01

༄༅།། སྐུ་མགྲོན་གཙོ་བོ་༸ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་དང། བོད་མི་མང་སྤྱི་འཐུས་ཚོགས་གཙོ། ཆོས་རིག་བཀའ་བློན་མཆོག་གིས་གཙོས་སྐུ་མགྲོན་རྣམ་པ། ས་གནས་ཀྱི་མདོ་སྨད་ཚོགས་གཙོ་དང་རྒྱུན་ལས་རྣམ་པས་གཙོས་མདོ་སྨད་པ་རྣམ་པ། འདིར་ཕེབས་པའི་མི་མང་ཡོངས་རྫོགས་ལ་ཐེངས་དང་པོར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་རིང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གློ་བུར་དུ་དགོངས་པ་རྫོགས་ནས་ལོ་ངོ་སུམ་ཅུ་ཐམ་པ་འཁོར་བའི་རྗེས་དྲན་གྱི་ཉིན་མོ་ཡིན། ༸རྒྱལ་བ་རིན་པོ་ཆེ་དང་པཎ་ཆེན་རིན་པོ་ཆེ་རྣམ་པ་གཉིས་ནི། གནམ་ལ་ཉི་ཟླ་རྣམ་གཉིས། ས་ལ་༸རྒྱལ་བ་ཡབ་སྲས་གཉིས། ཞེས་ཡོངས་སུ་གྲགས་པ་ལྟར་བོད་སྤྱི་པའི་བླ་མ་ཡིན་ནའང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་ཨ་མདོ་ནས་འཁྲུངས་པ་ཡིན་དུས་མདོ་སྨད་པ་ཚོ་དང་དམིགས་བསལ་འབྲེལ་བ་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས། འདི་གའི་མདོ་སྨད་ས་གནས་རྒྱུན་ལས་ཀྱི་ངོས་ནས་དུས་དྲན་གྱི་མཛད་སྒོ་འདི་འདྲ་ཞིག་གོ་སྒྲིག་གནང་བ་ཞེ་དྲག་གི་ཡག་པོ་བྱུང་འདུག་པས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

          ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་པ་རྣམ་ཐར་གྱི་སྐོར་ང་ལ་དམིགས་བསལ་ཞུ་རྒྱུ་མེད། གོང་དུ་སྟོབས་ལགས་ཀྱིས་མཛད་རྣམ་གསལ་པོ་གསུང་སོང་བས་བསྐྱར་དུ་ཞུ་དགོས་དོན་ཡང་མི་འདུག་ལ་དེང་སང་བོད་ཕྱི་ནང་གཉིས་ཀར་༸པཎ་ཆེན་རིན་པོ་ཆེའི་མཛད་རྣམ་དང་འབྲེལ་བའི་ཡིག་ཆ་ཁག་མང་པོ་མཇལ་རྒྱུ་ཡོད། སྐབས་ཤིག་ནས་བཟུང་ལོ་རེ་བཞིན་༸པཎ་ཆེན་རིན་པོ་ཆེའི་མཛད་པ་འཕྲིན་ལས་རྣམས་རིམ་གྱིས་གསལ་ཡོང་སོང། འདི་ལོར་མཚོན་ནའང་བོད་ཕྱི་ནང་དང་རྒྱལ་ཁབ་མ་འདྲ་བ་ཁ་ཤས་ཀྱི་ནང་དུ་༸པཎ་ཆེན་རིན་པོ་ཆེ་དགོངས་པ་རྫོགས་ནས་ལོ་སུམ་ཅུ་ཐམ་པ་འཁོར་བའི་རྗེས་དྲན་གྱི་མཛད་སྒོ་ཚོགས་དང་འཚོགས་བཞིན་པ་ཞིག་རེད། དེང་སང་༸པཎ་ཆེན་རིན་པོ་ཆེ་ཞེས་ཞུ་བའི་སྐབས། བོད་མི་རིགས་ཀྱི་དཔའ་བོ་དང། རླབས་ཆེན་གྱི་མི་སྣ། བོད་མི་རིགས་ཀྱི་དོན་དུ་སྐུ་སྲོག་བློས་གཏོང་གནང་ཐུབ་མཁན་ཞིག་ལ་ཀུན་གྱིས་ངོས་འཛིན་གསལ་པོར་ཐུབ་ཀྱི་ཡོད། ཉེ་ཆར་རྡོ་རྗེ་གདན་དུ་གནང་བའི་༸སྐུ་མདུན་གྱི་བཀའ་སློབ་ནང་དུ། ༸པཎ་ཆེན་རིན་པོ་ཆེ་མཆོག་གློ་བུར་དུ་སྐུ་མྱ་ངན་ལས་འདས་པ་ནི་བོད་སྤྱི་པའི་བསོད་ནམས་ཀྱིས་མ་འཆུན་པ་རེད། ཅེས་གསུངས་ཡོད་པར་མ་ཟད་དེ་རིང་གི་རྗེས་དྲན་ཚོགས་འདུ་འདིའི་ཐོག་གནང་བའི་གསུང་འཕྲིན་གྱི་ནང་དུ་ཡང། བོད་འབངས་སྤྱི་སྒོས་བསོད་ནམས་ཀྱིས་མ་འཆུན་པས་༸པཎ་ཆེན་རིན་པོ་ཆེ་གློ་བུར་དགོངས་པ་རྫོགས་པ་རེད། ཅེས་བཀའ་གནང་འདུག་པ་འདི་དངོས་ཡོད་ཀྱི་གནས་ཚུལ་རེད། བོད་སྤྱི་པའི་བསོད་ནམས་ཀྱིས་མ་འཆུན་པའི་དབང་གིས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གློ་བུར་དུ་དགོངས་པ་གཞན་དོན་དུ་གཤེགས་པའི་གནས་ཚུལ་ངན་པ་འདི་བྱུང་བ་གསལ་པོ་རེད། བོད་སྤྱི་པའི་དོན་དུ་སྐུ་ལས་བསྐྱོན་ནས་གྲུབ་འབྲས་གང་ལ་གང་འཚམས་ལེགས་པོ་ཐོན་བཞིན་པའི་སྐབས་དེར་དགུང་ལོ་ཆེན་པོ་མིན་ཡང་གློ་བུར་དུ་སྐུ་ཚེ་ལ་བར་ཆད་བྱུང་བ་རེད། དངོས་ཡོད་གནས་ཚུལ་ལ་༸པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་མ་ཐུབ་པ་འདི་བོད་སྤྱི་པའི་བསོད་ནམས་ཀྱིས་མ་འཆུན་པས་རེད། ༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དེ་ཡང་སྐུ་ན་ཤིན་ཏུ་གཞོན་པའི་སྐབས་ནས་བཟུང་སྟེ་རྒྱ་ནག་གཞུང་གིས་བཙོན་ཁང་དུ་བཅུག་སྟེ་འགུལ་ས་འཕག་ས་མེད་པར་བཟོ་དགོས་པ་དེ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་འཕྲིན་ལ་རྒྱ་ནག་གཞུང་སྐྲག་སྣང་ཡོང་གི་ཡོད་པའི་རྒྱུ་མཚན་གྱིས་རེད། རྒྱ་ནག་གཞུང་གིས་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་ཆུང་ཆུང་དེ་ཕྱི་ལ་བཏོན་པ་ཡིན་ན་རྒྱ་ནག་གཞུང་ལ་གནོད་ཡོང་གི་རེད་སྙམ་པའི་སྐྲག་སྣང་ཤུགས་ཆེན་པོ་ཡོད་པའི་རྒྱུ་མཚན་གྱིས་མུན་ནག་གི་བཙོན་ཁང་ལ་འཇུག་དགོས་ཆགས་པ་རེད།

