01༄༅།། ཐོག་དང་པོར་༸སྙན་སེང་ཚིག་གཅིག་གཉིས་ཤིག་ཞུས་ཆོག་པ་ཞེས་ཞུ་རྒྱུ་ཡིན། ༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་དབུར་བཞུགས་པའི་འབྲས་སྤུངས་བློ་གསལ་གླིང་གི་བླ་སྤྲུལ་ལྷན་རྒྱས་འདིར་འཛོམས་ནས་ཕྲན་ལ་བརྟན་བཞུགས་གནང་བ་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན།

      ཁ་སང་ང་ལ་བརྟན་བཞུགས་འབུལ་དགོས་ཀྱི་ཡོད་ཅེས་བཀའ་གནང་བའི་སྐབས་ཐོག་མར་ངས་མིན་ཞེས་ཞུས་པ་ཡིན་ཡང། ༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གི་དགོངས་པ་རེད་ཅེས་བཀའ་ནན་པོ་ཞིག་གནང་ཡོང་དུས། རིན་པོ་ཆེ་ནས་འདི་ལྟར་གནང་བ་ལ་རྟེན་འབྲེལ་གྱི་གནད་དམ་དགག་བྱ་དགོས་པ་ཆེན་པོ་ཞིག་ཡོད་ངེས་ཡིན་པས། དེ་ལ་མིན་ཞེས་ཨུ་ཚུགས་མཐའ་གཅིག་ཏུ་བྱས་ན་ཡག་པོ་ཡོད་རྒྱུ་མ་རེད་བསམས་ནས་མཐའ་མ་ཁས་ལེན་ལྟ་བུ་ཞུས་པ་ཡིན། རྣམ་པ་ཚོས་ང་ལ་ཆེ་མཐོང་གིས་གཟིགས་པ་ཆེན་པོ་འདི་ལྟ་བུ་གནང་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང། ལྷག་པར་དུ་དེ་རིང་གི་བརྟན་བཞུགས་འདིའི་ཚོགས་མགོན་དུ་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་དངོས་སུ་ཕེབས་ཏེ་ང་ལ་ཆེ་མཐོང་གནང་བར་མ་ཟད། རྒྱུན་དུ་ང་ཚོ་ལ་གཟིགས་སྐྱོང་གནང་བ་ལ་དགའ་སྤོབས་དང་བཅས་བཀའ་དྲིན་བླ་མེད་དུ་ཆེ་ཞེས་༸སྙན་སེང་ཞུ་རྒྱུ་ཡིན།

06 05 07

སྔ་མོ་བོད་ནང་དུ་ང་དྲང་ངེས་འཛིན་གྲྭ་ཡིན་པའི་སྐབས་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་དབུ་མ་རྙིང་པའི་འཛིན་གྲྭ་ལ་བཞུགས་ཡོད་ཚོད་ཡིན། སྐབས་དེར་དམ་བཅའ་གཏུགས་འདུག་སོགས་ཀྱི་སྐབས་སུ་ཐག་རིང་པོ་ནས་མཇལ་བ་མ་གཏོགས་ཉེ་ས་ནས་མཇལ་མ་མྱོང། ཕྱིས་སུ་རྒྱ་གར་ལ་ཕེབས་ནས་ཌ་ལ་ཧོ་སི་ལ་བཞུགས་པ་ནས་བཟུང་ད་ལྟ་ལ་ཐུག་གི་བར་དུ་ངའི་ངོས་ནས་བླ་མ་ཞིག་ལ་རྒྱུན་རིང་པོ་དང་ལོ་མང་པོའི་རིང་འགྲོགས་འདྲིས་བྱས་མྱོང་བ་ནི་ཕལ་ཆེར་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་རེད།

