. . . .

F 1 3༄༅།། མདོ་སྨད་ས་གནས་ཚོགས་གཙོ་མཆོག་གིས་གཙོས་པའི་རྒྱུན་ལས་རྣམ་པ་དང། དེ་རིང་འདིར་ཕེབས་པའི་སྐྱ་སེར་ཡོངས་རྫོགས་ལ་ང་ཚོ་མཉམ་དུ་འཛོམས་ཐུབ་པར་དགའ་པོ་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  ང་ལ་ཚིག་འགའ་ཤས་ཤིག་ཤོད་ཅེས་བཀའ་གནང་བ་ཡིན་དུས་རྣམ་པ་ཚོས་མ་གོ་བ་དང་མ་ཐོས་པའི་སྐད་ཆ་གསར་པ་གང་ཡང་བཤད་རྒྱུ་མེད་ནའང། ཤ་ཚ་བའི་ཁ་ལ་གཏམ་སྙན་མེད། ཅེས་པའི་དཔེ་ལྟར་ཚིག་འགའ་ཤས་ལྷག་བསམ་རྣམ་དག་གིས་ཐད་ཀར་ཞུ་རྒྱུ་ཡིན། ང་ལོ་བདུན་ཅུ་དོན་བརྒྱད་ཡིན་དུས་ལོ་བརྒྱད་ཅུ་ཟིན་པ་ལ་ལོ་གཉིས་མ་གཏོགས་མེད། ན་ཚ་ཡང་མང་པོ་ཡོད་ནའང་འདི་གར་ཤོག་གསུངས་པ་ཡིན་དུས་ཚིག་འགའ་ཤས་ཤིག་བཤད་ནས་ཕན་ཐོགས་རེ་བྱུང་ན་བསམས་པའི་ཐོག་ནས་དཀའ་ངལ་ལ་མ་འཛེམས་པར་ཡོང་བ་ཞིག་ཡིན།

          སྤྱིར་༸རྒྱལ་བ་རིན་པོ་ཆེ་དགུང་ལོ་བགྲེས་པོ་ལ་ཕེབས་ཡོད་པར་མ་ཟད། སྐུའི་སྙུང་གཞི་བཞེས་ཀྱི་ཡོད་པ་ངས་ཞུ་མ་དགོས་པར་བོད་མི་ཡོངས་རྫོགས་ཀྱིས་གསལ་པོར་མཁྱེན་གྱི་ཡོད། ད་ལྟ་ལ་ཐུག་གི་བར་དུ་༸རྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐོག་ལ་བཀའ་སློབ་གནང་ཡོད་དུས་བོད་གཞིས་བྱེས་གཉིས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱིས་རང་རང་གི་ངོས་ནས་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཀྱི་དགོངས་དོན་དང་མཐུན་པའི་ལས་ཀ་བྱེད་དགོས་པ་དང་བྱེད་ཐུབ་པ་གང་དང་གང་འདུག།འདིའི་ཐོག་ཐུགས་བསམ་བཞེས་དགོས།

          ༸རྒྱལ་བ་རིན་པོ་ཆེས་རྒྱུན་དུ། རེ་བ་བཟང་ས་ལ་རྒྱོབས། གྲ་སྒྲིག་སྡུག་ས་ནས་བྱོས། ཞེས་བཀའ་གནང་གི་ཡོད་དུས། ནམ་ཞིག་༸རྒྱལ་བ་རིན་པོ་ཆེ་སྐུ་འཚོ་བཞུགས་མེད་པའི་གནས་ཚུལ་ཞིག་ཤར་བ་ཡིན་ན་བོད་མི་མི་རེ་ངོ་རེ་ནས་ག་རེ་བྱེད་ཐུབ་ཀྱི་འདུག།འགན་ག་རེ་ཁྱོག་གི་འདུག སྤྱི་པ་དེ་སྤྱི་པའི་ས་རང་ལ་བཞག་རྒྱུ་ཡིན་ནམ་ག་རེ་བྱ་རྒྱུ་ཡིན།