བར་སྐབས་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གི་མཛད་འཕྲིན་ཉི་ཟླ་བཞིན་གསལ་ཡོང་གི་ཡོད་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད་པ་མ་གཏོགས། དེ་སྔའི་ལོ་རྒྱུས་ཀྱི་གནས་སྟངས་ཀྱི་དབང་དུ་བྱས་ན། བོད་ཕྱི་ནང་གང་དུ་ཡིན་ནའང་གནའ་སྔ་མོ་ནས་པཎ་ཆེན་རིན་པོ་ཆེའི་མཛད་འཕྲིན་གྱི་སྐོར་ལ་སྐུ་ངལ་མང་པོ་ཞིག་འཕྲད་མྱོང་ཡོད་པར་མ་ཟད་༸རྒྱལ་བ་པཎ་ཆེན་གྱི་འབྲེལ་བའི་སྐོར་ལ་ཡིན་ནའང་སྐུ་ངལ་མང་པོ་འཕྲད་མྱོང་བ་འདི་བོད་སྤྱི་པའི་བསོད་ནམས་ཀྱིས་མ་འཆུན་པ་ལ་བརྟེན་ནས་བྱུང་བ་ཞིག་རེད།

          མ་འོངས་པར་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་ཚེའི་མཛད་པ་ལ་རྗེས་དྲན་དངོས་གནས་ཞུ་རྒྱུ་ཡིན་ན། གནས་ཚུལ་ངན་པ་འདི་རིགས་བསྐྱར་དུ་མི་ཡོང་བར་༸རྒྱལ་བ་ཡབ་སྲས་གཉིས་ཐུགས་མཐུན་པ་ཞིག་དང་བོད་མི་མང་ཁ་མཐུན་པ་ཞིག་ཡོང་བའི་དོན་དུ་ང་ཚོས་བྱེད་དགོས་པ་ག་རེ་འདུག་འདིའི་ཐོག་ལ་བསམ་བློ་གཏོང་དགོས། རྗེས་དྲན་དངོས་གནས་ཞུ་ན་འདི་འདྲ་ཞིག་གི་ཐོག་ནས་རྗེས་དྲན་ཞུ་དགོས། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་སྐབས་ལ་མཚོན་ན་བོད་མིའི་ནང་ཁུལ་དུ་ཚོང་པ་རྒྱག་པ་ཟེར་བ་ལ་སོགས་པ་བཤད་སྟངས་ངན་པ་སྣ་ཚོགས་བྱུང་མྱོང་ཡོད། ཕྱིས་སུ་ཡིག་འབྲུ་ཁྲི་བདུན་ཕྱི་ལ་ཐོན་པ་ནས་བཟུང་༸པཎ་ཆེན་རིན་པོ་ཆེ་བོད་མི་རིགས་ཀྱི་དཔའ་བོ་ཡིན་པར་ཡོངས་གྲགས་ཀྱིས་ངོས་འཛིན་ཐུབ་པ་ཞིག་བྱུང་བ་རེད།

ད་ཕྱིན་ཆད་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་རྗེས་དྲན་ཞུ་བའི་སྐབས་བོད་མི་མང་རྡོག་རྩ་གཅིག་ཏུ་སྒྲིལ་ཐུབ་པ་དང་༸པཎ་ཆེན་རིན་པོ་ཆེས་བཀའ་སློབ་གང་གནང་བ་དེ་དག་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་དང་གཅིག་མཐུན་ཡིན་དུས་བོད་ཕྱི་ནང་གཉིས་ཀ་ནས་༸པཎ་ཆེན་རིན་པོ་ཆེའི་བཀའ་སློབ་ཀྱི་དགོངས་དོན་འགྲུབ་པ་ལ་ང་ཚོས་ལས་དོན་བྱ་དགོས་པ་ག་རེ་འདུག། འདིའི་ཐོག་བསམ་བློ་བཏང་ནས་འཆར་གཞི་བསྒྲིག་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད། བོད་ནང་དུ་ཡིན་ནའང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་རྗེས་དྲན་གྱི་ཚོགས་འདུ་སྣ་ཚོགས་ཤིག་ཚོགས་གནང་གི་འདུག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