རིན་པོ་ཆེ་མཆོག་གིས་དགུང་ལོ་བརྒྱད་ཅུ་བཞེས་པའི་བར་དུ་བོད་བསྟན་སྲིད་སྤྱི་ལ་ཕན་པའི་མཛད་འཕྲིན་གྱི་ཞབས་འདེགས་རྒྱ་ཆེན་པོ་གནང་བ་རེད། ངས་དེ་རིང་འདིར་རིན་པོ་ཆེ་མཆོག་ལ་ཐུགས་རྗེ་ཆེན་པོའི་སྐུ་འདི་འབུལ་དགོས་པའི་རྒྱུ་མཚན་ནི། ཕ་ཡུལ་བོད་ནས་རྒྱ་གར་དུ་ཡོང་མཁན་གྱི་གྲས་སུ་ཡོད་པའི་མི་མང་གི་ལས་བྱེད་དང་མི་མང་གི་ལས་བྱེད་ཟུར་པ་རྣམས་དང། ལོ་བརྒྱད་ཅུ་ཐམ་པ་ལོན་པ་རྣམས་ལ་ཐུགས་རྗེ་ཆེན་པོའི་སྐུ་འདི་དྲན་རྟེན་དུ་འབུལ་བཞིན་ཡོད། ཁོང་ཚོའི་དྲན་རྟེན་གྱི་ཆེད་དུ་སྐུ་འདྲའི་རྒྱབ་ཏུ་ངའི་མིང་ཞིག་ཀྱང་བྲིས་ཡོད། ཁོང་ཚོས་ལོ་བརྒྱད་ཅུ་ལོན་པའི་བར་དུ་བོད་མི་མང་གི་ཆེད་དུ་སྐུ་ལས་བསྐྱོན་པ་དང། མི་མང་གི་ལས་བྱེད་རྣམས་ཀྱིས་ཀྱང་ལོ་མང་པོའི་རིང་རྒྱ་བོད་མི་རིགས་གཉིས་ཀྱི་བར་འབྲེལ་མཐུད་ཀྱི་ཟམ་པ་ལྟ་བུའི་ཕྱག་ལས་གནང་ནས་སྐུ་ལས་བསྐྱོན་པའི་བཀའ་དྲིན་མཚོན་བྱེད་དུ་འབུལ་གྱི་ཡོད་པ་བཞིན། རིན་པོ་ཆེ་ཡིན་ནའང་དགུང་ལོ་བརྒྱད་ཅུར་ཕེབས་པའི་བར་དུ་བོད་བསྟན་སྲིད་སྤྱིའི་ཆེད་དུ་སྐུ་ལས་བསྐྱོན་པ་ལ་ཐུགས་རྗེ་ཆེ་ཞུ་བའི་དྲན་རྟེན་མཚོན་བྱེད་དུ་སྐུ་འདི་ཕུལ་བ་ཡིན།

 

རིན་པོ་ཆེ་དང་ངེད་གཉིས་ཌ་ལ་ཧོ་སིར་ཡོད་པའི་སྐབས་དམིགས་བསལ་གྱི་འགྲོགས་འདྲིས་གང་ཡང་བྱུང་མེད་ནའང་ས་གནས་གཅིག་ལ་མཉམ་དུ་བསྡད་པ་རེད། རིན་པོ་ཆེ་རྗེས་མ་ཝཱ་རཱ་ཎ་སཱིར་སློབ་སྤྱི་ལ་ཕེབས་པ་ནས་བཟུང་རིན་པོ་ཆེས་སློབ་སྤྱི་དང་ང་སློབ་མ་བྱས་ཏེ་རྒྱུན་དུ་འགྲོགས་འདྲིས་བྱ་རྒྱུའི་གོ་སྐབས་བྱུང་སོང། རྒྱུན་དུ་རིན་པོ་ཆེས་སློབ་མ་ཚོར་གསུང་བཤད་ཡང་ཡང་གནང་བ་དང། འཛིན་གྲྭ་འགའ་ཤས་ཀྱི་ནང་དུ་སློབ་ཁྲིད་ཀྱང་ཡང་ཡང་གནང་མྱོང་བ་རེད། དམིགས་བསལ་བླ་སློབ་ཀྱི་འབྲེལ་བ་མེད་ནའང་རིན་པོ་ཆེའི་སྐུ་མདུན་ནས་ཤེས་ཡོན་གྱི་སྐོར་མང་པོ་ཞིག་ཞུས་མྱོང། སྤྱིར་བཏང་གི་ཤེས་ཡོན་གྱིས་མཚོན་པའི་ཤེས་ཡོན་ཆེ་ཕྲ་མཐའ་དག་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་སྐུ་མདུན་ནས་ཤེས་ཐུབ་པ་ཞིག་བྱུང།

 

