. . . .

IMG 7099༄༅།། བཀའ་ཟུར་རྗེ་བཙུན་པདྨ་མཆོག་དང། ས་གནས་མདོ་སྨད་རྒྱུན་ལས་རྣམ་པ། མདོ་སྨད་པ་རྒན་རབས་པ་སོགས་དེ་རིང་འདིར་ཕེབས་པའི་མདོ་སྨད་མི་མང་ལ་དབྱར་སྐྱིད་ཀྱི་ཐོག་མཇལ་ཐུབ་པ་བྱུང་བ་དགའ་པོ་བྱུང་བས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

སྐུ་ཚེ་གང་པོར་བོད་སྤྱི་པའི་དོན་ལ་སྐུ་ལས་སྐྱོན་མཁན་རྗེ་བཙུན་པདྨ་མཆོག་བཞུགས་ས་དེར་ངས་སྐད་ཆ་བཤད་པའི་འོས་བབས་མི་འདུག་ལ་ང་ལ་དམིགས་བསལ་ཞུ་རྒྱུ་གང་ཡང་མེད་ནའང། རྣམ་པ་ཚོས་ང་ལ་ཚིག་ཁ་ཤས་ཤིག་བཤད་རོགས་ཞེས་རེ་སྐུལ་གནང་བ་ཡིན་དུས་ངས་ཚིག་འགའ་ཤས་ཤིག་ཞུ་རྒྱུ་ཡིན།

སྐུ་ངོ་རྗེ་བཙུན་པདྨ་མཆོག་གིས་བཀའ་སློབ་གནང་བ་ཆ་ཚང་གནད་འགག་ཡོད་པ་དང་བསམ་བློ་གཏོང་རྒྱུ་ཡོད་པ་ཤ་སྟག་ཡིན་དུས་རྣམ་པ་ཚོས་དེའི་ཐོག་ཐུགས་བསམ་བཞེས་རོགས་ཞེས་གལ་ཆེན་པོས་ཞུ་འདོད་བྱུང། གོང་དུ་བཀའ་སློབ་གནང་བ་ལྟར་བོད་ཆོལ་ཁ་གསུམ་རྡོག་རྩ་གཅིག་ཏུ་བསྒྲིལ་དགོས་པ་འདི་ང་ཚོའི་ལས་དོན་ཡོངས་རྫོགས་ནང་ནས་གལ་ཆེ་ཤོས་རེད། བར་སྐབས་ཤིག་ནས་ཆོལ་ཁ་གསུམ་གྱི་ནང་ཁུལ་མཐུན་ལམ་ཉམ་ཆག་ཕྲན་བུ་ཞིག་ཕྱིན་པ་ལ་བརྟེན་ནས་༸རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་བྱུང་བའི་གནས་ཚུལ་ཞིག་བྱུང་ཡོད།

          སྔོན་མ་༸རྒྱལ་བ་རིན་པོ་ཆེས་དགའ་ལྡན་ཕོ་བྲང་བའི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་བཞིན་པའི་སྐབས། ཐེངས་ཤིག་རྒྱ་གར་ཤར་ཕྱོགས་ངྷེ་བྷི་གྷར་ཞེས་པར་གནམ་ཐོག་ནས་ཆིབས་བསྒྱུར་བསྐྱངས་དུས་གནམ་གྲུ་སྐྱོ་པོ་ཞིག་དང་ཉིན་དེར་གནམ་གཤིས་ཀྱང་ཤིན་ཏུ་ངན་པ་བསྟན་པས་གནམ་གྲུ་ལ་ཉེན་ཁ་ཆེན་པོ་ཞིག་འཕྲད་འདུག། སྐབས་དེར་༸རྒྱལ་བ་རིན་པོ་ཆེས། དེ་རིང་ང་ཕལ་ཆེར་ཤི་ས་རེད། ད་ལྟའི་ཆར་ང་ཤི་བ་ཡིན་ན་འགྲིག་མ་སོང། བོད་རྒྱ་ཆེ་མི་མང་ངས་བློས་ཐོངས་མ་སོང། ཞེས་བཀའ་གནང་ཡོད། ༸རྒྱལ་བ་རིན་པོ་ཆེས་བོད་རྒྱ་ཆེའི་མི་མང་གི་དོན་ལ་འདི་འདྲའི་འགན་ཁུར་དང་ཐུགས་ཁུར་ཆེན་པོ་ཞིག་བཞེས་ཀྱི་ཡོད།