གོང་དུ་སྟོབས་ལགས་ཀྱིས་ང་དང་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་བར་དངོས་སུ་འབྲེལ་བ་བྱུང་བ་རེད་ཅེས་གསུངས་པ་བདེན་པ་རེད། ཕྱི་ལོ་ ༡༩༨༤ ལོར་ང་ཕ་ཡུལ་དུ་འགྲོ་བའི་སྐབས་༸པཎ་ཆེན་རིན་པོ་ཆེ་སྐུ་དངོས་སུ་མཇལ་བ་ཙམ་དུ་མ་ཟད་ཐེངས་མ་ཁ་ཤས་ལྷོད་མཇལ་ཞུ་རྒྱུ་བྱུང་ལ། གསོལ་ཚིགས་རྒྱས་པོ་ཞིག་གནང་སྟེ་མཇལ་འཕྲད་ཞེ་དྲག་ལྷོད་པོ་བྱུང། སྐབས་དེ་དུས་ཀྱི་མཛད་པ་ལ་ཆ་བཞག་ནའང་མི་རིགས་ཀྱི་དཔའ་བོ་ཞིག་རེད་འདུག་ལ། བཀའ་མོལ་ག་རེ་གནང་དགོས་ནའང་འཛེམས་ཟོན་མེད་པར་ཁ་ཐུག་ལ་གསུང་ཐུབ་མཁན་ཞིག་རེད་འདུག། ཁོང་གི་དགོངས་གཞི་གཙོ་བོ་དེ། སྟག་ཕྲུག་ལེན་པ་ལ་སྟག་ཚང་ནང་དུ་འཛུལ་དགོས། ཞེས་པའི་བཀའ་གནང་སྟེ་འདི་ལྟ་བུའི་སྲིད་བྱུས་གཙོ་བོར་འཛིན་གནང་མཁན་ཞིག་རེད་འདུག སྐུ་ཚེ་ཧྲིལ་པོར་སྟག་ཚང་ནང་དུ་བཞུགས་ནས་བོད་སྤྱི་པའི་ལས་དོན་ལ་ཕྱོགས་མང་པོ་ནས་ཨེ་འགྲུབ་ཀྱི་འབད་བརྩོན་ལྷོད་མེད་གནང་སྟེ་མཛད་རྗེས་ཆེན་པོ་བཞག་ཡོད། བོད་ནང་དུ་བོད་ཀྱི་མང་ཚོགས་ཁྲོད་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་ཡར་རྒྱས་འགྲོ་བའི་འགོ་དང་པོ་དེ་སྐབས་དེ་ནས་བཙུགས་ཡོད། བོད་མི་མང་གི་བསོད་ནམས་ཀྱིས་འཆུན་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ད་ལྟ་མུ་མཐུད་སྐུ་འཚོ་བཞུགས་གནང་ཐུབ་ཡོད་ན། བོད་ཕྱི་ནང་གཉིས་ཀྱི་བར་ལ་འབྲེལ་མཐུད་བྱེད་ཐུབ་མཁན་གྱི་འཇོན་ཐང་ཅན་གྱི་བོད་མི་ཞིག་བོད་ནང་དུ་བཞུགས་ཡོད་པ་རེད། ང་ཚོའི་བསོད་ནམས་ཀྱིས་མ་འཆུན་པའི་དབང་གིས་བོད་ཕྱི་ནང་གཉིས་དང་རྒྱ་བོད་བར་འབྲེལ་མཐུད་བྱེད་མཁན་གྱི་མི་དེ་མེད་པར་གྱུར་པ་རེད།

༸པཎ་ཆེན་རིན་པོ་ཆེའི་དགོངས་པ་བཞེས་སྟངས་དེ་ཤིན་ཏུ་རླབས་ཆེན་པོ་ཡིན་པ་ཙམ་དུ་མ་ཟད་འཇོན་ཐང་ལྡན་པ་ཞིག་ཀྱང་རེད་འདུག རྒྱ་ནག་གི་སྐབས་དེའི་དཔོན་རིགས་ཆེ་ཁག་ཡོངས་རྫོགས་ལ་འབྲེལ་ལམ་དམ་ཟབ་ཡོད་འདུག འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་གཙོས་པའི་བོད་རིགས་ཀྱི་འགོ་ཁྲིད་ཡོངས་རྫོགས་ལ་ཡང་འབྲེལ་བ་ཤུགས་ཆེན་པོ་དང་དམ་གཙང་ཡོད་མཁན་ཞིག་རེད་འདུག། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་སྐུ་ཚེ་རིང་པོར་བཞུགས་མ་ཐུབ་པ་ནི་བོད་མི་རིགས་ཀྱི་གྱོང་གུད་ཆེན་པོ་དང་ང་ཚོའི་བསོད་ནམས་ཀྱིས་མ་འཆུན་པའི་འབྲས་བུ་ངན་པ་ཞིག་རེད། རྩ་བའི་༸རྒྱལ་བ་ཡབ་སྲས་གཉིས་ཐུགས་མཐུན་པོ་ཡོད་ཀྱང་ལོ་རྒྱུས་ཀྱི་ཐོག་ནས་སྔ་ཕྱི་བྱས་ཏེ་གནས་ཚུལ་མ་བདེ་བ་སྣ་ཚོགས་བྱུང་མྱོང་ཡོད། ལོ་རྒྱུས་ནང་བྱུང་མྱོང་བའི་གནས་ཚུལ་ངན་པ་འདི་རིགས་ད་ཕྱིན་ཆད་མཇུག་བསྒྲིལ་ཏེ་གཙང་མ་ཞིག་ཡོང་བ་ལ་རྣམ་པ་ཚོ་ཡོངས་རྫོགས་ཀྱིས་དགོངས་པ་བཞེས་དགོས་པ་དེ་གལ་ཆེན་པོ་རེད། ཅེས་ཞུ་འདོད་བྱུང།

          ང་པེ་ཅིང་དུ་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་ལ་མཇལ་འཕྲད་ཞུ་བའི་སྐབས། ༸རྒྱལ་བ་རིན་པོ་ཆེས་༸པཎ་ཆེན་རིན་པོ་ཆེ་ལ་ཆེད་དུ་འབུལ་རྒྱུའི་ཕྱག་བྲིས་ཕྱག་བསྟར་མའི་ཕྱག་ཡིག་ནང་མ་ཞིག་ང་ལ་བསྐུར་གནང་སོང། དངོས་ཡོད་གནས་ཚུལ་ལ་༸རྒྱལ་བ་ཡབ་སྲས་གཉིས་ཐུགས་མཐུན་པོ་དང་ནང་ཚགས་ཡོད་པའི་རྒྱུ་མཚན་དེ་འདྲ་རེད། ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་དགོངས་པ་རྫོགས་སྟངས་ཐད་ལ་༸རྒྱལ་བ་རིན་པོ་ཆེས་བཀའ་སློབ་སྔ་ཕྱི་བྱས་ཏེ་ཕེབས་ཡོད། དངོས་ཡོད་གནས་ཚུལ་ལ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་དགོངས་པ་གང་འདྲ་བྱས་ནས་རྫོགས་ཡོད་མེད་ལ་བརྟག་དཔྱད་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱ་དགོས་པ་དེ་ཤིན་ཏུ་ནས་གལ་ཆེན་པོ་རེད། ༸པཎ་ཆེན་རིན་པོ་ཆེ་ཞལ་བཞུགས་པའི་སྐབས་སུ་ཡིན་ནའང་བོད་མིའི་ནང་ཁུལ་ནས་སྐད་ཆ་ངན་པ་ཞུ་མཁན་གྱི་རིགས་བྱུང་མྱོང་བ་རེད། འདས་པའི་གནས་ཚུལ་དེ་ནས་བསླབ་བྱ་བླངས་ཏེ་མ་འོངས་པར་དེ་འདྲ་མ་ཡོང་བ་ཞིག་བྱེད་དགོས་ཀྱི་འདུག ༸པཎ་ཆེན་རིན་པོ་ཆེ་དགོངས་པ་རྫོགས་ནས་ལོ་སུམ་ཅུ་ཕྱིན་པའི་རྗེས་སུ་ད་དུང་ཡང་བོད་མིའི་ནང་ཁུལ་དུ་༸རྒྱལ་བ་རིན་པོ་ཆེའི་མཛད་པ་འཕྲིན་ལས་ལ་སྐྱོན་བརྗོད་དང་ཟུར་ཟ་ལྟ་བུ་ཞུ་མཁན་ཉུང་ཤས་ཤིག་ཡོང་གི་ཡོད། མ་འོངས་པར་ང་ཚོའི་བསོད་ནམས་ཀྱིས་མ་འཆུན་པའི་གནས་ཚུལ་ངན་པ་དེ་འདྲ་སླར་ཡང་མི་ཡོང་བར་བོད་མི་ཡོངས་རྫོགས་ཀྱིས་གཟབ་གཟབ་བྱ་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད་ཅེས་དྲན་སྐུལ་ཞུ་འདོད་བྱུང།