ང་རྡ་རམ་ས་ལར་སླེབས་པའི་རྗེས་སུ་ཡིན་ནའང་རིན་པོ་ཆེ་ཝཱ་རཱ་ཎ་སཱི་ལ་བཞུགས་ཡོད་ཀྱང་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་ནང་དུ་ང་ཚོ་དང་ལྷན་དུ་ལོ་ཁ་ཤས་རིང་ཕྱག་ལས་གནང་བའི་སྐབས་སུ་ཡིན་ནའང། རིན་པོ་ཆེས་སྤྱི་ཡོངས་ཀྱི་ཕྱི་ནང་གི་གནས་ཚུལ་ཡོངས་སུ་རྫོགས་པ་རེ་རེ་བཞིན་ངོ་སྤྲོད་གནང་བ་ཡིན་དུས། ང་ལ་མཚོན་ན་དེང་སང་ངས་གཞན་ལ་ལམ་སྟོན་ཕྲན་བུ་བྱེད་ཐུབ་པའི་གཞི་རྩ་ལྟ་བུ་དེ་དུས་ནས་བྱུང་བ་ལྟ་བུ་རེད། རིན་པོ་ཆེ་སྤྱི་འཐུས་ནང་ཕེབས་པའི་སྐབས་སུ་ང་བཀའ་ཤག་ལ་ཡོད་དུས་ང་ཚོ་ལས་དོན་མང་པོའི་ཐོག་རྒྱུན་དུ་མཉམ་འཛོམས་ཀྱིས་བཀའ་བསྡུར་གནང་གི་ཡོད། དུས་དེ་ནས་བཟུང་རིན་པོ་ཆེ་རྡ་རམ་ས་ལར་རྒྱུན་དུ་བཞུགས་ཀྱི་ཡོད་དུས་ང་ཚོའི་ནང་དུ་ག་དུས་གདན་འདྲེན་ཞུས་པ་ཡིན་ནའང་མིན་གཏན་ནས་མི་གསུངས་པར་ཕེབས་པ་ཙམ་དུ་མ་ཟད་བཀའ་སློབ་ཟབ་རྒྱས་གནང་གི་ཡོད། རིན་པོ་ཆེ་ནི་ངའི་མི་ཚེའི་ནང་གི་བླ་མ་རྒྱུན་རིང་འདྲིས་ཆེ་ཤོས་ཤིག་ཡིན་ལ། སྤྱིར་བཏང་གི་ཤེས་ཡོན་དང། འཛམ་གླིང་སྤྱིའི་གནས་སྟངས། ཁྲིམས་དང་སྒྲིག་གཞི་བཟོ་སྟངས་ནས་བཟུང་སྤྱིར་བཏང་གི་ཤེས་ཡོན་མང་པོ་ཞིག་རིན་པོ་ཆེའི་སྐུ་མདུན་ནས་ཐོབ་པ་ཡིན་དུས་རིན་པོ་ཆེ་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

 

  ལྷག་པར་དུ་རིན་པོ་ཆེ་ད་ལོ་དགུང་ལོ་བརྒྱད་ཅུར་ཕེབས་ཡོད་ཀྱང་ད་དུང་སྐུ་ཚེ་བརྟན་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད། ༸རྒྱལ་བ་རིན་པོ་ཆེ་བོད་རྩིས་བྱས་ན་དགུང་ལོ་བརྒྱད་ཅུ་གྱ་བཞི་གྱ་ལྔར་ཕེབས་ཀྱི་ཡོད་དུས། ༸སྐུ་མདུན་ལ་སྐུ་ངལ་ཤིན་ཏུ་ཆེ་བའི་གནས་སྐབས་འདིར་རྒྱུན་དུ་ཞབས་ཕྱི་གནང་གི་འདུག་པས་རིན་པོ་ཆེ་སྐུ་ཚེ་བརྟན་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད་ཅེས་སྐྱབས་འཇུག་༸སྙན་སེང་ཞུ་རྒྱུ་ཡིན།

 

རྒྱུན་དུ་ང་ལ་བརྟན་བཞུགས་འབུལ་མཁན་ཚོར་ཁྲིའི་སྒང་ལ་ང་བཞག་ཡོད་ནའང་དམིགས་ས་གཙོ་བོ་དེ་༸རྒྱལ་བ་རིན་པོ་ཆེ་ལ་བརྟན་བཞུགས་འབུལ་གྱི་ཡོད་སྙམ་པའི་དགོངས་པ་བཞེས་ཏེ། ཡན་ལག་བདུན་པའི་ནང་གི་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་དེའི་ཐོག་ནས་དམིགས་པ་བརྟན་པོ་འཛིན་རོགས་ཞེས་༸སྙན་སེང་ཞུ་ཡི་ཡོད། དེ་རིང་འདིར་རྣམ་པ་ཚོས་བརྟན་བཞུགས་འབུལ་བའི་སྐབས་སུ་ཡིན་ནའང་ཐུགས་སྨོན་གནང་ས་གཙོ་བོ་དེ་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་གཙོ་བོ་བྱས་ཏེ་བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་བརྟན་པའི་ཆེད་དུ་དམིགས་པ་གནང་རོགས། ང་ནི་དེ་རིང་གི་གནས་སྐབས་སུ་བཞུགས་ཁྲིའི་སྒང་ལ་སྡོད་མཁན་ཡིན་པ་ཙམ་མ་གཏོགས་གང་ཡང་མ་རེད།