          ༸རྒྱལ་བ་རིན་པོ་ཆེ་དགུང་ལོ་བརྒྱ་དང་བཅུ་གསུམ་ལ་བཞུགས་ཀྱི་ཡིན། ཞེས་ཞལ་བཞེས་གནང་བ་ལ་ང་ཚོས་རེ་བ་བཟང་ས་ནས་བརྒྱབས་དགོས་པ་ཞིག་ཡིན་ནའང། ང་ཚོས་གྲ་སྒྲིག་སྡུག་ས་ནས་བྱེད་དགོས། ༸རྒྱལ་བ་རིན་པོ་ཆེ་ཉེ་ཆར་སྐུ་གཟུགས་མ་བདེ་བ་བྱུང་ནས་ལྡི་ལིར་ཛ་དྲག་གིས་སྨན་ཁང་དུ་ཕེབས་པ་རེད། སྨན་ཁང་ནས་ཡར་ཕེབས་པའི་རྗེས་སུ་ཡང་སྐུ་གཟུགས་མ་བདེ་བ་བྱུང་སོང། ང་མཚམས་ལ་བསྡད་པའི་སྐབས་ཉིན་གཅིག་ལ་རླངས་འཁོར་སྐོར་ཞིག་གིས་ཛ་དྲག་གི་ཉེན་བརྡ་བཏང་ནས་ཕེབས་སོང་བས་༸རྒྱལ་བ་རིན་པོ་ཆེས་ཡང་བསྐྱར་ཛ་དྲག་གིས་སྐུ་སྙུང་བཞེས་པ་ཡིན་ནམ་བསམས་ནས་སེམས་ལ་ཚ་ཤར་བརྒྱག་དགོས་པའི་དངངས་སྐྲག་ཆེན་པོ་བྱུང། ཕྱིས་སུ་གནས་ཚུལ་གསལ་པོ་ཤེས་པའི་སྐབས་༸རྒྱལ་བ་རིན་པོ་ཆེས་ཛ་དྲག་གི་སྐུ་སྙུང་བཞེས་པ་ཡིན་ན་སྨན་ཁང་ལ་གདན་འདྲེན་ཞུ་སྟངས་ཀྱི་གྲ་སྒྲིག་གི་སྦྱོང་བརྡར་རེད་འདུག་པས་སེམས་བདེ་པོ་བྱུང་ནའང། གནས་ཚུལ་འདི་ང་ཚོའི་མིག་སྔ་ན་ཡོད་པར་མ་ཟད་ལོ་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་དུས། བོད་ནང་ལ་སྡོད་མཁན་གྱི་བོད་མི་མང་དང་བོད་ཕྱི་ལོགས་ལ་ཡོད་པའི་བོད་མི་མང། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མི་མང་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལ་ཉན་མཁན་དང་༸རྒྱལ་བ་རིན་པོ་ཆེ་ལ་དད་གུས་རྩེ་གཅིག་ཏུ་ཞུ་མཁན་ཡོངས་རྫོགས་ཀྱིས་རང་རང་གི་ངོས་ནས་འགན་ག་རེ་ཁུར་རྒྱུ་ཡིན་ནམ། མི་རང་རང་གི་ཕྲག་ཏུ་བབས་པའི་ལས་འགན་གང་ཡོད་པ་དེ་ཁྱོག་ཐུབ་པ་ཞིག་བྱ་དགོས་པ་འདི་སོ་སོའི་ལས་འགན་ཡིན་པ་མ་གཏོགས་བོད་སྤྱི་པའི་དོན་རེད་ཅེས་ཟུར་ལ་བཞག་ཆོག་པ་ཞིག་མིན། ཉི་མ་རེ་རེ་བཞིན་ལམ་སྟོན་བྱེད་མཁན་ཡོད་མེད་ལ་མ་ལྟོས་པར་རང་རང་གི་ལས་འགན་རང་རང་གིས་སྒྲུབ་ཐུབ་པ་ཞིག་བྱ་དགོས།

 

IMG 7128 F 1 1 F 1 2
ད་ལྟ་ལ་ཐུག་གི་བར་དུ་༸རྒྱལ་བ་རིན་པོ་ཆེས་བོད་གཞུང་བསྐྱངས་ཏེ་འཛམ་གླིང་ནང་གི་སྐྱབས་བཅོལ་བ་འདྲ་འདྲའི་ནང་ནས་གཞན་དང་མི་འདྲ་བ་དང། རྒྱབ་སྐྱོར་དང་ཡིད་ཆེས་ཆ་འཇོག་བྱེད་མཁན་མང་པོ་ཡོད་པ། བོད་མི་རིགས་དང་བོད་ཀྱི་ཆོས་དང་རིག་གཞུང་བཅས་པ་སྲ་བརྟན་ཡུན་གནས་ཐུབ་པར་ཕྱག་ལས་ཤིན་ཏུ་རྒྱ་ཆེན་པོ་གནང་སྟེ་གྲུབ་འབྲས་ལྡན་པ་ཞིག་གནང་ཐུབ་ཡོད། ད་ཕྱིན་ཆད་མ་འོངས་པའི་ཐད་ལ་དགོངས་པ་གཏིང་ཟབ་པོ་བཞེས་དགོས་པ་འདི་གལ་ཆེན་པོ་རེད།