༸རྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་བོད་མི་མང་གིས་འོས་ཤོག་ལམ་ནས་བདམས་པའི་དབུ་ཁྲིད་ཚོ་ལ་རྩིས་སྤྲོད་གནང་ཟིན་པའི་རྗེས་བཀའ་སློབ་འདི་འདྲ་ཞིག་གནང་ཡོད། ད་ང་བློ་བདེ་པོ་བྱུང་། ང་མི་གཅིག་ཡོད་དང་མེད་ལ་ཁྱད་པར་མེད་པར་བོད་ཀྱི་རྩ་དོན་འདི་བརླག་མི་འགྲོ་བ་དང། བོད་ཀྱི་བདེན་དོན་འཐབ་རྩོད་བྱེད་པའི་གཞུང་འདི་མུ་མཐུད་ནས་བརྟན་པོར་གནས་ཐུབ་པར་ཆགས་སོང། ཞེས་བཀའ་གནང་ཡོད།

          རྗེས་མ་བོད་མིའི་ནང་ཁུལ་ལ་ཕྲན་བུའི་མ་འཆམ་པའི་གནས་ཚུལ་བྱུང་བའི་སྐབས་དེར་༸རྒྱལ་བ་རིན་པོ་ཆེས། ད་ང་བསྡད་དང་མ་བསྡད་ལ་ཁྱད་པར་མི་འདུག་བསམ་པ་དྲན་བྱུང། ཞེས་བཀའ་གནང་ཡོད།

          བཀའ་སློབ་འདི་དག་གུང་བསྒྲིགས་ནས་རྣམ་པ་ཚོས་དགོངས་པ་བཞེས་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད། ༸རྒྱལ་བ་རིན་པོ་ཆེར་ཐུགས་ཕམ་བྱུང་བ་དེ་དྭངས་ཐབས་ཞུ་དགོས་པ་བོད་མི་མང་གི་ལས་འགན་རེད། མདོ་སྨད་པ་དང་མདོ་སྨད་པའི་ཤེས་ཡོན་ཅན་རྣམས་ལ་དམིགས་བསལ་གྱིས་འགན་ཁུར་ཡོད། ༸རྒྱལ་བ་རིན་པོ་ཆེས་བཀའ་སློབ་ལམ་སྟོན་གནང་བའི་སྐབས། གནད་དོན་འདིའི་ཐོག་ལ་བཀའ་སློབ་མ་གནང་ཟེར་བ་ཞིག་མེད་པ་ལྟ་བུ་ཡིན་དུས། ང་ཚོ་མི་རེ་ངོ་རེ་ནས་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཀྱི་དགོངས་དོན་དང་མཐུན་པའི་ཞབས་ཕྱི་གང་དང་གང་ཞུ་ཐུབ་པ་འདུག།འདིའི་ཐོག་ལ་རང་གཞན་ཀུན་གྱིས་དགོངས་པ་ཡག་པོ་བཞེས་དགོས།

S 1 4 S 1 3
S 1 8 S 1 9

          ཁ་སང་ཉེ་ཆར་མདོ་སྨད་པ་ཚོ་འཛོམས་པའི་ས་ཆ་སོ་སོ་ལ་ཡོང་རོགས་ཟེར་ནས་ཕྱིན་པའི་སྐབས། བུ་གླེན་པས་ཕ་ཡི་ཀླད་པ་བཅོམ། ཞེས་པའི་སྒྲུང་འདི་༸རྒྱལ་བ་རིན་པོ་ཆེས་ལན་མང་པོར་བཀའ་གནང་བའི་སྐོར་ཞུས་པ་ཡིན།

