུ་གཟིམ་ཆུང་རྒྱ་ཆེན་པོ་ཞིག་བཞེངས་ཟིན་འདུག ང་ལ་དེ་འདྲའི་ཁང་པ་རྒྱ་ཆེན་པོ་དགོས་པ་མེད་ཅེས་སྔོན་མ་ནས་ཚར་མང་པོ་བཤད་ཡོད་ཀྱང་ཁྱེད་ཚོས་དད་པ་དམ་ཚིག་དང་ཡིད་ཆེས་ཀྱི་ཐོག་ནས་དེ་འདྲ་ཞིག་བཟོས་པ་དེ་ཡག་པོ་རེད། ཡིན་ན་ཡང་ང་ལོ་བརྒྱད་ཅུར་ཟིན་ལ་ཉེ་བའི་མི་ཞིག་ལ་དེ་འདྲའི་ཁང་པ་རྒྱ་ཆེན་པོས་དགོས་པ་ཡོད་པ་མ་རེད། གང་ལྟར་ཡང་མི་མང་གིས་འགྲོ་སོང་རྒྱ་ཆེན་པོ་བཏང་ཚར་བ་ཡིན་དུས་ཁང་པ་ཆེན་པོ་དེ་ཉིན་གཅིག་ཡིན་ཡང་ཁང་སྟོང་དུ་མ་ལུས་པར་སྤྱི་བའི་དོན་དུ་བེད་སྤྱོད་ཡག་པོ་ཉིན་ལྟར་གཏོང་ཐུབ་དགོས་པ་འདི་གལ་ཆེན་པོ་རེད་ཅེས་སྔོན་མ་བཤད་ཡོད་ལ་ད་ཐེངས་ཡང་བསྐྱར་དུ་བཤད་འདོད་བྱུང༌།

                རྒྱ་གར་གྱི་གནས་ཆེན་ཁག་ཏུ་གནས་སྐོར་ལ་འགྲོ་མཁན་ཚོས་གནས་ཆེན་གང་དུ་སླེབས་ན་ཡང༌། རང་རང་གི་ངོས་ནས་སེམས་བསམ་པ་ཡག་པོ་ཞིག་གི་ཐོག་ནས་སྨོན་ལམ་གང་ཐུབ་བརྒྱག་དགོས། ཀུན་སློང་བཟང་པོས་སྨོན་ལམ་བརྒྱབས་པ་ཡིན་ན་གནས་ཁྱད་པར་བའི་བྱིན་རླབས་ཀྱི་མཐུ་ལ་བརྟེན་ནས་སྨོན་ལམ་གང་བརྒྱག་པ་རྣམས་འགྲུབ་པ་ཞིག་ཡོང་གི་རེད། ལྷག་པར་དུ་དུས་འཁོར་དབང་ཆེན་ལ་སྡོད་མཁན་ཚོ་ཡིན་ན་གནས་རྩ་ཆེན་པོ་རྡོ་རྗེ་གདན་དུ་བླ་མ་རྩ་ཆེན་པོ་ྋརྒྱལ་བ་རིན་པོ་ཆེའི་སྐུ་མདུན་ནས་ཆོས་རྩ་ཆེན་པོ་དུས་འཁོར་དབང་ཆེན་ཞུ་བའི་སྐལ་བ་ཐོབ་པའི་དུས་འདིར་སྨོན་ལམ་བརྒྱག་ཐུབ་པ་ཡིན་ན་ཚེ་འདི་དང་ཕྱི་མ་ཀུན་ལ་ཕན་ཐོགས་ཁྱད་པར་ཅན་ཞིག་ཡོང་གི་རེད། དབང་ཆེན་ཞུས་པ་ཙམ་མ་ཡིན་པར་རྗེས་སུ་རང་གི་ལག་ལེན་གྱི་ཐོག་ནས་རང་གི་མི་ཚེ་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐུབ་པ་ཡིན་ན་ྋརྒྱལ་བ་རིན་པོ་ཆེའི་མདུན་ནས་ཆོས་ཞུས་པའི་ཕན་ཐོགས་བྱུང་བ་རེད། དཔེར་ན། བོད་ནས་ཡར་རྒྱ་གར་ལ་ཡོང་བའི་སྐབས་ཆང་ཚོད་མེད་འཐུང་མཁན་ཞིག་ཡིན་ན་རྒྱ་གར་ནས་ཕྱིར་སླེབས་པའི་སྐབས་ཆང་འཐུང་གི་མི་འདུག་ཟེར་བ་ལྟ་བུ་དང༌། དེ་བཞིན་སྔོན་མ་བོད་