          ༸རྒྱལ་བ་རིན་པོ་ཆེས་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་བཞིན་པའི་སྐབས་ཤིག ངྷེ་བྷི་གྷར་ཞེས་པའི་རྒྱ་གར་གྱི་ས་གནས་ཤིག་ལ་གནམ་གྲུ་སྐྱོ་པོ་ཞིག་གི་ནང་དུ་ཕེབས་པའི་སྐབས་གནམ་གཤིས་ཤིན་ཏུ་སྐྱོ་པོ་བྱུང་ནས་ཉེན་ཁ་ཆེན་པོ་ཞིག་དང་འཕྲད་འདུག། ཛ་དྲག་གི་གནས་ཚུལ་དེ་བྱུང་བའི་སྐབས་༸རྒྱལ་བ་རིན་པོ་ཆེས། དེ་རིང་ང་ཤི་ས་རེད། ད་ལྟའི་ཆར་ང་ཤི་ན་འགྲིག་མ་སོང། ངས་བོད་མི་མང་བློས་ཐོངས་མ་སོང། ཞེས་བཀའ་གནང་ཡོད།

          དེའི་རྗེས་སུ་༸རྒྱལ་བ་རིན་པོ་ཆེའི་ཆབ་སྲིད་སྐུ་དབང་མང་ཚོགས་ཀྱིས་བདམས་པའི་དབུ་ཁྲིད་ཚོ་ལ་རྩིས་སྤྲོད་གནང་བའི་སྐབས། ༸རྒྱལ་བ་རིན་པོ་ཆེས། ད་ང་བློ་བདེ་པོ་བྱུང་། ང་མི་གཅིག་ཡོད་དང་མེད་ལ་ཁྱད་པར་མེད་པར་བོད་ཀྱི་རྩ་དོན་འདི་བརླག་མི་འགྲོ་བ་དང། བོད་ཀྱི་བདེན་དོན་འཐབ་རྩོད་བྱེད་པའི་གཞུང་དེ་མུ་མཐུད་བརྟན་པོར་གནས་ཐུབ་སོང། ཞེས་བཀའ་གནང་ཡོད།

ཡིན་ནའང་དེའི་རྗེས་སུ་ཆོལ་ཁ་གསུམ་གྱི་ནང་ཁུལ་ལ་ཕྲན་བུའི་མ་འཆམ་པ་དང་མ་མཐུན་པའི་གནས་ཚུལ་ཞིག་བྱུང་བའི་སྐབས་དེར་༸རྒྱལ་བ་རིན་པོ་ཆེས། ད་ང་བསྡད་དང་མ་བསྡད་ལ་ཁྱད་པར་མི་འདུག་བསམ་པ་དྲན་བྱུང། ཞེས་བཀའ་གནང་ཡོད། ༸རྒྱལ་བ་རིན་པོ་ཆེ་ལ་འདི་འདྲ་བའི་ཐུགས་ཕམ་ཆེན་པོ་ཞིག་བྱུང་བ་རེད།

      ༸རྒྱལ་བ་རིན་པོ་ཆེས་ལོ་དེ་འདྲའི་མང་པོའི་རིང་ལ་སྐུ་ལས་བསྐྱོན་ནས་བསྐྱངས་པའི་གཞུང་དེ་འཐོར་ཞིག་ཏུ་འགྲོ་རྒྱུའི་ཉེན་ཁ་མེད་པ་ཞིག་མ་རེད། ༸རྒྱལ་བ་རིན་པོ་ཆེས་སྐུ་ལས་བསྐྱོན་ནས་བཙུགས་པའི་གཞུང་དེ་མུ་མཐུད་སྲ་བརྟན་ཡུན་གནས་ཡོང་བ་ལ་ང་ཚོ་ཡོངས་རྫོགས་ཀྱིས་ཤུགས་བརྒྱག་དགོས། ཆོལ་ཁ་དང་ཆོས་བརྒྱུད་རིས་མེད་ཀྱིས་ཤུགས་བརྒྱག་དགོས། བོད་མིི་ནང་ཁུལ་ལ་མཐུན་ལམ་མེད་པ་བཟོ་བ་དང། ནང་ཁུལ་ཕན་ཚུན་ལ་སྐྱོན་བརྗོད་བྱས་རེས་བྱས་ན་དགྲ་དགའ་གཉེན་སྡུག་གི་ལས་ཀ་རེད། རང་གཞན་སུ་ཡིན་ནའང་དེ་འདྲ་བྱེད་མི་རུང།

          ༸རྒྱལ་བ་རིན་པོ་ཆེས། བུ་གླེན་པས་ཕ་ཡི་ཀླད་པ་བཅོམ། ཞེས་པའི་སྒྲུང་ནང་བཞིན་བྱ་རྒྱུ་ཡོད་པ་མ་རེད་ཅེས་རྒྱུན་དུ་བཀའ་གནང་གི་ཡོད།