          གནའ་སྔ་མོ་ཕ་རྒན་ཞིག་དང་བུ་གླེན་པ་ཞིག་ཡོད། ཕ་བུ་གཉིས་ཀྱི་བར་ལ་བརྩེ་བ་གཏིང་ཟབ་ཡོད། ཕ་རྒན་ན་སྟེ་ཉལ་ནས་ཡོད་པའི་སྐབས་སྦྲང་བུ་ཞིག་ཕའི་མགོ་ལ་བབས་ནས་སུན་པོ་བཟོས། བུ་གླེན་པ་དེས་ཕ་རྒན་གྱི་མགོར་བབས་པའི་སྦྲང་བུའི་ཐོག་ཁོང་ཁྲོ་ལངས་ནས་སྦྲང་བུ་དེ་ཕར་འདེད་ཚུར་འདེད་བྱས་ནས་ཕ་ལ་སུན་པོ་མི་ཡོང་ཐབས་བྱས། སྦྲང་བུ་དེ་འཕུར་ནས་ཀ་བ་ཞིག་གི་ངོས་ལ་བབས་པ་ལྟ་བུ་ཞིག་མཐོང་བའི་སྐབས། བུ་གླེན་པ་དེ་སྦྲང་བུའི་ཐོག་ཁོང་ཁྲོ་ཟ་བཞིན་ཀ་བའི་ངོས་སུ་ནག་རིལ་རིལ་ཞིག་ཡོད་པ་དེའི་ཐོག་ལ་ཁུ་ཚུར་གཞུས་པའི་སྐབས། ནག་རིལ་རིལ་དེ་སྦྲང་བུ་མིན་པར་འཛེར་ཀ་ཞིག་ཡིན་དུས་ལག་པར་རྨ་བཟོས་ནས་ན་ཟུག་ཆེན་པོ་བྱུང་བས་བུ་གླེན་པ་དེ་སྔར་ལས་ཀྱང་ཁོང་ཁྲོ་ཆེན་པོ་ལངས་ནས་དབྱུག་པ་ཞིག་བཟུང་སྟེ་སྦྲང་བུ་དེའི་རྗེས་དེད་ནས་ཕྱིན་པའི་སྐབས། མཐའ་མ་སྦྲང་བུ་དེ་ཕའི་མགོ་ལ་བབས་པ་ན་ཁོས་ཕའི་མགོ་ལ་བབས་པའི་སྦྲང་བུ་ལ་དབྱུག་པ་གཞུས་ནས་ཕ་རྒན་བསད་པ་རེད། ཅེས་པའི་སྒྲུང་འདི་༸རྒྱལ་བ་རིན་པོ་ཆེས་ལན་མང་པོར་བཀའ་གནང་མྱོང་ཡོད། བུ་གླེན་པའི་བསམ་པ་ལ་རང་གི་ཕ་རྒན་ལ་ཤ་ཚ་དང་ཕན་སེམས་བྱེད་ཀྱི་ཡོད་ནའང་ཕན་སེམས་བྱེད་སྟངས་དང་ཤ་ཚ་བྱེད་སྟངས་མ་ཤེས་པའི་དབང་གིས་སྦྲང་བུ་གསོད་ཀྱི་ཡིན་བསམས་ནས་རང་གི་ཕ་རྒན་བསད་པ་རེད། ང་ཚོ་བོད་མི་རྣམས་ཀྱིས་ཤ་ཚ་བྱེད་སྟངས་ཤེས་དགོས་པ་དང། བོད་སྤྱི་པའི་ལས་དོན་སྒྲུབ་སྟངས་ཤེས་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད། བོད་སྤྱི་པའི་ལས་དོན་སྒྲུབ་སྟངས་མ་ཤེས་ན། ལྷག་བསམ་བྱེད་ཀྱི་ཡོད་པའི་དབང་དུ་བྱས་ཀྱང་དངོས་ཡོད་གནས་ཚུལ་ལ་རང་གི་བྱ་བ་དེས་བོད་སྤྱི་པ་ལ་ཕན་ལས་གནོད་པ་ཆེ་བའང་འབྱུང་སྲིད། རྣམ་པ་ཚོས་ལས་དོན་གང་འདྲ་ཞིག་བསྒྲུབས་ནའང་ལས་ཀ་བྱེད་སྟངས་ཤེས་དགོས་པ་དེ་གལ་ཆེན་པོ་རེད།

