B 1 2༄༅།། བྷེ་རྗམ་མདོ་སྨད་ས་གནས་ཚོགས་གཙོ་མཆོག་གིས་གཙོས་པའི་རྒྱུན་ལས་རྣམ་པ་དང་སྐུ་མགྲོན་རྣམ་པ། དེ་རིང་འདིར་ཆེད་དུ་ཕེབས་པའི་མང་ཚོགས་རྣམས་ལ་ཐོག་དང་པོར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ལོ་སྔོན་མའི་ནང་བྷེ་རྗམ་ས་གནས་མདོ་སྨད་མི་མང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་མཛད་སྒོ་ལ་ཡོང་རོགས་ཞེས་བཀའ་གནང་ནས་ཐུགས་རེ་བསྐྱོན་པ་ནང་བཞིན་ཡོང་རྒྱུ་གཏན་འཁེལ་བྱས་ནའང་ང་གློ་བུར་ན་ནས་བཅར་ཐུབ་མེད། ད་ལོ་ཡང་བསྐྱར་དུ་རྣམ་པ་ཚོས་འདིར་ཡོང་རོགས་ཞེས་བཀའ་གནང་དུས་ཞལ་ངོ་ཟློག་མ་ཐུབ་པར་དེ་རིང་འདིར་དངོས་སུ་བཅར་བ་ཞིག་ཡིན་ནའང། ང་འདིར་ཡོང་ནས་རྣམ་པ་ཚོ་ལ་ཐུགས་ཕན་གསོ་བའི་སྐད་ཆ་དམིགས་བསལ་ཅན་ཞུ་རྒྱུ་གང་ཡང་མེད་ནའང་ང་ཚོ་ཕན་ཚུན་བར་ལ་བརྩེ་བ་དང་འབྲེལ་བ་དམིགས་བསལ་བ་ཞིག་ཡོད་དུས། ངས་ལྷག་བསམ་རྣམ་དག་གིས་ཚིག་འགའ་ཤས་ཤིག་ཞུས་པ་ཡིན་ན་རྣམ་པ་ཚོ་ལ་ཕན་ཐོགས་ཕྲན་བུ་རེ་ཡོང་སྲིད་ཀྱི་རེད་བསམས་ནས་འདིར་བཅར་བ་ཞིག་ཡིན།

གསུང་བཤད་གནང་མཁན་ཚོས་ང་ལ་བསྟོད་བསྔགས་ཆེན་པོ་གནང་བྱུང་ཡང་ཁྱེད་ཚོས་བསྟོད་བསྔགས་གནང་བ་ནང་བཞིན་གྱི་ངས་ལས་དོན་རྒྱ་ཆེན་པོ་བསྒྲུབས་པ་ཞིག་གང་ཡང་མེད། ངས་མི་ཚེའི་རིང་བོད་སྤྱི་པའི་མི་ཞིག་ཡིན་བསམས་པ་དང་མདོ་སྨད་པ་སྤྱི་པའི་མི་ཞིག་ཡིན་བསམས་ནས་ལས་ཀ་བྱས་པ་དེ་ལ་རྣམ་པ་ཚོས་རིན་ཐང་ཆེན་པོ་ཞིག་ཏུ་ཚོར་ནས་བསྟོད་བསྔགས་གནང་བ་ཞིག་ཏུ་ངོས་འཛིན་གྱིས་བཀའ་དྲིན་བསམ་ཤེས་ཞུ་གི་ཡོད། ང་ཕྱི་ནང་གང་དུ་ཕྱིན་པའི་སྐབས་ཡིན་ནའང་མདོ་སྨད་སྤྱི་པའི་མི་ཞིག་ཡིན་བསམས་ཏེ་ལྷག་བསམ་རྣམ་དག་གིས་ལས་ཀ་བྱས་པ་ཡིན་དུས་མདོ་སྨད་མི་མང་གིས་མདོ་སྨད་སྤྱི་པའི་མི་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པར་ཤིན་ཏུ་ནས་དགའ་པོ་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