          སྔོན་ཕ་རྒན་ཞིག་ལ་བུ་གླེན་པ་ཞིག་ཡོད། ཁོ་ཕ་བུ་གཉིས་ཀྱི་བར་ལ་བརྩེ་བ་གཏིང་ཟབ་ཡོད། ཐེངས་ཤིག་ཕ་རྒན་ན་སྟེ་ཉལ་ནས་ཡོད་པའི་སྐབས། སྦྲང་བུ་ཞིག་འཕུར་ཡོང་ནས་ཕའི་མགོ་ལ་བབས་ནས་སུན་པོ་བཟོས་དུས་བུ་གླེན་པ་དེས་སྦྲང་བུ་གསོད་དགོས་བསམས་ནས་སྦྲང་བུ་དེ་ཕར་འདེད་ཚུར་འདེད་བྱས། ཁང་པའི་ཀ་བའི་་ངོས་ལ་ནག་རིལ་རིལ་ཞིག་མཐོང་བ་དེ་སྦྲང་བུ་རེད་བསམས་ནས་བུ་གླེན་པ་ཁོང་ཁྲོ་ཟ་བཞིན་ཀ་བའི་ངོས་ཀྱི་ནག་རིལ་རིལ་དེའི་ཐོག་ལ་ཁུ་ཚུར་གཞུས་དུས། ནག་རིལ་རིལ་དེ་སྦྲང་བུ་མིན་པར་འཛེར་ཀ་ཞིག་ཡིན་དུས་ལག་པར་རྨ་བཟོས་པའི་ན་ཟུག་ཆེན་པོ་བྱུང་། ཁོའི་ལག་པའི་ན་ཟུག་དང་ཕ་རྒན་ལ་བརྩེ་བ་གཉིས་ཀྱིས་སྦྲང་བུ་དེ་བསད་ན་མ་གཏོགས་ཐབས་མི་འདུག་བསམས་ནས་དབྱུག་པ་ཞིག་བཟུང་སྟེ་སྦྲང་བུ་དེའི་རྗེས་འདེད་བྱས་ཏེ། མཐའ་མ་སྦྲང་བུ་དེ་ཕའི་མགོ་ལ་བབས་པ་མཐོང་དུས་སྦྲང་བུ་གསོད་རྒྱུ་ཡིན་ཟེར་ནས་དབྱུག་པ་གཞུས་ནས་ཕ་རྒན་བསད་པ་རེད། ཁོས་ཕ་རྒན་ལ་ཤ་ཚ་དང་ཕན་སེམས་བྱེད་ཀྱི་ཡོད་ནའང་ཕན་སེམས་བྱེད་སྟངས་དང་ཤ་ཚ་བྱེད་སྟངས་མ་ཤེས་པའི་དབང་གིས་ཕ་རྒན་བསད་པ་ལྟ་བུའི་ལས་ཀ་བྱེད་སྟངས་མ་ཤེས་པའི་ནོར་འཁྲུལ་གྱི་རིགས་མང་པོ་ཞིག་ཡོང་སྲིད་པས། ང་ཚོས་ལས་ཀ་བྱེད་སྟངས་ཤེས་དགོས་པ་དེ་གལ་ཆེན་པོ་རེད།

སྤྱིར་ང་ཚོའི་གཞུང་འདི་མང་གཙོའི་གཞུང་ཡིན་དུས་བཤད་ཆོག་པ་དང་ལས་ཆོག་པ་མང་གཙོའི་ཁྱད་ཆོས་ཤིག་ཡིན་ནའང་ལས་པ་དང་བཤད་པ་དེས་ཕན་ཐོགས་ཡོང་གི་འདུག་གམ་གནོད་པ་ཡོང་གི་འདུག དེའི་ཐོག་བསམ་བློ་གཏོང་དགོས། ༸རྒྱལ་བ་རིན་པོ་ཆེས་དཔེ་དང་བཅས་ནས་གསུངས་པའི་བཀའ་སློབ་དེའི་ཐོག་རྒྱུན་དུ་བསམ་བློ་གཏོང་དགོས་པ་དེ་གལ་ཆེན་པོ་རེད།

   སྤྱིར་མི་སུ་ཞིག་ཡིན་ནའང་ལས་ཀ་བྱེད་སྟངས་ལ་ནོར་འཁྲུལ་ཡོང་སྲིད་ཀྱི་ཡོད་ཀྱང་ནོར་འཁྲུལ་ལ་ཡོ་བསྲང་བྱ་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད། གོང་དུ་ཚོགས་གཙོས་དེང་སང་ཆོལ་ཁ་ནང་ཁུལ་གྱི་མཐུན་ལམ་ཡག་ཐག་ཆོད་ཡོད། ཅེས་བཀའ་གནང་བ་འདི་ཤིན་ཏུ་ཡག་པོ་རེད། ༸རྒྱལ་བ་རིན་པོ་ཆེ་དགུང་ལོ་ཆེན་པོ་འདི་འདྲར་ཕེབས་པའི་སྐབས་ལ་ཐུགས་དགྱེས་པའི་མཆོད་པ་ང་ཚོས་ག་རེ་འབུལ་ཐུབ་ཀྱི་འདུག།ཉིན་གཅིག་ཡིན་ནའང་༸རྒྱལ་བ་རིན་པོ་ཆེ་ཐུགས་སྤྲོ་པོ་ཡོང་ཐབས་ལ་ང་ཚོའི་ངོས་ནས་ཞབས་ཕྱི་ག་རེ་ཞུ་ཐུབ་ཀྱི་འདུག།༸རྒྱལ་བ་རིན་པོ་ཆེ་སྐར་མ་གཅིག་ལ་ཐུགས་ཕམ་པ་ཡིན་ན་ང་ཚོ་ལ་དེ་ལས་ལྷག་པའི་སྡིག་པ་ཞིག་མེད།