གོང་དུ་བཀའ་སློབ་གནང་བ་ལྟར་༸རྒྱལ་བ་རིན་པོ་ཆེས་ང་ཚོ་ལ་མང་གཙོ་ཡང་དག་པ་གནང་ཡོད་དུས་བཤད་ཕོད་པ་དང་ལས་ཕོད་པ་དེ་གལ་ཆེན་པོ་ཡིན་ནའང། རང་གིས་བཤད་པ་དང་ལས་པ་དེས་ཕན་ཐོགས་འདུག་གམ་མི་འདུག བོད་སྤྱི་པའི་དོན་ལ་ཕན་ཐོགས་ཀྱི་འདུག་གམ་མི་འདུག་ལ་བསམ་བློ་བཏང་ནས་བཤད་ཤེས་པ་དང་ལས་ཤེས་པ་ཞིག་བྱ་དགོས་པ་དེ་གལ་ཆེན་པོ་རེད། བཤད་ཤེས་པ་དང་ལས་ཤེས་པ་ཞིག་མ་བྱས་ན། ནང་ཁུལ་ལ་མ་འཆམ་པ་ཡོང་བ་དང། ཆོལ་ཁ་དང་ཆོས་བརྒྱུད་ཀྱི་བར་ལ་མི་མཐུན་པའི་འཐེན་ཁྱེར་ཡོང་བ། གཅིག་གིས་གཅིག་ལ་ལྟ་ཚུལ་ངན་པ་ཡོང་བ་སོགས་དཀའ་ངལ་མང་པོ་ཞིག་དང་འཕྲད་ཀྱི་ཡོད་དུས། རྣམ་པ་ཚོས་རྡོག་རྩ་ཆིག་སྒྲིལ་གྱི་ཐོག་ལས་ཀ་ལས་ཤེས་པ་དང་སྐད་ཆ་བཤད་ཤེས་པའི་ཐོག་ནས་སྤྱི་པའི་ལས་དོན་སྒྲུབ་དགོས་པ་དེ་གལ་ཆེན་པོ་རེད་ཅེས་རྣམ་པ་ཚོར་དམིགས་བསལ་གྱིས་ཞུ་འདོད་བྱུང།

    སྤྱིར་བཏང་བོད་ཆོལ་ཁ་གསུམ་ཡོངས་རྫོགས་ལ་༸རྒྱལ་བ་རིན་པོ་ཆེའི་བཀའ་གསུང་ཅི་སྒྲུབ་ཞུ་དགོས་པའི་འགན་གཅིག་མཚུངས་ཀྱིས་ཡོད་ནའང། མདོ་སྨད་པ་ཚོ་༸རྒྱལ་བ་རིན་པོ་ཆེའི་སྐུའི་འཁྲུངས་ཡུལ་ཡིན་པའི་ཆ་ནས་དམིགས་བསལ་གྱི་འགན་འཁྲི་ཞིག་ཡོད། ཨ་མདོ་པའི་གཏམ་དཔེ་ལ། སྐུ་ཤ་དམར་དམར་གྱི་བདག་པོ་དང་སྐུ་རུས་དཀར་དཀར་གྱི་བདག་པོ། ཞེས་བཤད་སྲོལ་ཡོད་པ་བཞིན། ༸རྒྱལ་བ་རིན་པོ་ཆེས་བོད་ཆོལ་ཁ་གསུམ་ལ་གཟིགས་ཚུལ་ཁྱད་པར་མེད་ནའང་མདོ་སྨད་པའི་ངོས་ནས་༸རྒྱལ་བ་རིན་པོ་ཆེ་ལ་ཕ་ཡུལ་གཅིག་པ་ཡིན་པའི་ཐོག་ནས་ཀྱང་སེམས་ཤུགས་ཆེན་པོས་དམིགས་བསལ་གྱིས་ཞབས་ཕྱི་ཞུ་ཐུབ་ཐབས་ལ་འབད་བརྩོན་གནང་དགོས། བར་ལམ་ལོ་ཤས་རིང་བོད་རིགས་ནང་ཁུལ་ལ་མ་འཆམ་པའི་གནས་ཚུལ་བྱུང་བའི་སྐབས་བོད་མི་རྒན་རབས་པ་མང་པོ་ཞིག་གིས་སེམས་ཁྲལ་གནང་གི་འདུག།དེ་སྔོན་གནས་ཚུལ་བྱུང་ཚར་བ་ལ་བཅོས་ཐབས་མེད་ནའང་མ་འོངས་པར་ནང་ཁུལ་གྱི་མཐུན་ལམ་ལ་གནོད་པ་དང་མ་འཆམ་པའི་རིགས་མ་ཡོང་བ་ཞིག་གནང་དགོས་པ་འདི་གལ་ཆེན་པོ་རེད།