          ང་སྒེར་གྱི་གནས་སྟངས་ལ་མཚོན་ན། ༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་པ་ཆོས་ཀྱི་རྒྱལ་མཚན་དང་ངའི་སྐུ་ཕྲེང་གསུམ་པའི་བར་ལ་འབྲེལ་བ་བྱུང་ཡོད་ལ། ༸པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་དང་ངོས་ཀྱི་སྐུ་ཕྲེང་ལྔ་པ་གྲུབ་དབང་བསྟན་པའི་རྒྱལ་མཚན་གྱི་བར་འབྲེལ་བ་བྱུང་ཡོད། ༸པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ་དང་ངོས་ཀྱི་སྐུ་ཕྲེང་བདུན་པ་ཐུབ་བསྟན་ཉི་མའི་བར་དམིགས་བསལ་འབྲེལ་བ་བྱུང་སྟེ་ད་ནས་བཟུང་ཀིརྟི་ཚང་གིས་བླ་མ་ཆེན་པོ་ལ་འོས་པའི་ལས་ཚན་བཅུ་གསུམ་འཁྱེར་ཆོག་པའི་བཀའ་ཤོག་གནང་བ་རེད། ༸པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མས་ཀིརྟི་སྐུ་ཕྲེང་དགུ་པའི་ཡང་སྲིད་སྐུ་ཕྲེང་བཅུ་པ་ངོས་འཛིན་མཛད། ༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་དང་ང་དངོས་སུ་མཇལ་བ་རེད། ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་དང་ངའི་བར་ལ་འབྲེལ་བ་ཤིན་ཏུ་ཆེན་པོ་ཡིན། ང་ཙམ་མ་ཡིན་པར་བོད་ཀྱི་བླ་ཆེན་ཡོངས་རྫོགས་༸རྒྱལ་བ་ཡབ་སྲས་གཉིས་ཀ་ལ་འབྲེལ་བ་མེད་མཁན་མེད་པ་ལྟ་བུ་རེད། གོང་དུ་གསུང་བཤད་གནང་མཁན་ཞིག་གིས་གསུངས་པ་བཞིན་བླ་བྲང་བཀྲ་ཤིས་འཁྱིལ་ལྟ་བུར་མཚོན་ན། ༸རྒྱལ་བ་ཡབ་སྲས་གཉིས་ཀ་ཕེབས་པ་ཙམ་དུ་མ་ཟད་༸རྒྱལ་བ་ཡབ་སྲས་གཉིས་ཀྱི་གཟིམ་ཆུང་འདུ་ཁང་གི་རྩེ་ཐོག་ཏུ་ཡོད་པ་རེད། བོད་ཀྱི་དགོན་པ་ཆེ་ཁག་མང་ཆེ་བའི་ནང་དུ་༸རྒྱལ་བ་ཡབ་སྲས་གཉིས་ཀྱི་གཟིམ་ཆུང་མེད་ས་མེད་པ་ལྟ་བུ་ཡིན། དེ་རིང་འདིར་ཕེབས་མཁན་མང་ཆེ་བ་ལོ་ཆུང་ཆུང་ཡིན་དུས་གནས་སྟངས་འདི་རིགས་གསལ་པོ་ཤེས་ཀྱི་མེད་མཁན་ཡང་ཡོད་སྲིད་པ་རེད། དངོས་ཡོད་གནས་སྟངས་འདི་རིགས་མཁྱེན་དགོས་པ་དེ་གལ་ཆེན་པོ་རེད། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་རྗེས་དྲན་དང་འབྲེལ་ནས་ཞུ་དགོས་པ་དེ་ཙམ་ཡིན།

          ༸ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་ལོ་འདི་འདྲའི་མང་པོའི་རིང་བཙོན་ཁང་དུ་བཞུགས་ཡོད། ད་ལྟ་ཡིན་ནའང་གར་སོང་ཆ་མེད། ཐ་ན་སྐུ་འཚོ་བཞུགས་ཡིན་མིན་གྱི་གནས་ཚུལ་ཙམ་ཡང་ཧ་མ་གོ་བའི་གནས་སྟངས་ཤིག་ཏུ་གྱུར་ཡོད། བོད་མི་རིགས་ཡོངས་རྫོགས་ཀྱིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་བཙོན་གྲོལ་ཡོང་བའི་དོན་དུ་གང་ནུས་ཀྱིས་འབད་བརྩོན་ཞུས་དང་ཞུ་བཞིན་ཡོད་པ་རེད་ལ། མ་འོངས་པར་མུ་མཐུད་འདིའི་ཐོག་འབད་བརྩོན་གནང་རོགས་ཞེས་ངའི་ངོས་ནས་རེ་འདུན་ཞུ་རྒྱུ་ཡིན། ངས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་རྗེས་དྲན་ཚོགས་འདུ་དང་འབྲེལ་བའི་ཚིག་འགའ་ཤས་ཞུ་རྒྱུ་ཡོད་པ་ཞུས་ཚར་བ་ཡིན།

          དེ་རིང་འདིར་མདོ་སྨད་པ་མང་པོ་ཞིག་ལྷན་གཅིག་ཏུ་འཛོམས་ཡོད་པ་དང། བྱེས་ཀྱི་གདན་ས་བཀྲ་ཤིས་འཁྱིལ་གྱི་དབུ་ལས་དང་དགེ་འདུན་པ་རྣམས་བཞུགས་པའི་ཐོག་ངས་ཚིག་འགའ་ཤས་ཤིག་ཞུ་འདོད་བྱུང་བ་ཡིན་དུས། མདོ་སྨད་ས་གནས་ཚོགས་གཙོ་ལ་དམིགས་བསལ་གྱི་ཚིག་ཁ་ཤས་བཤད་ན་འགྲིག་གི་ཡོད་མེད་དགོངས་སྐོར་ཞུས་པའི་སྐབས་འགྲིག་ཅེས་གསུངས་བྱུང། དེ་བཞིན་དུ་སྐུ་མགྲོན་རྣམ་པ་ཚོ་ལ་ཡང་དུས་དྲན་དང་མ་འབྲེལ་བའི་ཚིག་འགའ་ཤས་ཤིག་ཞོར་ལ་ཞུ་ཆོག་པའི་བཀའ་འཁྲོལ་ཞུ་རྒྱུ་ཡིན། ང་ལོ་རྒས་འཁོགས་ཡིན་དུས་ས་གནས་འདིར་ཡང་བསྐྱར་ཡང་བསྐྱར་སླེབས་ཀྱི་མི་འདུག་པས་ད་རེས་སླེབས་པའི་སྐབས་དང་བསྟུན་ནས་ཚིག་འགའ་ཤས་ཞུས་ན་བསམས་པ་ཡིན།