          ད་ལྟ་དུས་ལ་བབས་པའི་ལས་ཀ་གཙོ་བོ་ནི། བོད་ཆོལ་ཁ་གསུམ་ཡོངས་རྫོགས་མཐུན་ལམ་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་མ་འོངས་པའི་བོད་པ་དེ་ལམ་ཁ་གང་འདྲ་ཞིག་གི་ཐོག་ཏུ་འཇོག་རྒྱུ་ཡིན་མིན་ལ་བསམ་བློ་གཏོང་དགོས་པ་དེ་གལ་ཆེན་པོ་རེད། བོད་ཆོལ་ཁ་གསུམ་ནང་ཁུལ་མི་མཐུན་པའི་ལམ་ཁ་ཞིག་གི་སྟེང་དུ་འཇོག་རྒྱུ་ཡིན་ནམ། བོད་ཆོལ་ཁ་གསུམ་གྱི་ནང་ཁུལ་ལ་མཐུན་ལམ་ཡོད་པ་དང། བོད་སྤྱི་པའི་དོན་ལ་ལས་ཀ་བྱེད་ཐུབ་མཁན། བོད་རྒྱ་ཆེའི་མི་མང་གིས་རེ་བ་བརྒྱག་ས་ཡོད་པ་ཞིག་གི་སྟེང་དུ་འཇོག་རྒྱུ་ཡིན། ང་ས་གནས་འདི་ནས་མི་རྒན་པ་ཁ་ཤས་དང་ཐུག་དུས་ཁོང་ཚོས་སེམས་ཁྲལ་གནང་གི་འདུག།འདིའི་ཐོག་ལ་རྣམ་པ་ཚོས་འབད་བརྩོན་གནང་རོགས་ཞེས་ཞུ་འདོད་བྱུང། བོད་གཞུང་ང་ཚོས་མི་བརྩི་ན་གཞན་སུས་བརྩི་གི་རེད། བོད་རྒྱ་ཆེའི་མི་མང་གིས་བོད་གཞུང་གི་དབུ་ཁྲིད་ལ་སུ་ཞིག་བདམས་པ་ཡིན་ན་དེ་ལ་ངས་གུས་བརྩི་ཞུ་གི་ཡོད། རང་གི་གཞུང་དང་དབུ་ཁྲིད་ལ་བརྩི་དགོས་པ་དེ་ང་ཚོའི་ལས་འགན་རེད།