ནས་ཡར་འགྲོ་བའི་སྐབས་སྐད་ཆ་དགོས་མིན་སྣ་ཚོགས་ཤོད་མཁན་ཞིག་དང༌། མི་འདྲ་མི་འདྲ་ལ་རྒྱག་རེས་རྒྱག་མཁན་ཞིག་ཡིན་ན་ཡང་རྒྱ་གར་ནས་ཕྱིར་སླེབས་པའི་སྐབས་སེམས་ཆོས་སུ་འཁུལ་ནས་སྔོན་མའི་སྤྱོད་ངན་དེ་རིགས་གཏན་ནས་བྱེད་ཀྱི་མི་འདུག་ཟེར་བ་ལྟ་བུའི་འགྱུར་བ་ཞིག་བྱུང་བ་ཡིན་ན། གསུང་ཆོས་ཞུས་པའི་ཕན་ཐོགས་བྱུང་བ་རེད་ལ་བླ་མར་མཇལ་བས་ཕན་ཐོགས་བྱུང་བ་རེད།

                ང་ཚོའི་བླ་སློབ་བར་གྱི་བརྩེ་བ་ནི་བསྲེ་བསླད་མེད་པ་དང་བཅོས་མ་མ་ཡིན་པ་ཞིག་ཡིན་དུས། དཔེར་ན། ཁྱེད་ཚོས་བོད་ནས་རྩམ་པ་དང་ཆུར་བ་མར་གསར་པ་སོགས་རིན་པོ་ཆེ་ལ་འབུལ་དགོས་ཟེར་ནས་ངའི་ཁ་ལ་ཨེ་ཞོགས་ལྟ་ཡི་ཡོད། ཟས་རིགས་འདི་དག་ངོ་བོའི་ཐོག་ནས་གསེར་དང་དངུལ་ལྟ་བུའི་རིན་པོ་ཆེ་རིན་ཐང་ཅན་ཞིག་མིན་ནའང་འདིས་ང་ཚོའི་བར་གྱི་བརྩེ་བའི་རང་མདངས་མཚོན་གྱི་ཡོད། ང་ཚོའི་བར་གྱི་བརྩེ་བ་མཚོན་བྱེད་དེ་ཚོ་གསེར་དངུལ་ལྟ་བུའི་རིན་པོ་ཆེ་གང་གིས་ཀྱང་རིན་ཐང་གཞལ་དུ་མེད་པ་ཞིག་རེད། ཐུགས་རྗེ་ཆེ།

                ངའི་ངོས་ནས་ནམ་ཡིན་ཡང་ཁྱེད་ཚོ་ལ་སྨོན་ལམ་རྒྱག་གི་ཡོད། བསླབ་བྱ་སོ་གཉིས་ཀྱི་མགོ་ལ་བཤད་པ་ལྟར། ང་དངོས་སུ་ཕ་ཡུལ་ལ་ཡོང་ཐུབ་ཀྱི་མེད་ཀྱང་ས་ཆ་འདི་ནས་ཉིན་དང་མཚན་ནམ་ཡིན་ཡང་ཕ་ཡུལ་གྱི་མི་མང་དང་སེམས་པ་ཁ་མ་བྲལ་བར་བྱས་ནས་སྡོད་ཀྱི་ཡོད། ནམ་ཡིན་ན་ཡང་ཕ་ཡུལ་གྱི་དགོན་པ་གྲྭ་ཚང་དྲན་གྱི་འདུག་ལ། ནམ་ཡིན་ཡང་ཕ་ཡུལ་གྱི་མང་ཚོགས་རྣམས་དྲན་གྱི་འདུག དགོན་པ་གྲྭ་ཚང་གི་འགྲིག་ལམ་ཀུན་སྤྱོད་དང་སློབ་གཉེར་སོགས་གང་ཅིའི་ཐད་ནས་ཅུང་ཙམ་འགྲིག་གི་མེད་པའི་གནས་ཚུལ་ཞིག་གོ་བ་ཡིན་ན་སེམས་ལ་མ་བདེ་བ་ཆེན་པོ་ཡོང་གི་འདུག ཡར་རྒྱས་དང་གནས་ཚུལ་བཟང་པོ་ཕྲན་བུ་ཞིག་བྱུང་བའི་གཏམ་གོ་བ་ཡིན་ན་སེམས་ལ་དགའ་བ་ཚད་མེད་ཡོང་གི་འདུག གྲོང་པ་ཚོ་ཡིན་ན་ཡང་ཁྱེད་ཚོའི་མི་ཚེ་ཆོས་དང་མཐུན་པ་ཡག་པོ་བྱུང་བ་ཡིན་ན་ང་སེམས་བདེ་བོ་དང་སྐྱིད་པོ་ཡོང་གི་འདུག