B 1 1        བོད་གཞུང་གི་ལས་དོན་སྒྲུབ་པའི་སྐབས་སུ་ཡིན་ནའང་བོད་སྤྱི་པའི་ཞབས་ཕྱི་ཞུ་མཁན་ཞིག་ཡིན་སྙམ་པའི་ཐོག་ནས་ལས་ཀ་བྱས་པའི་ཁུལ་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ག་རེ་གནང་བ་ཡིན་ན་དེའི་ཐོག་ཤར་བསྐྱོད་ཐུབ་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད། སྐབས་ཤིག་ལ་ཕོ་བྲང་ནང་དུ་བོད་བསྟན་སྲིད་སྤྱིའི་དོན་དུ་ཉི་མ་མང་པོའི་རིང་སྒྲུབ་པ་གནང་བའི་སྐབས་སྒྲུབ་ཁ་པའི་གྲས་སུ་ཤོག་གསུངས་ནས་བཀའ་གནང་དུས་ལགས་སོ་ཞུས་ནས་བཅར་བ་ཡིན། རྗེས་མ་བཀའ་བློན་གྱི་ལས་འགན་ཁུར་བའི་སྐབས་སུ་ཡང་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ནས་ཁས་ལེན་དམ་བཅའ་ཞུས་པ་བཞིན་བཀའ་བློན་གྱི་ལས་འགན་འཁུར་ཏེ་བོད་སྤྱི་པའི་ལས་དོན་ཨེ་འགྲུབ་མི་འགྲུབ་ཀྱིས་དཀའ་ལས་བརྒྱབས་ཏེ་འབད་བརྩོན་ཞུས་པའི་ཁུལ་ཡིན། ༸རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ནས་མནའ་སྐྱེལ་ཏེ་ཁས་ལེན་དམ་བཅའ་ཞུས་པ་དེ་མི་ཚེའི་རིང་ཁས་ལེན་དམ་བཅའ་དེའི་ཐོག་གནས་དགོས་པ་ཞིག་རེད་མ་གཏོགས། བཀའ་བློན་གྱི་རྐུབ་སྟེགས་སྟེང་བསྡད་ཚེའི་རིང་དམ་བཅའ་ལ་གནས་དགོས་པ་ཞིག་དང། བཀའ་བློན་གྱི་ལས་འགན་ཡོལ་བའི་རྗེས་སུ་ཁས་ལེན་དམ་བཅའ་དེའི་ཐོག་གནས་མི་དགོས་པ་ཞིག་མིན་དུས། ངའི་མི་ཚེའི་རིང་༸རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ནས་ཁས་ལེན་དམ་བཅའ་ཞུས་པ་བཞིན་བོད་བསྟན་སྲིད་སྤྱིའི་ལས་དོན་ཞིག་ཨེ་ཡོང་མི་ཡོང་དང་གང་ཕན་ཅི་ཕན་གྱིས་ཞབས་ཕྱི་ཞུས་པའི་ཁུལ་ཡིན།

          ད་ཐེངས་ང་བྷེ་རྗམ་ལ་ཡོང་བ་ཐེངས་གཉིས་པ་ཡིན། སྔོན་མ་བྷེ་རྗམ་ལ་ཡོང་བའི་སྐབས་བོད་སྤྱི་པའི་དོན་དང་ལྷག་པར་དུ་བོད་ནང་གི་རྒྱ་ཆེའི་མི་མང་གི་སེམས་ཀྱི་སྡུག་བསྔལ་སེལ་བར་ཕྲན་བུ་རེ་ཕན་ཐོགས་བྱུང་ན་སྙམ་པའི་རེ་བས་སྐད་ཆ་བཤད་པར་ཡོང་བ་ཡིན། ད་ཐེངས་རྣམ་པ་ཚོས་གཙོ་བོ་༸རྒྱལ་བ་རིན་པོ་ཆེའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་ཡོང་བ་ཡིན་དུས་ཕྲན་བུ་ཞིག་ལས་མ་བྱུང་ནའང་༸རྒྱལ་བ་རིན་པོ་ཆེའི་ཐུགས་མཉེས་པའི་ཞབས་འདེགས་ཕྲན་བུ་རེ་ཞུ་ཐུབ་ན་བསམས་ཏེ་དཀའ་ངལ་ལ་མ་འཛེམས་པར་དེ་རིང་འདིར་ཡོང་བ་ཞིག་ཡིན།