          ས་གནས་ཀྱི་མདོ་སྨད་པ་རྣམས་ཀྱིས་སྐུ་ལས་བསྐྱོན་ནས་མདོ་སྨད་པའི་སྒྲིག་འཛུགས་ཤིག་གསར་འཛུགས་གནང་བ་དེ་ཤིན་ཏུ་ཡག་པོ་རེད། ཐུགས་རྗེ་ཆེ། མདོ་སྨད་པ་རྣམས་ས་གནས་མང་པོ་ཞིག་ལ་ཁ་འཐོར་ནས་ཡོད་ཀྱང་འདི་གར་མདོ་སྨད་པའི་མི་འབོར་གང་འཚམས་ཡག་པོ་ཡོད་དུས། མདོ་སྨད་པ་ཚོས་མཉམ་རུབ་བྱ་དགོས་པ་འདི་གལ་ཆེན་པོ་རེད། ཕྱོགས་ཕྱོགས་འཐེན་བྱེད་མཁན་གྱི་ངོ་བོའི་ཐོག་ནས་མིན་པར་མདོ་སྨད་པ་མཉམ་རུབ་བྱ་རྒྱུ་དེ་གལ་ཆེན་པོ་རེད། ང་ཚོ་སྐྱིད་སྡུག་མཉམ་གཤིབ་དང་བོད་སྤྱི་པའི་ལས་དོན་གྱི་ཐོག་ལ་ནུས་པ་མཉམ་སྤུངས་བྱ་ཐུབ་པའི་དོན་དུ་མདོ་སྨད་པ་ཚོ་མཉམ་རུབ་བྱ་དགོས་པ་དེ་གལ་ཆེན་པོ་རེད། ཚོགས་པའི་སྒྲིག་གཞི་བཟོས་ཡོད་ཅེས་ཚོགས་གཙོས་བཀའ་གནང་གི་འདུག།ས་གནས་ཀྱི་མདོ་སྨད་པ་ཡོངས་རྫོགས་ས་གནས་ཀྱི་སྒྲིག་འཛུགས་འདི་དང་སྒྲིག་གཞི་འདིའི་འོག་ཏུ་གནས་ཐུབ་དགོས་པ་དེ་གལ་ཆེན་པོ་རེད། ཚོགས་མི་ཡོངས་རྫོགས་ཀྱིས་ཚོགས་པའི་སྒྲིག་གཞི་མཁྱེན་དགོས། ཚོགས་པའི་སྒྲིག་གཞིའི་ནང་དོན་གཙོ་བོ་༸རྒྱལ་བ་རིན་པོ་ཆེའི་བཀའ་གསུང་ཅི་སྒྲུབ་ཞུ་བ་དང་བོད་གཞུང་ལ་རྒྱབ་སྐྱོར་ཞུ་དགོས་པ་དེ་གཅིག་མཚུངས་ཡིན་དུས་གནད་དོན་འདི་གཉིས་མདོ་སྨད་པ་ཡོངས་རྫོགས་ཀྱིས་ཧ་གོ་བར་བྱས་ཏེ་སློབ་གསོ་སྤྲོད་དགོས། སྒྲིག་འཛུགས་འདིའི་ཁོངས་སུ་མ་འཛུལ་བའི་མདོ་སྨད་པ་ཞིག་གིས་སྐད་ཆ་འདྲ་མིན་བཤད། ལས་ཀ་འདྲ་མིན་བྱས་བསྡད་ན་མདོ་སྨད་པ་སྤྱི་པའི་མཚན་སྙན་ལ་རང་བཞིན་གྱིས་གནོད་པ་ཡོང་གི་རེད། ས་གནས་འདིར་ཡོད་པའི་བོད་རིགས་ཡོངས་རྫོགས་འབྲེལ་ཡོད་སྒྲིག་འཛུགས་སོ་སོའི་ཁོངས་སུ་བསྡུ་ཐུབ་པ་ཡིན་ན་ཞབས་འདྲེན་ཞུ་མཁན་གྱི་རིགས་རང་བཞིན་གྱིས་མེད་པར་ཆགས་འགྲོ་གི་རེད། འདིའི་ཐོག་རྣམ་པ་ཚོས་ཤུགས་བསྐྱོན་རོགས་ཞེས་ཞུ་རྒྱུ་ཡིན།

          ལོ་འགའ་ཤས་ཀྱི་གོང་དུ་ང་ཡོ་རོབ་ལ་ཐེངས་གཅིག་སླེབས་པ་དང་ད་ཐེངས་སླེབས་པ་གཉིས་ཀྱི་བར་ལ་ཁྱད་པར་ཆེན་པོ་འདུག། མདོ་སྨད་པ་དང་བོད་རིགས་སུ་ཡིན་ནའང་ད་ལྟ་སྐད་ཡིག་གི་དཀའ་ངལ་མེད་པ་དང་འཚོ་བའི་དཀའ་ངལ་མེད་པར་ཡར་རྒྱས་ཕྱིན་འདུག།ལུང་པ་འདིར་ཐོག་མར་ཡོང་བའི་སྐབས་མི་སྒེར་སོ་སོའི་ངོས་ནས་དཀའ་ལས་བརྒྱབས་ཏེ་ཡོང་བ་ཞིག་ཡིན་ནའང། ལུང་པ་འདིར་སླེབས་ཚར་བའི་རྗེས་སུ་བོད་སྤྱི་པའི་དོན་ལ་སེམས་ཤུགས་ཁུར་ནས་ཕྱག་ལས་གནང་གི་འདུག་པ་འདི་ཤིན་ཏུ་ཡག་པོ་རེད། བོད་པ་རྣམས་ས་གནས་གང་དུ་སླེབས་ནའང་བོད་སྤྱི་བའི་དོན་དག་མ་བརྗེད་པར་བྱེད་མཁན་ཤ་སྟག་རེད་འདུག།མ་འོངས་པར་ཡིན་ནའང་བོད་སྤྱི་པའི་དོན་ལ་སྒེར་སོ་སོའི་ངོས་ནས་ག་རེ་བྱེད་ཐུབ་པ་དེ་ངེས་པར་བྱེད་དགོས།