ལྷག་པར་དུ་ད་ལོའི་ལོ་འདི་༸རྒྱལ་བ་རིན་པོ་ཆེའི་སྐུའི་དགུང་ཀེག་ལ་འཁེལ་གྱི་ཡོད་དུས་འཚུབ་པོ་ཞིག་རང་བཞིན་གྱིས་ཡོང་གི་འདུག།ད་ལོའི་ལོ་འགོ་ལ་༸རྒྱལ་བ་རིན་པོ་ཆེས་ཛ་དྲག་གི་སྙུང་གཞི་བཞེས་ནས་སྨན་ཁང་ལ་ཕེབས་དགོས་བྱུང་བ་རེད། སྨན་ཁང་ནས་ཡར་ཕེབས་པའི་རྗེས་སུ་ཡང་སྐུ་གཟུགས་མ་བདེ་བ་རེ་བྱུང་སོང། ཉིན་གཅིག་སྐུ་མདུན་སྨན་བཅོས་ལ་ཕེབས་ཀྱི་ཡོད་པ་ལྟ་བུའི་རླངས་འཁོར་ཛ་དྲག་གིས་བཏང་བྱུང་བའི་སྐབས་དེར་ང་མཚམས་ལ་བསྡད་ཡོད། ཛ་དྲག་གི་ཉེན་བརྡ་དེ་ཐོས་མ་ཐག་གནས་ཚུལ་ག་རེ་བྱུང་བ་ཡིན་ནམ། གཏམ་གང་འདྲ་ཞིག་གོ་རྒྱུ་ཡོད་དམ་སྙམ་ནས་དངངས་སྐྲག་གིས་སེམས་ལ་ཚ་ཤར་བརྒྱབས་བྱུང། ཕྱིས་སུ་གནས་ཚུལ་གསལ་པོར་ཤེས་པའི་སྐབས་ཛ་དྲག་གི་སྐུ་སྙུང་བཞེས་པ་ཡིན་ན་སྨན་ཁང་ལ་གདན་འདྲེན་ཞུ་རྒྱུར་སྦྱོང་བརྡར་བྱས་པ་རེད་ཟེར། གང་ལྟར་ཡང་ང་ཚོ་ཛ་དྲག་གི་གནས་སྟངས་ཤིག་ཏུ་སླེབས་ཡོད།

S 1 5 S 1 6
S 1 7 S 1 2

          ༸རྒྱལ་བ་རིན་པོ་ཆེས་རྒྱུན་དུ། རེ་བ་བཟང་ས་ལ་རྒྱོབས། གྲ་སྒྲིག་སྡུག་ས་ནས་བྱོས། ཞེས་བཀའ་གནང་གི་ཡོད་པ་ལྟར། ༸རྒྱལ་བ་རིན་པོ་ཆེ་དགུང་ལོ་བརྒྱ་དང་བཅུ་གསུམ་ལ་བཞུགས་རྒྱུར་ང་ཚོས་རེ་བ་བཟང་ས་ནས་བརྒྱག་དགོས་ནའང། བར་ལམ་ནས་སྐུའི་སྙུང་གཞི་མང་པོ་བཞེས་ཀྱི་ཡོད་དུས་བོད་མི་རྣམས་ཀྱིས་༸རྒྱལ་བ་རིན་པོ་ཆེས་ཞལ་བཞེས་གནང་བ་ནང་བཞིན་སྐུ་ཚེ་རིང་པོར་བཞུགས་རྒྱུར་ང་ཚོའི་ངོས་ནས་ག་རེ་བྱེད་ཐུབ་ཀྱི་འདུག།བོད་གཞུང་འདི་སྲ་བརྟན་ཡོང་བའི་དོན་དུ་ང་ཚོས་ག་རེ་བྱེད་དགོས། ༸རྒྱལ་བ་རིན་པོ་ཆེས་ལོ་ཡུན་དེའི་རིང་ལ་སྐུ་ལས་བསྐྱོན་ནས་བོད་གཞུང་འདི་བཙུགས་པ་རེད། གཞུང་འདི་མུ་མཐུད་ནས་བརྟན་པོར་གནས་དགོས་པ་དེ་༸རྒྱལ་བ་རིན་པོ་ཆེའི་ཐུགས་ཀྱི་དགོངས་གཞི་རེད་ལ། ད་ལྟའི་བོད་མི་མང་དང་མ་འོངས་པའི་བོད་རྒྱལ་ཁབ་ལ་མཚོན་ནའང་ཤིན་ཏུ་ནས་གལ་ཆེན་པོ་རེད། གལ་སྲིད་བོད་གཞུང་འདི་འཐོར་ཞིག་ཏུ་ཕྱིན་ནས་བརླགས་པ་ཡིན་ན་བོད་མི་རིགས་འདི་འཛམ་བུ་གླིང་ནས་བརླག་འགྲོ་བའི་ཉེན་ཁ་ཏན་ཏན་ཡོད། བོད་གཞུང་འདི་མ་བརླག་པ་དང་བརྟན་པོར་གནས་པའི་དོན་དུ་ང་ཚོ་བོད་མི་མང་གི་ངོས་ནས་ག་རེ་བྱེད་ཐུབ་ཀྱི་རེད། བོད་མི་མང་གི་ངོས་ནས་ག་རེ་བྱེད་དགོས་ཀྱི་འདུག། ད་ལྟའི་གནས་སྐབས་ལ་ག་རེ་བྱེད་རྒྱུ་འདུག།འདིའི་ཐོག་བསམ་བློ་བཏང་ནས་བོད་མི་ཡོངས་རྫོགས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་བོད་གཞུང་འདི་བརྟན་པོར་གནས་ཐུབ་པའི་དོན་དུ་ཐབས་ཤེས་གང་ཡོད་གནང་དགོས། མ་འོངས་པ་ལ་བསམ་བློ་གཏོང་དགོས་པའི་ཛ་དྲག་གི་གནས་སྟངས་དང་དུས་ཚོད་ཅིག་ལ་སླེབས་འདུག། འདིར་དངོས་སུ་ཕེབས་པ་ཚོ་བརྒྱུད་ནས་བོད་མི་ཡོངས་རྫོགས་ཀྱིས་ཛ་དྲག་གིས་བསམ་བློ་གཏོང་དགོས་པའི་དུས་ཚོད་ཅིག་ལ་སླེབས་པ་དེ་མཁྱེན་དགོས་པ་འདི་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང།