          ས་གནས་འདི་ལ་མདོ་སྨད་པ་ཆིག་སྟོང་མ་ཟིན་ཙམ་ཞིག་ཡོད་ཚོད་འདུག། འདིར་ཡོད་པའི་མདོ་སྨད་པ་རྣམས་ལ་ཆ་བཞག་ན་མདོ་སྨད་ཀྱི་ས་ཕྱོགས་དང་ལུང་ཚན་མ་འདྲ་བ་རེ་རེའི་མི་ལྟ་བུ་ཡིན་དུས་དེ་རིང་འདིར་འདུས་པའི་མདོ་སྨད་པ་རྣམས་ཕ་ཡུལ་གྱི་ལུང་པ་སོ་སོའི་སྐུ་ཚབ་ལྟ་བུ་ཞིག་ཏུ་རང་བཞིན་གྱིས་ཆགས་ཡོད་དུས། འདིར་ཡོད་པའི་མདོ་སྨད་པ་ཡོངས་རྫོགས་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་བྱས་པ་ཡིན་ན་བོད་སྤྱི་པའི་ལས་དོན་ལ་ཕན་གྱི་ཡོད་པར་མ་ཟད། མདོ་སྨད་པའི་ནང་ཁུལ་གྱི་མཐུན་ལམ་ལ་ཡང་ཕན་ཐོགས་རྒྱ་ཆེན་པོ་ཡོང་གི་རེད། བོད་སྤྱི་པའི་བདེན་དོན་སྒྲུབ་པ་ལ་ཡང་ཕན་གྱི་ཡོད་དུས་རྣམ་པ་ཚོས་ད་ལྟའི་བར་དུ་མཉམ་རུབ་གནང་སྟེ་ཚོགས་པ་བཙུགས་པ་ཙམ་དུ་མ་ཟད་ལོ་མང་པོའི་རིང་ཕྱག་ལས་གནང་བ་དེ་ལེགས་པོ་བྱུང་འདུག

          བར་ལམ་བོད་ཆོལ་ཁ་གསུམ་གྱི་ནང་ཁུལ་ལ་ཕྲན་བུ་མ་མཐུན་པའི་གནས་ཚུལ་བྱུང་བའི་སྐབས་༸རྒྱལ་བ་རིན་པོ་ཆེར་ཐུགས་ཕམ་བྱུང་སྟེ། ད་ང་བསྡད་དང་མ་བསྡད་ལ་ཁྱད་པར་མི་འདུག།ཅེས་བཀའ་གནང་བ་དེ་ཁ་གསལ་པོ་བྱས་ནས་བཤད་ན། ད་ང་ཤི་ན་འགྲིག་གི་འདུག་བསམ་པ་དྲན་བྱུང། ཞེས་གསུངས་པ་ལྟ་བུ་རེད། དེ་འདྲ་བའི་ཐུགས་ཕམ་ཆེན་པོའི་གསུང་བསྐྱོན་དགོས་བྱུང་ཡོད་དུས་བོད་ཆོལ་ཁ་གསུམ་ནང་ཁུལ་གྱི་མཐུན་ལམ་ཐོག་རྣམ་པ་ཚོས་སྔར་ལས་ལྷག་པའི་ཤུགས་བསྐྱོན་དགོས་ཀྱི་འདུག་ལ། མ་འོངས་པར་ཡང་ཤུགས་བསྐྱོན་དགོས་པ་དེ་མདོ་སྨད་མི་མང་ལ་སྐབས་སུ་བབས་པའི་ལས་འགན་ཞིག་རེད།