          དེ་རིང་འདིར་མདོ་སྨད་པ་ལོ་བརྒྱད་ཅུ་ལོན་མཁན་མང་པོ་ཞིག་ཡར་བཞེངས་པ་གནང་སོང། ས་གནས་འདིའི་ལོ་རྒྱུས་ཆ་ཚང་བ་རྣམ་པ་ཚོའི་ཐུགས་ལ་གསལ་པོ་ངེས་ཀྱི་ཡོད། རྣམ་པ་ཚོ་དགུང་ལོ་བརྒྱད་ཅུ་ལོན་པའི་བར་དུ་ས་གནས་འདིའི་ཐོག་སྐུ་ལས་མང་པོ་བསྐྱོན་པ་རེད་ལ། སྐུ་ངལ་མང་པོ་ལ་ཡང་འཕྲད་མྱོང་ཡོད་དུས་དེ་རིང་རྣམ་པ་ཚོ་དང་དངོས་སུ་མཇལ་རྒྱུ་བྱུང་བ་ང་ཤིན་ཏུ་དགའ་པོ་བྱུང། གཞིས་ཆགས་སྲ་བརྟན་ཡོང་བའི་དོན་དུ་རྣམ་པ་ཚོས་སྐུ་ལས་ཞེ་དྲག་བསྐྱོན་ཡོད་ལ། བཀྲ་ཤིས་འཁྱིལ་གྱི་དགོན་པ་འདི་ཐོག་མར་གསར་དུ་བཞེངས་པའི་སྐབས་ནས་བཟུང་སྟེ་རྣམ་པ་ཚོས་སྐུ་ངལ་མང་པོ་བསྐྱོན་ཡོད། རྒྱ་གར་ནང་གི་བཀྲ་ཤིས་འཁྱིལ་གྱི་གདན་སའི་མཁན་རིན་པོ་ཆེ་དང་དགེ་འདུན་པ་ཚོ་ལ་དེ་རིང་མཇལ་རྒྱུ་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བགྲེས་སོང་ཚོ་ལ་ངའི་ངོས་ནས་དམིགས་བསལ་ཞབས་ཕྱི་ཐུབ་པ་གང་ཡང་མེད་ནའང། ཕ་ཡུལ་ནས་རྡ་རམ་ས་ལ་སོགས་ལ་ང་ཐུག་པར་ཡོང་བའི་གྲས་ནས་དགུང་ལོ་བརྒྱད་ཅུ་ལོན་པའི་རིགས་ལ། ཁྱེད་ཚོས་ལོ་བརྒྱད་ཅུ་ལོན་པའི་བར་དུ་རང་གི་ཁྱིམ་ཚང་དང་བོད་མི་རིགས་ཀྱི་ཆེད་དུ་སྐུ་ལས་བསྐྱོན་པ་རེད། བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་ཐུགས་རྗེ་ཆེན་པོའི་སྐུ་རེ་དད་རྟེན་དུ་འབུལ་གྱི་ཡོད། འདི་གའི་ལོ་བརྒྱད་ཅུ་ཐམ་པ་ལོན་པ་རྣམས་ནས་རྗེས་མ་རྡ་རམ་ས་ལར་བཞེས་པར་ཕེབས་ཐུབ་མཁན་རེ་ཡོད་ན་ངའི་ངོས་ནས་ཐུགས་རྗེ་ཆེན་པོའི་སྐུ་རེ་དད་རྟེན་དུ་འབུལ་རྒྱུ་ཡིན།