ཁྱེད་ཚོས་ཅི་ཙམ་བྱ་བ་བཟང་པོ་བྱས་པའི་ཚོད་ཀྱིས་ངའི་སེམས་ལ་དགའ་བ་ཡོང་གི་འདུག བརྟན་བཞུགས་ཞེས་པ་ཡང་འདི་ལས་ལྷག་པ་ཞིག་མེད། དེ་ཡིན་དུས་དགོན་གྲོང་གཉིས་ཀའི་ཐོག་ནས་ད་ལྟའི་བར་ཡག་པོ་བྱས་པ་ནང་བཞིན་མ་འོངས་པར་ཡང་དེ་ལུགས་བཞིན་ཡག་པོ་གནང་རོགས་ཞེས་ནན་ཏན་ཆེན་པོས་རེ་བ་ཞུ་འདོད་བྱུང༌།

                ངས་སྔོན་མ་ནས་ལན་མང་བཤད་པ་ལྟར་ང་ཚོའི་འབྲེལ་ཡོད་བོད་ཕྱི་ནང་གི་ཚོང་པ་ཚོ་ཡིན་ནའང་ཁྲིམས་དང་འགལ་བའི་ནག་ཚོང་རྒྱག་མི་ཉན། རྒྱུན་གྱི་ཚོང་ཆེ་ཆུང་གང་འདྲ་ཞིག་ཡིན་ན་ཡང་རྒྱལ་སྤྱིའི་ཁྲིམས་དང་མཐུན་པ་ཞིག་གི་ཐོག་ནས་འགྲོ་ཐུབ་ཐབས་བྱ་དགོས། ཚོང་ཁང་ཞིག་གསར་དུ་རྒྱག་གི་ཡོད་ན་འདྲ། ཐ་ན་རང་གི་ཁྱིམ་ཚང་གི་ཁང་པ་གསར་པ་ཞིག་རྒྱག་གི་ཡོད་ན་ཡང་ཁྲིམས་དང་མཐུན་པ་ཡོང་ཐབས་བྱ་དགོས། ཁྲིམས་དང་མ་མཐུན་པ་ཞིག་བྱས་བསྡད་པ་ཡིན་ན་རིམ་པས་དཀའ་ངལ་ཞིག་གི་ངོ་བོར་འགྱུར་སྲིད། དཔེར་ན། དེང་སང་རྒྱ་ནག་ནང་དུ་ལྐོག་ཟ་རུལ་བསུངས་བྱེད་མཁན་ཚོའི་ཐོག་ཞིབ་བཤེར་གྱི་ལས་འགུལ་སྤེལ་ཏེ་དཀའ་ངལ་ཅི་ཙམ་ཆེན་པོ་ཡོང་གི་འདུག མི་བྱེ་བ་གཅིག་ལྷག་ལ་ལྐོག་ཟ་རུལ་བསུང་གི་ཉེས་པ་ཕོགས་ནས་འཛིན་བཟུང་བྱས་པའི་ལོ་རྒྱུས་ཤོད་མཁན་འདུག ཐོག་མར་ཁྲིམས་འགལ་དང་ཐབས་ཤེས་སྣ་ཚོགས་ཀྱིས་དངུལ་ཁང་པ་གང་ལྟ་བུ་བསགས་པ་ཡོད་ནའང༌། དངུལ་བསགས་སྟངས་ཁྲིམས་འགལ་ཤ་སྟག་ཡིན་དུས་མཐའ་མ་རང་ཉིད་བཙོན་དུ་ཚུད་ནས་སྲོག་ཐོག་གཏོང་རྒྱུ་ཡིན་པའི་མཚམས་སུ་སླེབས་ཀྱི་ཡོད། དེ་ཡིན་དུས་མ་འོངས་པར་བྱ་བ་ཆེ་ཆུང་གང་འདྲ་ཞིག་ཡིན་ན་ཡང་ཁྲིམས་དང་མཐུན་པ་ཞིག་གི་ཐོག་ནས་སྒྲུབ་དགོས་པ་འདི་གལ་ཆེན་པོ་རེད།