          ང་འདི་ཕྱོགས་སུ་སླེབས་པའི་རྗེས་ཀྱི་མཐོང་སྣང་ལ་མདོ་སྨད་པ་ཡིན་ན་འདྲ་བོད་ མི་སྤྱི་ཡོངས་ཀྱི་ཐོག་ནས་མི་ཐོག་དང་པོ་དང་མི་ཐོག་གཉིས་པའི་སྐོར་ཞིག་འདུག མི་ཐོག་དང་པོ་ལས་མི་ཐོག་གཉིས་པ་དེ་མང་བར་ལྟ་བུར་གྱུར་འདུག་པས་མི་ཐོག་གཉིས་པའི་གཞོན་སྐྱེས་འདི་ཚོ་བོད་པ་གཙང་མ་ཞིག་ཏུ་གསོ་སྐྱོང་བྱས་ཏེ་མ་འོངས་པ་ན་མི་ཐོག་དང་པོ་རྣམས་ཀྱིས་མི་ཐོག་གཉིས་པ་ཚོ་ལ། ཁྱེད་ཚོས་བོད་དོན་མ་བརྗེད་པ་བྱེད་དགོས་ཞེས་ཁ་ཆེམས་བཞག་ས་ཉན་པ་ཞིག་བཟོ་དགོས། མི་ཐོག་གཉིས་པ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ཤེས་དགོས། བོད་ཀྱི་སྐད་ཡིག་ནི་བོད་ཀྱི་སྲོག་རྩ་ཡིན་དུས་ཁྱིམ་ཚང་སོ་སོའི་ནང་རྒྱུན་དུ་ཕ་མ་རྣམས་ཀྱིས་བོད་ཀྱི་སྐད་དང་ཡི་གེ་བེད་སྤྱོད་བྱ་དགོས། རྣམ་པ་ཚོས་ཁྱིམ་ཚང་ནང་དུ་དེ་ལྟར་གནང་གི་ཡོད་ངེས་ཡིན་ཀྱང་རྣམ་པ་ཚོས་མ་འོངས་པར་ཡང་ཧུར་ཐག་འབད་ཐག་གནང་རོགས་ཞེས་ཞུ་འདོད་བྱུང།

          ཕ་མ་ཚོས་འགན་བླངས་ཏེ་བུ་ཕྲུག་རྣམས་རྒྱུན་དུ་བོད་པའི་གཟའ་མཇུག་གི་སློབ་གྲྭ་ལ་གཏོང་དགོས་པ་དེ་གལ་ཆེན་པོ་རེད། བོད་པའི་གཟའ་མཇུག་གི་སློབ་གྲྭ་ལ་བཏང་ནས་ཡི་གེ་ཡག་པོ་ཞིག་ཤེས་མ་ཐུབ་པའི་དབང་དུ་བྱས་ཀྱང། བོད་པ་ཡིན་བསམ་པའི་བསམ་བློ་དང་བོད་པའི་གོམས་གཤིས་ཀྱི་བག་ཆགས་བཟང་པོ་ཞིག་རང་བཞིན་གྱིས་འགོས་ཀྱི་ཡོད་དུས། ཕ་མ་རྣམས་ཀྱིས་འདིའི་ཐོག་ལ་ཐུགས་སྣང་གནང་རོགས་ཞེས་ཞུ་འདོད་བྱུང།

          དེང་སང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་པ་མང་ཆེ་བའི་དཔལ་འབྱོར་གང་འཚམས་ཡག་པོ་ཆགས་པའི་སྐབས། རིགས་ཤིག་གིས་ཀྲོག་ཀྲོག་བྱས་ཏེ་རྒྱས་སྤྲོས་བྱེད་རྒྱུ་ལས་རང་གི་ཕྲུ་གུ་སློབ་གྲྭར་བཏང་ནས་ཤེས་ཡོན་སློབ་སྦྱོང་ཡག་པོ་བྱེད་ཐུབ་ཐབས་ལ་དེ་ཙམ་གྱིས་དོ་སྣང་བྱེད་ཀྱི་མི་འདུག་ཟེར་བ་དང། ལྷག་པར་དུ་བུ་ཕྲུག་མཐོ་རིམ་སློབ་གྲྭར་གཏོང་བའི་སྐབས་དཔལ་འབྱོར་གྱི་འགྲོ་སོང་ཆེན་པོ་ཡོད་དུས་དེའི་ཐོག་ལ་ལག་པ་དམ་པོ་བྱེད་ཀྱི་འདུག་ཅེས་ཤོད་མཁན་ཡོང་གི་འདུག སྐད་ཆ་འདི་བདེན་པ་ཡིན་མིན་གང་ལྟར་ཡང། བོད་ཀྱི་མ་འོངས་པའི་སོན་རྩ་འདི་རྣམས་ལ་སློབ་སྦྱོང་ཚད་ལྡན་ཞིག་སྤྲོད་ཐབས་བྱ་དགོས། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བུ་ཕྲུག་རྣམས་རྒྱ་གར་ནང་དུ་ཡོད་པའི་ཕྲུ་གུ་ཚོ་དང་མི་འདྲ་བར་ཕྱི་རྒྱལ་གྱི་མཐོ་རིམ་སློབ་གྲྭ་སྙན་གྲགས་ཅན་དེ་ཚོའི་ནང་དུ་སློབ་སྦྱོང་བྱེད་ཐུབ་པའི་གོ་སྐབས་ཆ་ཚང་ཐོབ་ཀྱི་ཡོད་དུས། ཕ་མ་རྣམས་ཀྱིས་གོ་སྐབས་ཡག་པོ་དེ་མ་ཤོར་བར་བྱས་ཏེ་རང་རང་གི་བུ་ཕྲུག་མཐོ་རིམ་སློབ་གྲྭ་གང་བཟང་བཟང་ལ་གཏོང་ཐབས་བྱ་དགོས་པ་དེ་གལ་ཆེན་པོ་རེད། བུ་ཕྲུག་ཚོར་ལོ་ཆུང་དུས་ནས་ཤེས་ཡོན་སློབ་སྦྱོང་ཡག་པོ་སྤྲོད་ཐབས་བྱས་པ་ཡིན་ན། མ་འོངས་པར་བོད་གཞུང་གི་དབུ་ཁྲིད་མཁན་དང། བོད་སྤྱི་པའི་ལས་དོན་སྒྲུབ་ཐུབ་མཁན། བོད་མི་མང་གི་བདེ་སྡུག་འཛམ་གླིང་རྒྱལ་སྤྱིའི་ཐོག་ལ་ཞུ་གཏུགས་བྱེད་ཐུབ་མཁན་ཞིག་ཡོང་སྲིད་པ་ཡིན་དུས་འདིའི་ཐོག་ལ་གཙོ་བོ་ཕ་མ་རྣམས་ཀྱིས་ཤུགས་བསྐྱོན་རོགས་ཞེས་ཞུ་རྒྱུ་ཡིན།