          དེ་རིང་འདིར་ངའི་ལོ་རྒྱུས་ཕྲན་བུ་ཞུས་པ་ཡིན་ན། ༸ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་པས་ང་རང་ཀིརྟི་ཚང་གི་ཡང་སྲིད་ལ་ངོས་འཛིན་གནང་བ་ཞིག་རེད། ངོས་འཛིན་གནང་སྟངས་དེ་ཡང་གཞན་དང་མ་འདྲ་བ་ཞིག་གི་ཐོག་ནས་གནང་ཡོད། སྐབས་དེར་ཆབ་སྲིད་ཀྱི་གནས་སྟངས་སྣ་ཚོགས་ཡོད་པའི་དབང་གིས་ཀིརྟི་ཚང་གི་ཡང་སྲིད་ངོས་འཛིན་ཞུ་རྒྱུ་༸ཀུན་མཁྱེན་འཇམ་དབྱངས་བཞད་པ་ལ་ཞུས་ན་འགྲིག་དང་མི་འགྲིག་གི་བསམ་ཚུལ་མི་མཐུན་པ་སྣ་ཚོགས་བྱུང་ཡོད་ནའང། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་མཆོག་གིས་ཀིརྟི་ཚང་གི་ཡང་སྲིད་སྐོར་༸ཀུན་མཁྱེན་འཇམ་དབྱངས་བཞད་པ་ལ་ཞུས་ན་བསླུ་བ་ཡོང་གི་མ་རེད། ཅེས་བཀའ་ནན་པོ་གནང་བ་ཡིན་དུས་ཀིརྟི་ཚང་ལ་གནས་ཚད་གཏོགས་ཚད་ཀྱི་བླ་སྤྲུལ་མཁན་ལས་ཟུར་དང་རྒྱལ་བློན་སོགས་མི་སྣ་གྲགས་ཅན་མང་པོ་ཞིག་དངོས་སུ་༸ཀུན་མཁྱེན་འཇམ་དབྱངས་བཞད་པའི་མདུན་དུ་བཅར་ནས་ངོས་འཛིན་གནང་རོགས་ཞེས་ཞུས་པའི་སྐབས། སྐྱེས་བུ་དམ་པ་མང་པོ་ཞིག་གིས་ཐུགས་དམ་རྩེ་མཐུན་བྱུང་བའི་མཚན་ཐོ་དེ་རང་ལ་ངོས་འཛིན་གནང་སྟེ་གཞན་དང་མ་འདྲ་བའི་ཐུན་མོང་མ་ཡིན་པ་ཞིག་མཛད་པ་རེད་ཅེས་པའི་གསུང་ཚུལ་ཞིག་ཡོད། རྗེས་མ་བླ་བྲང་ཁུལ་གྱི་སྐྱ་སེར་མང་པོ་ཞིག་གིས་ང་ལ་དམིགས་བསལ་གྱིས་དགའ་པོ་བྱེད་དགོས་པའི་རྒྱུ་མཚན་ཞིག་ནི་༸ཀུན་མཁྱེན་འཇམ་དབྱངས་བཞད་པས་ངོས་འཛིན་གཞན་དང་མ་འདྲ་བ་མཛད་པའི་བླ་མ་ཞིག་ཡིན་ཅེས་པའི་ཤོད་སྲོལ་ཡང་ཡོད། ཐག་གཅོད་གནང་གྲུབ་པའི་ངའི་མིང་ཐོ་དེ་༸ཀུན་མཁྱེན་འཇམ་དབྱངས་བཞད་པའི་བླ་བྲང་ནས་ཆེ་མཐོང་དང་བཅས་སྒྲོལ་མ་ལྷ་ཁང་དུ་གདན་འདྲེན་ཞུ་རུ་བཅུག་པ་རེད། ངའི་མིང་ཐོ་སྒྲོལ་མ་ལྷ་ཁང་དུ་གདན་འདྲེན་ཞུས་པའི་སྐབས། བཀྲ་ཤིས་འཁྱིལ་གྱི་གཞུང་བླ་མ་ལས་སྣེ་དང་༸ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྐུ་འཁོར་ཞབས་ཕྱི་དང་བཅས་པས་སེར་ཕྲེང་སྤོས་སྣ་ཞུས་ཏེ་ཆེ་བསྟོད་བླ་ན་མེད་པ་དེ་སྔ་ཞུ་མ་མྱོང་བ་ཞིག་གནང་བའི་ཐོག་ནས་གདན་འདྲེན་ཞུས་པ་རེད། ༸ཀུན་མཁྱེན་འཇམ་དབྱངས་བཞད་པས་དམིགས་བསལ་ཆེ་བསྟོད་གནང་བའི་གནས་ཚུལ་རྣམ་ཐར་དང་ལོ་རྒྱུས་ཁག་ཏུ་གསལ་པོ་ཡོད། སྔ་མོའི་འབྲེལ་བའི་གནས་སྟངས་འདི་འདིར་བཞུགས་པའི་བཀྲ་ཤིས་འཁྱིལ་གྱི་གྲྭ་པ་དང་འབྲེལ་ཡོད་མང་ཆེ་བས་ཕལ་ཆེར་མཁྱེན་གྱི་མ་རེད་བསམས་ནས་ཞུས་པ་ཡིན། དེ་ཙམ་དུ་མ་ཟད་ཀིརྟི་ཚང་གི་སྐུ་ཕྲེང་འགའ་ཤས་ཤིག་༸ཀུན་མཁྱེན་འཇམ་དབྱངས་བཞད་པས་ངོས་འཛིན་གནང་བ་རེད། ༸ཀུན་མཁྱེན་འཇམ་དབྱངས་བཞད་པས་ཀིརྟི་ཚང་ངོས་འཛིན་གནང་བ་ཡིན་ན་དེ་འཕྲོད་པོ་ཡོད་ཅེས་ཀུན་གྱིས་ཡིད་ཆེས་ཞུ་གི་ཡོད།

          ཕྱི་ལོ་ ༡༩༨༤ ལོར་ང་ཕ་ཡུལ་བོད་ནང་དུ་ལྟ་སྐོར་ལ་འགྲོ་བའི་སྐབས། དངོས་སུ་༸ཀུན་མཁྱེན་འཇམ་དབྱངས་བཞད་པའི་མདུན་དུ་བཅར་ཐུབ་པ་ཞིག་བྱུང་མེད་ནའང། ༸ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་གུང་ཐང་ཚང་རྣམ་པ་གཉིས་ལ་འཚམས་ཞུ་འབུལ་མཁན་གྱི་མི་སྣ་ཞིག་ཆེད་གཏོང་ཞུས་པ་ཡིན། ཁོང་རྣམ་པ་གཉིས་ཀའི་བཀའ་ལན་གུང་ཐང་རིན་པོ་ཆེའི་ཕྱག་བསྟར་མའི་ཕྱག་བྲིས་ཤིག་གནང་བྱུང། རྣམ་པ་གཉིས་ཀས་ང་ལ་གཟིགས་ཚུལ་དམིགས་བསལ་བ་ཞིག་ཡོད།

སྔོན་མ་ང་ཆོས་རིག་བཀའ་བློན་ཡིན་པའི་སྐབས་ཆོས་རིག་བཀའ་བློན་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ཐོག་མ་དེ་བཀྲ་ཤིས་འཁྱིལ་ལ་ཡོང་བ་ཡིན། ས་གནས་འདིར་ཡོང་དགོས་པའི་རྒྱུ་མཚན་ནི། དོན་གྲུབ་གླིང་གི་གཞིས་ཆགས་འདི་གལ་ཆེན་པོ་ཡིན་པ་དང་བྱེས་ཀྱི་གདན་ས་བཀྲ་ཤིས་འཁྱིལ་འདིར་ཡོད་པས་ཡིན། ད་རེས་ཀྱང་འདིར་བཅར་དགོས་པའི་རྒྱུ་མཚན་ནི། རྗེས་དྲན་གྱི་ཚོགས་འདུ་ཚོགས་ས་བཀྲ་ཤིས་འཁྱིལ་གྱི་གདན་ས་ལ་ཡིན་པ་དང། ས་གནས་དོན་གྲུབ་གླིང་གི་མདོ་སྨད་ཚོགས་པས་གོ་སྒྲིག་བྱས་པ། ས་གནས་འདིར་མདོ་སྨད་པ་མི་མང་མང་པོ་ཞིག་དངོས་སུ་མཇལ་རྒྱུ་ཡོད་པ་དེའི་གོ་སྐབས་དང་བསྟུན་ནས་ཡོང་བ་ཡིན་མ་གཏོགས། ན་ནིང་སྐབས་ཤིག་ལ་གཟུགས་ཁམས་མ་བདེ་བ་བྱུང་བའི་དབང་གིས་སྤྱི་སྒེར་གྱི་ཚོགས་པ་ཤོག་ཟེར་མཁན་མང་པོ་ཞིག་བྱུང་ནའང་དགོངས་པ་ཞུས་ནས་སོང་མེད། ལོ་འདིའི་ནང་དུ་ཕྱིའི་མཛད་སྒོ་དང་ཚོགས་འདུ་ལ་བཅར་བ་ད་རེས་ཐེངས་དང་པོ་ཡིན། ངས་འདིར་གལ་ཆེན་པོར་བརྩི་དགོས་པའི་རྒྱུ་མཚན་ནི་བོད་ཕྱི་ནང་གཉིས་ཀའི་མཐུན་ལམ་དེ་ཤིན་ཏུ་གལ་ཆེན་པོར་མཐོང་བས་ཡིན། མདོ་སྨད་ཀྱི་ནང་དུ་སྔ་མོ་ནས་བླ་མ་དང་དཔོན་པོ་ཚོའི་བར་མཐོ་ས་ནས་མཐུན་ལམ་ཤིན་ཏུ་ཡག་པོ་ཡོད་ནའང། འོག་ཏུ་ཅི་ཡང་མི་ཤེས་མཁན་གྱི་མི་འགའ་ཤས་ཀྱི་བཤད་སྟངས་དང་ལས་སྟངས་མ་ཤེས་པའི་དབང་གིས་ནང་ཁུལ་མ་བདེ་བའི་གནས་ཚུལ་ངན་པ་སྔ་ཕྱི་བྱས་ནས་བྱུང་མྱོང་ཡོད། དེ་རིང་འདིར་ང་དངོས་སུ་བཅར་ཐུབ་ན་བོད་ཕྱི་ནང་གི་གཉིས་ཀའི་མཐུན་ལམ་ལ་ཕྲན་བུ་རེ་ཕན་ཐོགས་ཡོང་གི་རེད་བསམས་པའི་རེ་བས་ཡིན། བོད་ནང་གི་བཀྲ་ཤིས་འཁྱིལ་དུ་བཞུགས་པའི་གྲྭ་པ་ཚོས་ང་ལ་གཟིགས་ཚུལ་ཡག་པོ་འདུག་ཅེས་པའི་གནས་ཚུལ་ཞིག་ངས་གོ་བསྡད་ཀྱི་འདུག ང་ཚོའི་མཐུན་ལམ་གྱི་ཐོག་ལ་ཕན་ཐོགས་ཕྲན་བུ་རེ་ཡོང་གི་རེད་བསམས་པའི་རེ་བས་དེ་རིང་ང་འདིར་དངོས་སུ་ཡོང་བ་ཡིན། བཀྲ་ཤིས་འཁྱིལ་དང་ང་ཚོའི་བར་གྱི་འབྲེལ་བའི་སྐོར་ཚིག་འགའ་ཤས་ཞུ་དགོས་པའི་རྒྱུ་མཚན་ཡང་དེ་ཡིན།