                བོད་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་གོམས་གཤིས་རྣམས་མི་ཉམས་རྒྱུན་འཛིན་བྱ་དགོས་པ་དེ་གལ་ཆེན་པོ་རེད། དཔེར་ན། ཆས་གོས་ཆ་ལུགས་དང༌། བཟའ་བཏུང་དང་སྤྱོད་ལམ། མཐའ་ན་ཞིང་ཁ་འདེབས་ལས། ཞིང་ནང་ལུད་རྒྱག་སྟངས་ཚུན་ཆོད་སྔ་སྲོལ་མ་ཉམས་པ་བྱ་དགོས་པ་གལ་ཆེན་པོ་རེད། བོད་ཀྱི་ཐུན་མོང་མ་ཡིན་པའི་འབྲུ་རིགས་ནས་བོད་ཀྱི་ས་ཐོག་ནས་སྟོང་སྟེ་རྩ་མེད་དུ་གྱུར་པ་ཡིན་ན་ང་ཚོར་གྱོང་ཆེན་པོ་རེད། དེ་བཞིན་བོད་ནང་གི་གཡག་བོད་ནང་ནས་སྟོང་སྟེ་རྩ་མེད་དུ་ཕྱིན་པ་ཡིན་ན་ང་ཚོའི་གྱོང་གུད་ཆེན་པོ་རེད། རང་རང་གི་ལུང་པའི་གོམས་གཤིས་དང་མཐུན་པའི་འཚོ་བ་སྤྱོད་ཐུབ་པ་ཡིན་ན་རང་བཞིན་གྱིས་ཕན་ཐོགས་ཆེན་པོ་ཡོང་གི་ཡོད། དཔེར་ན། རྒྱུན་དུ་རྩམ་པ་ཟ་བ་ཡིན་ན་དེས་ཕུང་ཁམས་ཀྱི་གནས་སྟངས་མང་པོ་ཞིག་ལ་ཕན་ཐོགས་ཡོང་གི་ཡོད་པ་ཁྱེད་ཚོས་ཤེས་གསལ་ལྟར་ཡིན།

                འོན་ཀྱང་གནའ་སྔ་མོའི་ལུགས་སྲོལ་ངན་པའི་རིགས་ཆགས་སྡང་ཕྱོགས་རིས་དེ་ཚོའི་གྲས་བསྐྱར་གསོ་བྱས་པ་ཡིན་ན་རང་གཞན་སུ་ལ་ཡང་ཕན་ཐོགས་མེད། དགོན་པ་གྲྭ་ཚང་གི་བར་དུ་ཆགས་སྡང་ཕྱོགས་རིས་བྱས་པས་ཕན་ཐོགས་མེད་ལ། གྲོང་པ་དང་གྲོང་པའི་བར་དུ་ཆགས་སྡང་ཕྱོགས་རིས་བྱས་པས་ཕན་ཐོགས་མེད། བླ་མ་དང་བླ་མའི་བར་དུ་སྔོན་གྱི་ཆགས་སྡང་ཕྱོགས་རིས་བསྐྱར་གསོ་བྱས་ན་སྤྱི་སྒེར་སུ་ལ་ཡང་ཕན་ཐོགས་མེད། ང་ཚོར་དགོས་རྒྱུ་ནི་མཐུན་ལམ་ཡིན་པས་བོད་རིགས་ནང་ཁུལ་ལའང་ཆོས་བརྒྱུད་ཕན་ཚུན། དགོན་སྡེ་ཕན་ཚུན། གཤོག་པ་ཕན་ཚུན་བཅས་ཀྱི་བར་ལ་མཐུན་ལམ་བྱ་དགོས་པར་མ་ཟད། རྒྱ་བོད་མི་རིགས་གཉིས་ཀྱི་བར་ལ་མཐུན་ལམ་བྱ་དགོས། བོད་ཀྱི་ས་ཁུལ་དུ་ཡོད་པའི་རྒྱ་རིགས་རྣམས་མུ་མཐུད་བོད་ལ་སྡོད་རྒྱུ་ཡིན་པ་ལས་ཁོང་ཚོ་གནས་སྤོས་ཏེ་འགྲོ་ས་གང་ཡང་མེད་དུས། ང་ཚོའི་བར་དུ་མཐུན་ལམ་བྱས་ནས་བསྡད་ན་ཕྱོགས་གཉིས་ཀ་ལ་ཕན་ཐོགས་ཡོང་གི་རེད། ང་ཚོ་རང་གཞན་ཀུན་གྱིས་ཕན་ཚུན་བར་མཐུན་ལམ་ཡར་རྒྱས་ཡོང་ཐབས་བྱ་དགོས་པ་དེ་གལ་ཆེན་པོ་རེད་ཅེས་བཤད་འདོད་བྱུང༌། ཐུགས་རྗེ་ཆེ། ཕྱི་ལོ་༢༠༡༦ ཟླ་༡༢ ཚེས་༦ ཉིན།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.