          ༸རྒྱལ་བ་རིན་པོ་ཆེས། ཁོང་ཐང་ཆད་ཀྱི་འདུག ཅེས་པའི་བཀའ་ལན་མང་པོ་གནང་གི་འདུག།སྐུ་གཟུགས་ལ་དགུང་ལོའི་གནས་བབ་ཀྱི་ཐོག་ནས་ཐང་ཆད་པ་ཡོང་གི་ཡོད་ཀྱང། ཐུགས་ལ་ཐང་མ་ཆད་པ་ཞིག་ང་ཚོས་བཟོ་དགོས། ཐུགས་ཐང་ཆད་ནས་ཐུགས་ཕམ་བྱུང་བ་ཡིན་ན་ཧ་ལས་པའི་ཐབས་སྐྱོ་པོ་ཡིན་དུས་༸རྒྱལ་བ་རིན་པོ་ཆེའི་ཐུགས་ཐང་མ་ཆད་པ་ལ་ང་ཚོ་སོ་སོའི་ངོས་ནས་ག་རེ་བྱ་རྒྱུ་ཡོད་པ་དེ་ངེས་པར་ཞུ་དགོས་པ་རེད་ཅེས་སྐད་ཆ་བཤད་ས་ཡོངས་རྫོགས་ལ་ངས་བཤད་པ་ཡིན།

          སིད་སིའི་ནང་དུ་མི་ཐོག་དང་པོ་དང་གཉིས་པ་གསུམ་པ་བྱས་ནས་བོད་མི་མང་པོ་ཞིག་འབྱོར་འདུག ཐེངས་དང་པོར་སིད་སིའི་ནང་དུ་ཕེབས་མཁན་རྣམས་ཀྱི་དུས་སྐབས་ནས་བཟུང་སྟེ་བོད་མི་རིགས་ལ་ལུང་པ་འདིའི་ཡུལ་མི་རྣམས་ཀྱིས་མི་རིགས་གཞན་དག་ལས་མཐོང་ཆེན་པོ་དང་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་བཀའ་གནང་གི་འདུག། ད་ཕྱིན་ཆད་མ་འོངས་པར་ཡིན་ནའང་ང་ཚོ་སིད་སིའི་ཡུལ་མིས་མུ་མཐུད་ནས་མཐོང་ཆ་འཇོག་ཡོད་པ་དང་ཡིད་ཆེས་བྱེད་ཆོག་ས། བོད་མི་རྣམས་ཡག་པོ་ཡོད་པ་རེད་ཟེར་བ་ཞིག་བཟོ་ཐུབ་དགོས། བོད་པ་སུ་འདྲ་ཞིག་ཡིན་ན་ཡང། མི་རེ་ངོ་རེ་ལ་བོད་པ་རེད་ཟེར་བ་དང་༸རྒྱལ་བ་རིན་པོ་ཆེའི་སློབ་མ་རེད། ཅེས་པའི་མིང་འདི་གཉིས་རང་བཞིན་གྱིས་འབྱར་ནས་ཡོད་དུས་བྱ་བ་བཟང་པོ་ཞིག་བྱས་པ་ཡིན་ནའང། བོད་པ་ཞིག་གིས་བྱ་བ་བཟང་པོ་བྱས་འདུག་ཟེར་རྒྱུ་ཡིན་པ་དང། ༸རྒྱལ་བ་རིན་པོ་ཆེའི་སློབ་མ་ཞིག་གིས་བྱ་བ་བཟང་པོ་བྱས་འདུག་ཅེས་ཟེར་རྒྱུ་ཡིན། བྱ་བ་ངན་པ་དང་སྡུག་ཆག་ཅིག་བྱས་པ་ཡིན་ནའང་། བོད་པ་ཞིག་གིས་བྱས་པ་རེད། ༸རྒྱལ་བ་རིན་པོ་ཆེའི་སློབ་མ་ཞིག་གིས་བྱས་པ་རེད་ཅེས་ཟེར་རྒྱུ་ཡིན། ད་ལྟའི་བར་དུ་ཡག་པོ་བྱུང་ཡོད་པ་དེ་མུ་མཐུད་ནས་རྒྱུན་འཛིན་ཞུ་ཐུབ་དགོས། མ་འོངས་པའི་བོད་ཀྱི་སོན་རྩ་གཞོན་སྐྱེས་རྣམས་བོད་མི་ཡག་པོ་ཞིག་དང་བོད་སྤྱི་པའི་དོན་ལ་ལས་ཀ་བྱེད་ཐུབ་མཁན་ཞིག་བཟོ་དགོས་པ་གལ་ཆེན་པོ་རེད།