          ས་གནས་འདིར་མདོ་སྨད་པ་ཤུལ་དུ་ལྷག་བསྡད་ཡོད་པ་རྣམས་ཀྱིས་ཧུར་ཐག་འབད་ཐག་གནང་དགོས་པ་དེ་གལ་ཆེན་པོ་རེད། སྔོན་མ་མདོ་སྨད་པ་ནང་ཁུལ་དུ་ཡིན་ཡང་མ་འཆམ་པའི་གནས་ཚུལ་མང་པོ་བྱུང་མྱོང་བ་རེད། ནང་ཁུལ་མ་འཆམ་པའི་གནས་ཚུལ་དེས་ང་ཚོ་ལ་ཕན་ཐོགས་ཡོད་པའི་གྲུབ་འབྲས་གང་ཡང་བྱུང་མེད། དེ་དུས་ང་ཚོའི་ནང་ཁུལ་ལ་འཆམ་པོ་ཡག་པོ་བྱེད་ཐུབ་ཡོད་ན་ད་ལྟའི་འདི་ལས་ལྷག་པའི་ཡར་རྒྱས་དང་གྲུབ་འབྲས་ལྡན་པ་ཞིག་ཡོང་ཡོད་རྒྱུ་རེད། དེ་སྔ་ནང་ཁུལ་མ་འཆམ་པས་དཀའ་ངལ་མང་པོ་བྱུང་མྱོང་ཡོད། དེང་སང་ས་གནས་མདོ་སྨད་པའི་ནང་ཁུལ་ལ་གནས་སྟངས་ལྷིང་འཇགས་ཡག་པོ་ཡོད་པ་བཞིན་མ་འོངས་པར་ཡང་མདོ་སྨད་པའི་ནང་ཁུལ་ལ་མཐུན་པོ་ཡོང་ཐབས་བྱ་དགོས་པ་དེ་གལ་ཆེན་པོ་རེད། ལྷག་པར་དུ་བོད་ཆོལ་ཁ་གསུམ་གྱི་ནང་ཁུལ་མཐུན་ལམ་བརྟན་པོ་ཡོང་ཐབས་བྱ་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད། བོད་ཆོལ་ཁ་གསུམ་རྡོག་རྩ་ཆིག་སྒྲིལ་དང་༸རྒྱལ་བ་རིན་པོ་ཆེའི་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུ་འདི་ང་ཚོའི་དགྲ་ལ་ངོམ་རྒྱུའི་སྟོབས་ཤུགས་གཙོ་བོ་དེ་ཡིན། སྟོབས་ཤུགས་འདི་འདྲ་ཞིག་ང་ཚོ་ལ་ཡོད་དུས་དགྲ་ཕྱོགས་ནས་ང་ཚོ་ལ་རང་བཞིན་གྱིས་ཞེད་སྣང་ཆེན་པོ་བྱེད་དགོས་ས་ཞིག་ཏུ་གྱུར་ཡོད། རྒྱ་ནག་གཞུང་གིས་བོད་ནང་ནས་བོད་མི་ཕྱི་ལ་མི་གཅིག་ཀྱང་གཏོང་གི་མེད། རྒྱ་གར་ལ་བཏང་བ་ཡིན་ན་ཁོ་ཚོ་ལ་གནོད་པ་སྐྱེལ་མཁན་གྱི་མི་ཞིག་ལ་འགྱུར་འགྲོ་ས་རེད་བསམས་ནས་ཞེད་སྣང་སྐྱེས་ཀྱི་ཡོད། ང་ཚོའི་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་དེ་འཐོར་སོང་བ་ཡིན་ན་རྒྱ་མིའི་ཞེད་སྣང་དེ་རང་བཞིན་གྱིས་བརླག་འགྲོ་གི་རེད། བོད་ཆོལ་ཁ་གསུམ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་བྱས་ཏེ་ནུས་པ་ཕྱོགས་གཅིག་ཏུ་སྤུངས་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད། ཕྱི་ལོ་ ༡༩༥༩ ལོའི་གོང་གི་ལོ་རྒྱུས་རྙིང་པ་མི་དགོས་པའི་རིགས་རྣམས་རིག་གནས་གསར་བརྗེའི་ལས་འགུལ་དང་མཉམ་དུ་མེད་པར་བྱ་དགོས་པ་དེ་གལ་ཆེན་པོ་རེད། ལོ་རྒྱུས་དང་ཞེན་འཁོག་རྙིང་པ་སྡང་འཛིན་གྱི་རིགས་བསྐྱར་དུ་ཉམས་གསོ་བྱ་དགོས་པའི་རྒྱུ་མཚན་གཏན་ནས་མེད། ང་ཚོ་དམ་ཚིག་རྡོག་རྩ་ཆིག་སྒྲིལ་གྱི་ལོ་རྒྱུས་གསར་པ་ཞིག་གི་ཐོག་ནས་འགྲོ་ཐུབ་ཐབས་བྱ་དགོས་པ་དེ་གལ་ཆེན་པོ་རེད།