          ༸རྒྱལ་བ་རིན་པོ་ཆེ་དང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་རྣམ་པ་གཉིས་ཀ་དུས་གཅིག་ཏུ་མདོ་སྨད་ལ་སྐུ་འཁྲུངས་པ་ཡིན་དུས། སྤྱིར་བཏང་གི་མི་ཞིག་ལ་མཚོན་ན་ཡང་སོ་སོའི་མི་ལ་སོ་སོས་བདག་པོ་བརྒྱབས་དགོས་པ་ལྟར་༸རྒྱལ་བ་རིན་པོ་ཆེ་དང་ཕ་ཡུལ་གཅིག་པ་ཡིན་བསམས་པའི་ཐོག་ནས་ཡིན་ཀྱང་རུང་དམིགས་བསལ་གྱིས་འགན་ཁུར་དགོས་པ་ཞིག་ཏུ་གྱུར་ཡོད། མདོ་སྨད་པ་ཚོས་༸རྒྱལ་བ་རིན་པོ་ཆེའི་ཞལ་རས་ལ་བལྟས་ནས་སྔར་བཞིན་གང་ཐུབ་ཅི་ཐུབ་ཀྱིས་སྤྱི་པའི་ལས་དོན་ལ་འགན་ཁུར་དགོས་པ་འདི་གལ་ཆེན་པོ་རེད། ལྷག་པར་དུ་ས་གནས་འདི་ལ་མདོ་སྨད་པ་མང་པོ་ཞིག་ཡོད་དུས་ཧུར་ཐག་འབད་ཐག་གནང་རོགས་ཞེས་རེ་སྐུལ་ཞུ་འདོད་བྱུང།

          སྤྱིར་མདོ་སྨད་པ་ཟེར་བ་འདི་གཞན་དང་མི་འདྲ་བ་ཞིག་ཡིན། མདོ་སྨད་པའི་ནང་ནས་བོད་ཀྱི་རྒྱལ་པོ་གནང་མཁན་གསུམ་བྱུང་ཡོད། དེ་བཞིན་དུ་བོད་ཀྱི་ཆོས་དང་རིག་གཞུང་ཐོག་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་མདོ་སྨད་པའི་ནང་དུ་ཤིན་ཏུ་མང་པོ་བྱུང་ཡོད། བོད་ཀྱི་མཁས་པ་ཡིན་ན་མདོ་སྨད་པ་ཡིན་པས་ཁྱབ། ཅེས་༸གོང་ས་མཆོག་ལ་ཞུ་མཁན་བྱུང་བ་དེར་༸རྒྱལ་བ་རིན་པོ་ཆེས་དེ་འདྲ་གང་ཤེས་ཏེ་ཡིན་ན་ཡང་མདོ་སྨད་པའི་ནང་དུ་མཁས་པ་མང་པོ་བྱུང་བ་རེད། ཅེས་བཀའ་གནང་གི་ཡོད་པ་ལྟར་ དངོས་ཡོད་གནས་ཚུལ་ལ་མདོ་སྨད་པའི་ནང་དུ་བོད་ཀྱི་ཆོས་དང་རིག་གཞུང་ལ་མཁས་ཤིང་མཛད་རྗེས་ཆེ་བའི་སྐྱེས་བུ་དམ་པ་ཤིན་ཏུ་མང་པོ་བྱོན་ཡོད། བོད་ཀྱི་བསྟན་པ་དང་ཆབ་སྲིད་ཀྱི་དོན་ལ་མདོ་སྨད་པས་འགན་ཆེན་པོ་བླངས་ཡོད། བོད་ཀྱི་བཙན་པོའི་སྐབས་ནས་བཟུང་ལོ་བརྒྱ་ཕྲག་མང་པོའི་རིང་མདོ་སྨད་པ་རྣམས་ཀྱིས་རྒྱ་བོད་ཀྱི་མཐའ་མཚམས་བརྟན་པོ་བསྲུངས་ཐུབ་ཡོད་ལ། དུས་ད་ལྟ་ཡིན་ནའང་མདོ་སྨད་པ་ནི་བོད་སྤྱི་པའི་དོན་དང་བོད་ཀྱི་ཆོས་དང་རིག་གཞུང་ལ་མཛད་རྗེས་ཆེན་པོ་བཞག་མྱོང་བའི་ཡུལ་ལུང་གལ་ཆེན་ཞིག་ཡིན་དུས། མི་རབས་རྗེས་མ་ཚོས་ཀྱང་མི་རབས་གོང་མ་ཚོའི་མཛད་རྗེས་དེ་དག་རྒྱུན་མཐུད་ནས་བོད་སྤྱི་པའི་དོན་དུ་བོད་ཀྱི་ཆོས་དང་རིག་གཞུང་ལ་འགན་ཁུར་ནས་ཕྱག་ལས་གནང་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད།

          ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་གོང་མ་ཡང་མདོ་སྨད་ཀྱི་ཡུལ་དུ་འཁྲུངས་པ་རེད། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ལ་དངོས་སུ་ཞལ་མཇལ་བའི་སྐབས་བོད་སྤྱི་པའི་དོན་ལ་སེམས་ཤུགས་ཆེན་པོ་དང། གང་འདྲ་ཞིག་གསུང་དགོས་ཀྱང་ཁ་ཐུག་ལ་གསུང་ཐུབ་པའི་སྤོབས་པ་དང་ལྡན་པ་ཧ་ལས་པ་ཞིག་རེད། དེང་སང་བོད་མི་ཡོངས་རྫོགས་ཀྱིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བོད་སྤྱི་པའི་དོན་ལ་ཅི་ཙམ་བཀའ་དྲིན་ཆེན་པོ་ཡིན་པ་དེ་གཞི་ནས་ཚོར་ཡོང་གི་ཡོད། དེ་བཞིན་དུ་༸རྒྱལ་བ་རིན་པོ་ཆེས་བོད་སྤྱི་པའི་དོན་ལ་ཕྱག་ལས་ཅི་ཙམ་གནང་བ་དེ་ངས་ཞུ་དགོས་པ་ཞིག་མ་རེད།

          ང་ཚུར་མ་ཡོང་བའི་གོང་དུ་༸རྒྱལ་བ་རིན་པོ་ཆེ་གློ་བུར་དུ་སྐུ་སྙུང་བཞེས་ནས་ཛ་དྲག་གིས་ལྡི་ལི་ལ་སྨན་ཁང་དུ་ཕེབས་དགོས་བྱུང་སོང། དེའི་རྗེས་སུ་ཉིན་ཞིག་རླངས་འཁོར་མང་པོས་ཛ་དྲག་གི་སྐད་རྒྱག་བཞིན་ཐོན་བྱུང་དུས་༸རྒྱལ་བ་རིན་པོ་ཆེས་ཡང་བསྐྱར་སྐུ་སྙུང་བཞེས་པ་ཡིན་རྒྱུ་རེད་སྙམ་ནས་སེམས་ལ་ཚ་ཤར་བརྒྱབ་བྱུང། རྗེས་མ་ཤེས་དུས་ཛ་དྲག་གི་གནས་ཚུལ་བྱུང་བའི་སྐབས་ལྡི་ལི་ལ་སྨན་ཁང་དུ་གདན་འདྲེན་ཞུ་སྟངས་ཀྱི་སྦྱོང་བརྡར་བྱས་པ་རེད་ཟེར། གང་ལྟར་ཛ་དྲག་གི་གནས་སྟངས་འདི་འདྲ་ཞིག་ཆགས་ཡོད་དུས་༸རྒྱལ་བ་རིན་པོ་ཆེ་ཐུགས་སྤྲོ་པོ་དུས་ཚོད་གཅིག་བྱུང་བ་ཞིག་ཡིན་ན་རེད། སྐར་མ་གཅིག་བྱུང་ན་རེད། འདིའི་ཐོག་ང་ཚོས་ནུས་པ་གང་འདྲ་ཞིག་སྤུངས་ཐུབ་ཀྱི་རེད། ༸རྒྱལ་བ་རིན་པོ་ཆེའི་སྐུ་གཟུགས་འཕྲོད་བསྟེན་གྱི་གཙོ་བོ་ཐུགས་སྤྲོ་པོ་ཡོང་དགོས་པ་འདི་ཡིན་དུས། ༸རྒྱལ་བ་རིན་པོ་ཆེ་ཐུགས་སྤྲོ་པོ་ཡོང་བའི་དོན་དུ་མདོ་སྨད་མི་མང་གིས་དམིགས་བསལ་གྱིས་འགན་བླངས་ནས་དཀའ་ལས་བརྒྱབ་དགོས།