སྔོན་མ་རྗེ་བཙུན་པདྨ་མཆོག་གིས་གཙོས་ང་ཚོའི་སྐབས་ནས་བཟུང་མི་རབས་རྒན་པ་རྣམས་ཀྱིས་བོད་མི་ཡོངས་རྫོགས་བསྐྱངས་ཏེ་གསོ་སྐྱོང་གནང་བ་ལ་བརྟེན་ནས་ད་ལྟའི་བོད་གཞུང་འདི་འཛིན་སྐྱོང་ཐུབ་པ་བྱུང་བ་རེད། ད་ལྟའི་བོད་གཞུང་འདི་མི་རབས་རྒན་པ་རྣམས་ཀྱིས་བསྐྱངས་པའི་མི་དེ་དག་གིས་བཟུང་སྟེ་འཛིན་སྐྱོང་གནང་གི་ཡོད། མ་འོངས་པར་བོད་གཞུང་འདི་མུ་མཐུད་ནས་འཛིན་སྐྱོང་བྱེད་མཁན་ཁྱེད་རང་ཚོས་གསོ་སྐྱོང་བྱ་དགོས་པ་ཡིན་དུས་མི་ཐོག་རྗེས་མ་རྣམས་བོད་ཀྱི་སྐད་ཡིག་ཤེས་པ་དང། བོད་མི་རིགས་དང་བོད་ཀྱི་ཆོས་དང་རིག་གཞུང་ལ་ཤ་ཚ་དང་བརྩེ་བ་ཡོད་མཁན་གྱི་བོད་པ་ཡང་དག་པ་ཞིག་དང། བོད་མི་ཡ་རབས་ཤིག་ཏུ་ཁྱེད་ཚོས་གསོ་སྐྱོང་བྱ་ཐུབ་དགོས། ང་ཕྱི་རྒྱལ་ཁག་ལ་ཕྲན་བུ་འགྲོ་མྱོང་བས་ཕྱི་རྒྱལ་གཞན་དག་དང་བསྡུར་ན་སིད་སིའི་ནང་དུ་ཡོད་པའི་བོད་པའི་གཞོན་སྐྱེས་ཚོས་བོད་སྐད་ཡག་པོ་ཤོད་ཐུབ་ཀྱི་འདུག།ད་ལྟའི་བུ་ཕྲུག་ཚོས་བོད་སྐད་ཡག་པོ་བཤད་པའི་གནས་སྟངས་འདིའི་ཐོག་ནས་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་དགོས་པ་འདི་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང།