    ང་ལ་མཚོན་ན་ད་ལོ་ལོ་བདུན་ཅུ་དོན་བདུན་དང་ལོོ་འདི་སར་ན་ལོ་བདུན་ཅུ་དོན་བརྒྱད་ལོན་པའི་བགྲེས་སོང་ཞིག་ཏུ་གྱུར་ཡོད་ནའང། ད་ལྟ་ལ་ཐུག་གི་བར་དུ་མདོ་སྨད་ནང་ཁུལ་དང་བོད་ཆོལ་ཁ་གསུམ་གྱི་མཐུན་ལམ་ཐོག་ལ་ནུས་པ་གང་ཡོད་ཀྱིས་ཤུགས་བརྒྱབས་པའི་ཁུལ་ཡིན། ལྷག་པར་དུ་བླ་བྲང་བཀྲ་ཤིས་འཁྱིལ་དང་ང་ཚོའི་བར་གྱི་འབྲེལ་བའི་ཐོག་ད་ལྟ་ལ་ཐུག་གི་བར་དུ་ཧུར་འབད་ཐག་གིས་གང་ཐུབ་ཐུབ་ཞུས་པ་ཡིན། བོད་ནང་དུ་ཡིན་ནའང་བཀྲ་ཤིས་འཁྱིལ་གྱི་གྲྭ་པ་གཞོན་པ་མང་པོ་ཞིག་གིས་ང་ལ་གཟིགས་ཚུལ་ཡག་པོ་ཡོད་པ་རེད་ཅེས་པའི་གནས་ཚུལ་གོ་རྒྱུ་འདུག།ང་ཚོའི་བར་གྱི་འབྲེལ་བ་ཡག་པོ་ཡོང་དགོས་པ་དེ་ཕྱོགས་གཉིས་ཀ་ལ་གལ་ཆེན་པོ་རེད། ང་ཚོའི་བར་གྱི་མཐུན་ལམ་གོང་ནས་གོང་དུ་འཕེལ་བར་བྱ་དགོས་པ་མ་གཏོགས་གནའ་སྔ་མོའི་ལོ་རྒྱུས་རྙིང་པ་ས་རྩོད་ཆུ་རྩོད་དང་དམག་རྒྱག་རེས་བྱས་པ་རེད་ཅེས་པ་ལྟ་བུ་ནང་ཁུལ་ལ་ན་ཚ་སློང་གཞིའི་ལོ་རྒྱུས་རྙིང་པ་འདིའི་རིགས་ལ་དྲན་གསོ་བྱ་དགོས་པའི་རྒྱུ་མཚན་མེད་ལ་མ་འོངས་པར་ཡང་ང་ཚོ་ལ་འདིའི་རིགས་གཏན་ནས་མི་དགོས་པ་ཞིག་རེད།

          དཔེར་ན། ང་ལ་མཚོན་ན་རྒྱ་གར་ནང་དུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མི་སྣ། ནང་མཛོད་ཨ་ཁུ་དཀོན་མཆོག་ཙི་གུ་ང་དང་ཤིན་ཏུ་འབྲེལ་ཆེན་པོ་ཡིན། ང་ཁོ་ཚང་གི་ནང་དུ་ཚར་མང་པོ་འདུག་མྱོང། དེ་ཚང་གི་ཨ་ཁུ་འཇིགས་མེད་དང། ཨ་ཁུ་ཤེས་རབ་བྱ་མ་བྱེའུ། བསོད་གྲགས་ཚང་གི་འཇིགས་མེད། ཨ་ཁུ་དབང་ཁོ། རྒྱལ་ཚང་གི་ཞབས་ཕྱི། རྩིས་དགེ་ཨ་ཁུ་བློ་གྲོས། བླ་བྲང་ཞབས་ཕྱི་ཨ་ཁུ་བསྟན་པ། ཨ་ཁུ་སྦྱིན་པ་རྒྱ་མཚོ་ཁ་ལོ་ལོ་སོགས་ལ་འདྲིས་ཆེན་པོ་དང་ཤིན་ཏུ་ཡག་པོ་ཡིན།

          བོད་ནང་ལ་ཆ་བཞག་ན། གནའ་སྔ་མོ་ཨ་བྷ་ཨ་བློ་དང་ངེད་གཉིས་ཤིན་ཏུ་འདྲིས་པོ་ཡིན། ཨ་བྷ་ཨ་བློ་ང་སྡོད་སར་ཚར་འགའ་ཤས་ཕེབས་མྱོང། ང་ལྷ་སར་ཡོང་བའི་སྐབས་ཟི་ལིང་དུ་ང་ལ་འཚམས་འདྲི་དང་ཕེབས་སྐྱེལ་ལ་ཕེབས་མྱོང། དེ་བཞིན་དུ་འཇམ་དབྱངས་ནག་རིལ་དང་ཨ་མཆོག་བསྟན་པ་སོགས་བླ་བྲང་གི་མི་སྣ་ཆེ་ཁག་ཤིན་ཏུ་མང་པོར་འབྲེལ་བ་ཟབ་པོ་ཡོད། མི་སྣ་ཉུང་ཤས་འདི་དག་དཔེ་མཚོན་ཙམ་དུ་ཞུས་པ་ཡིན། འདི་གའི་ལོ་ཆུང་བ་ཚོས་ལོ་རྒྱུས་ཀྱི་གནས་སྟངས་འདི་རིགས་ཕལ་ཆེར་མཁྱེན་གྱི་ཡོད་པ་མ་རེད་བསམས། ཡིན་ནའང་སྐད་ཆ་གོ་མ་དགོས་པ་དེ་འདྲ་ཡང་ཕྲན་བུ་རེ་གོ་ཡོད་སྲིད་པ་རེད། ང་མི་རྒན་པ་ཞིག་ཡིན་པའི་ཆ་ནས་རྣམ་པ་ཚོ་འཛོམས་ཐོག་དེ་ལ་སྐད་ཆ་ཚིག་འགའ་ཤས་ཞུ་རྒྱུའི་གོ་སྐབས་བྱུང་བར་དགའ་པོ་བྱུང། མ་འོངས་པར་རྣམ་པ་ཚོས་སྤྱི་སྒེར་གྱི་མཐུན་ལམ་ཐོག་ལ་ཧུར་ཐག་འབད་ཐག་གནང་རོགས་ཞེས་ཞུ་འདོད་བྱུང། ཐུགས་རྗེ་ཆེ། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡ ཚེས་ ༢༦ ཉིན།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.