          སྔོན་མ་ང་ཚོའི་སྐབས་རྡ་ལི་ནག་པོ་དང་ཀྲེ་མོ་ནག་པོ་ཟས་ནས་བོད་མི་རིགས་གསོ་སྐྱོང་བྱས་ཡོད། དེང་སང་བོད་གཞུང་སྲ་ཐག་ཐག་ཡོད་པ་འདི་ང་ཚོ་མི་རབས་རྒན་པ་ཚོའི་སྐབས་སུ་གསོ་སྐྱོང་བྱས་པའི་གྲུབ་འབྲས་ལ་བརྟེན་ནས་བྱུང་བ་ཞིག་རེད། རྣམ་པ་ཚོའི་སྐབས་སུ་མ་འོངས་པར་བོད་སྤྱི་པའི་ལས་ཀ་རྒྱུན་འཛིན་བྱེད་ཐུབ་མཁན་གྱི་མི་སྣ་གསོ་སྐྱོང་བྱ་དགོས། དཔལ་འབྱོར་ཕྲན་བུ་ཡོད་པ་དེས་ཁྲ་ཁྲ་ཟང་ཟིང་ཇི་ཙམ་བྱས་ཀྱང་ལུང་པ་འདིའི་མིའི་རྗེས་ཟིན་མི་ཐུབ། ང་ཚོས་ཐུབ་པ་ནི་རང་གི་བུ་ཕྲུག་དེ་ཤེས་ཡོན་ཅན་ཞིག་དང་བོད་ཀྱི་སྐད་དང་ཡི་གེ་ཤེས་མཁན་ཞིག་བཟོ་ཐུབ་པ་ཞིག་བྱ་རྒྱུ་ཡིན་དུས་འདིའི་ཐོག་ལ་རྣམ་པ་ཚོས་དགོངས་པ་བཞེས་རོགས་ཞེས་ཞུ་འདོད་བྱུང།

          འདི་ཕྱོགས་སུ་མདོ་སྨད་པའི་ཤེས་ཡོན་ཅན་ཁ་ཤས་ཤིག་ཡོད་པ་རེད་ཟེར། ཤེས་ཡོན་ཅན་ཚོས་ཤེས་ཡོན་གྱི་ཐོག་ནས་མདོ་སྨད་པ་དང་བོད་སྤྱི་པའི་ལས་ཀ་བྱེད་དགོས་པ་མང་པོ་ཡོད། སློབ་སྦྱོང་བྱས་ནས་ཤེས་ཡོན་ཐོབ་པ་དེ་ཤིང་བཟང་པགས་པའི་འོག་ཏུ་རུལ་མི་འཇུག་པར་བེད་སྤྱོད་ཡག་པོ་གཏོང་དགོས། རྣམ་པ་ཚོས་ང་ལ་སྣེ་ལེན་ཟབ་རྒྱས་གནང་བྱུང་བར་ཐུགས་རྗེ་ཆེ། རྣམ་པ་ཚོ་ཐུགས་སྤྲོ་པོ་གནང་རོགས། རྗེས་མ་བསྐྱར་དུ་མཇལ་ཡོང། ཐུགས་རྗེ་ཆེ། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༦ ཚེས་ ༥ ཉིན།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.