          ཕྱི་རྒྱལ་གྱི་ས་གནས་འགའ་ཤས་ལ་མདོ་སྨད་པའི་ཚོགས་པ་གསར་འཛུགས་གནང་འདུག་པ་ཤིན་ཏུ་ཡག་པོ་རེད། ས་གནས་སོ་སོའི་མདོ་སྨད་པ་རྣམས་མདོ་སྨད་པའི་ཚོགས་པའི་ནང་དུ་གནས་ཐུབ་པ་ཞིག་བྱ་དགོས་པ་དེ་གལ་ཆེན་པོ་རེད། ས་གནས་སོ་སོའི་མདོ་སྨད་པ་རྣམས་ས་གནས་ཀྱི་མདོ་སྨད་ཚོགས་པའི་ནང་དུ་འདུ་ཐུབ་པ་བྱུང་ན། མདོ་སྨད་པ་རྣམས་ཕན་ཚུན་ངོ་ཤེས་པ་དང་སྐྱིད་སྡུག་མཉམ་གཤིབ། ཡ་རབས་སྤྱོད་བཟང་དང་སེམས་ཤུགས་ལྡན་པའི་ཐོག་ནས་ཕན་ཚུན་སྐད་ཆ་བཤད་ཐུབ་པ་ཡོང་གི་རེད། སོ་སོའི་ཚོགས་པའི་ནང་དུ་འདུ་མ་ཐུབ་པར་ཕྱི་ལོགས་སུ་སྐད་ཆ་གང་བྱུང་མང་བྱུང་ཤོད་མཁན་དང་ལས་ཀ་འདྲ་མིན་སྣ་ཚོགས་བྱེད་མཁན་ཞིག་བྱུང་བ་ཡིན་ན། མདོ་སྨད་པ་སྤྱི་པའི་ཞབས་འདྲེན་རེད། ས་གནས་ཀྱི་མདོ་སྨད་པ་ཡོངས་རྫོགས་མདོ་སྨད་ཚོགས་པའི་ཁོངས་སུ་བསྡུ་ཐུབ་པ་ཞིག་བྱ་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང།

          ད་ལྟའི་སིད་སི་མདོ་སྨད་ས་གནས་རྒྱུན་ལས་འདི་རྒྱུན་ལས་སྐབས་བཅུ་པ་ཡིན་དུས་ལོ་རྒྱུས་ཀྱང་རིང་པོ་རེད་འདུག། རྣམ་པ་ཚོས་ཚོགས་པ་འདི་མ་འོངས་པར་མུ་མཐུད་གནས་ཐུབ་པ་ཞིག་གནང་དགོས། དེ་རིང་འདིར་ཕེབས་མཁན་མང་ཆེ་བ་ནི་བོད་ནས་ཕེབས་མཁན་གྱི་གསར་འབྱོར་ཡིན་དུས་བོད་ནང་དུ་བོད་མི་ལ་སྡུག་བསྔལ་ག་ཚད་ཡོད་མེད་རྣམ་པ་ཚོས་གསལ་པོ་མཁྱེན་གྱི་ཡོད། བོད་ནང་གི་བོད་མི་ཚོས་རེ་བ་བརྒྱག་ས་གཙོ་བོ་དེ་༸རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་རེད། རྒྱ་མིའི་བཙོན་ཁང་དུ་ཡོད་མཁན་ཞིག་ཡིན་ནའང་ལུས་ལ་དཀའ་ངལ་ཅི་ཙམ་ཡོད་མེད་ལ་མ་ལྟོས་པར་སེམས་ནས་༸རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་རེ་བ་བརྒྱབས་ཏེ་རེ་བས་འཚོ་ནས་ཡོད་དུས་༸རྒྱལ་བ་རིན་པོ་ཆེས་བཙུགས་པའི་བོད་གཞུང་འདི་བརྟན་པོར་གནས་ཐུབ་པ་བྱ་དགོས། ད་ལྟའི་སྐབས་ལ་༸རྒྱལ་བ་རིན་པོ་ཆེས་དངོས་སུ་བོད་གཞུང་གི་དབུ་ཁྲིད་གནང་གི་ཡོད་མེད་གང་ལྟར་ཡང། བོད་རྒྱ་ཆེའི་མི་མང་གིས་བོད་གཞུང་འདི་༸རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་གཞུང་ལ་ཡིད་ཆེས་དང་ངོས་འཛིན་བརྟན་པོ་བྱེད་བཞིན་ཡོད་དུས་བོད་གཞུང་འདི་བརྟན་པོ་གནས་ཐབས་ལ་ཐམས་ཅད་ཀྱིས་ཧུར་ཐག་འབད་ཐག་གནང་རོགས་ཞེས་ཞུ་རྒྱུ་ཡིན། རྣམ་པ་ཚོས་ང་ལ་སྣེ་ལེན་དང་ཕེབས་བསུ་གནང་བ་ལ་ཐུགས་རྗེ་ཆེ། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༦ ཚེས་ ༨ ཉིན།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.