          ང་ཆུང་ཆུང་ཡིན་པའི་སྐབས་ཕ་ཡུལ་གྱི་མི་ཚོའི་བཤད་སྟངས་ལ། སྐུ་རུས་དཀར་དཀར་གྱི་བདག་པོ་དང་སྐུ་ཤ་དམར་དམར་གྱི་བདག་པོ། ཞེས་བཤད་པའི་ལུགས་སྲོལ་ཞིག་ཡོད་པ་བཞིན་ང་ཚོ་མདོ་སྨད་པ་ཚོ་༸རྒྱལ་བ་རིན་པོ་ཆེའི་སྐུ་རུས་དཀར་དཀར་གྱི་བདག་པོ་དང་སྐུ་ཤ་དམར་དམར་གྱི་བདག་པོ་ཡིན་དུས། མདོ་སྨད་པ་ཚོས་༸རྒྱལ་བ་རིན་པོ་ཆེར་སྐུ་བདག་བརྒྱག་དགོས་པ་དང། ༸རྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་བསྒྲུབ་དགོས་པ་དེ་བོད་མི་སྤྱི་ལ་འཁྲི་བའི་ལས་འགན་ཡིན་ནའང་ང་ཚོ་ལ་ང་ཚོའི་གནས་སྟངས་ལ་དཔག་པའི་འགན་འཁྲི་དམིགས་བསལ་བ་ཞིག་ཏུ་གྱུར་ཡོད་དུས་ལས་འགན་དེ་ང་ཚོས་ཁྱོག་ཐུབ་པ་ཞིག་བྱ་དགོས། འདིའི་ཐོག་ལ་རྣམ་པ་ཚོས་རྒྱུན་དུ་དགོངས་པ་བཞེས་རོགས་ཞེས་ཞུ་རྒྱུ་ཡིན།

མདོ་སྨད་པ་རྣམས་ནང་ཁུལ་ལ་འཆམ་པོ་ཡོད་ཅེས་བཀའ་གནང་གི་འདུག།ལུང་ཚན་གང་ནས་ཡིན་པ་དང་ཕ་ཡུལ་གང་ནས་ཡིན་པའི་སྐད་ཆ་མི་བཤད་པར་མདོ་སྨད་པ་ཡོངས་རྫོགས་མཐུན་པོ་བྱ་དགོས་པ་དེ་གལ་ཆེན་པོ་རེད། སྔོན་ནས་ད་ལྟ་ལ་ཐུག་གི་བར་དུ་མདོ་སྨད་པའི་ནང་ཁུལ་དུའང་མ་འཆམ་པའི་གནས་ཚུལ་ཕྲན་བུ་རེ་བྱུང་མྱོང་ཡོད། ཤོག་ག་ཤོག་ག་བྱས་ཏེ་དམག་བརྒྱག་རེས་བྱས་མྱོང་ཡོད་ལ། རྩྭ་ས་རྩོད་གླེང་དང་མི་གསོད་རེས་ཀྱང་བྱས་མྱོང་ཡོད། སྔ་མོའི་འཁོོན་འཛིན་དང་མ་འཆམ་པའི་གནས་ཚུལ་རྙིང་པ་འདིའི་རིགས་ཡོངས་རྫོགས་ཕྱི་ལོ་ལྔ་བཅུ་ང་དགུའི་རྗེས་ཀྱི་རིག་གནས་གསར་བརྗེ་ཆེན་མོ་དང་མཉམ་དུ་གསར་བརྗེ་བྱས་ནས་མེད་པར་བྱ་དགོས་པ་རེད། ཅེས་ངས་རྒྱུན་དུ་ཤོད་ཀྱི་ཡོད། སྔ་མོའི་མ་འཆམ་པའི་གནས་ཚུལ་ངན་པའི་རིགས་ད་ལྟའི་སྤྱི་ཚོགས་གསར་པའི་ནང་དུ་ཁུར་ཡོང་དགོས་པའི་རྒྱུ་མཚན་ཞིག་གཏན་ནས་མེད། ང་ཚོ་བོད་པ་ཞིག་ཡིན་པ་དང་མདོ་སྨད་པ་ཞིག་ཡིན་པའི་བསམ་བློ་བཏང་ནས་མདོ་སྨད་པའི་ནང་ཁུལ་དང། བོད་སྤྱི་པའི་མཐུན་ལམ་ལ་མདོ་སྨད་པ་རྒན་གཞོན་ཀུན་གྱིས་འགན་ཁུར་ནས་ཧུར་ཐག་འབད་ཐག་གནང་རོགས་གནང་ཞེས་ཞུ་འདོད་བྱུང། ཆེ་བསྟོད་ཀྱི་གསོལ་སྟོན་བཤམ་པར་ཐུགས་རྗེ་ཆེ། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༦ ཚེས་ ༡ ཉིན།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.