 

འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་བླ་མ་རྒན་པའི་གྲས་ནས་དེ་རིང་འདིར་རིན་པོ་ཆེ་དང་ངེད་གཉིས་མ་གཏོགས་ཕལ་ཆེར་མེད། དེ་རིང་གི་བླ་སྤྲུལ་མང་པོ་ཞིག་གི་སྐུ་ཐོག་འདི་ལ་འདྲིས་གཤིབ་བྱས་མ་མྱོང་ཡང་སྐུ་གོང་མ་ཚོར་མཇལ་མྱོང་བ་དང་འདྲིས་གཤིབ་བྱས་མྱོང་བ་རེད། དཔེར་ན། ཆབ་མདོ་རྒྱ་ར་རིན་པོ་ཆེ་ཡིན་ན་ངའི་རྒན་ཡོངས་འཛིན་དམ་པ་དགོངས་པ་རྫོགས་པའི་སྐབས་སུ་སྐུ་གདུང་ཞུགས་འབུལ་གནང་མཁན་གྱི་བླ་མ་གཙོ་བོ་དེ་ཡིན། དེ་བཞིན་དུ་ངའི་དགེ་རྒན་ཤག་སྐོར་མཁན་རིན་པོ་ཆེ་ཉི་མ་རྒྱལ་མཚན་དང། ངའི་དགེ་རྒན་མཁན་རིན་པོ་ཆེ་པདྨ་རྒྱལ་མཚན་རྣམ་པ་གཉིས་ཀྱི་ཡང་སྲིད་གཉིས་ཀྱིས་མཚོན་རིན་པོ་ཆེ་རྣམ་པ་ཚོ་ནི་ཐུགས་སྨོན་བདེན་ཚིག་གི་མཐུ་གྲུབ་པའི་སྐྱེས་བུ་དམ་པ་ཤ་སྟག་ཅིག་འདིར་འཛོམས་ཡོད་དུས། རྣམ་པ་ཚོས་ཐུགས་སྨོན་བདེན་ཚིག་གནང་བ་ཡིན་ན་རྟགས་དང་རྟེན་འབྲེལ་གྱི་ཐོག་ནས་ཀྱང་ཕན་ཐོགས་ཆེན་པོ་ཡོང་རྒྱུ་རེད་བསམས་པའི་རེ་བས་དེ་རིང་འདིར་བཅར་བ་ཡིན།

 

      ང་རང་གི་ངོས་ནས་ཡིན་ནའང་ཚེ་ལྷག་གང་ཡོད་པ་དེ་དོན་དང་ལྡན་པ་ཞིག་ཡོང་བ་དང། ངས་ག་དུས་ཡིན་ནའང་ང་ལ་དམིགས་བསལ་གྱི་འབྲེལ་ཡོད་རེ་བ་ཅན་ཚོ་ལ་ངས་དམིགས་བསལ་གྱིས་ཕན་ཐོགས་ཕྲན་བུ་རེ་བྱེད་ཐུབ་ན་བསམ་པ་དང། ད་དུང་ཡིན་ནའང་༸རྒྱལ་བ་རིན་པོ་ཆེའི་ཞབས་ཕྱི་ཕྲན་བུ་རེ་ཞུ་ཐུབ་ན་བསམས་ནས་སྨོན་ལམ་བྱེད་ཀྱི་ཡོད།

 

      ང་དང་དམིགས་བསལ་འབྲེལ་བ་ཡོད་པ་ཚོ་ལ་ངའི་ངོས་ནས་གང་ཐུབ་ཐུབ་བྱེད་ཀྱི་ཡོད་པའི་ཁུལ་ལྟ་བུ་ཡིན། བོད་ནང་ལ་མཚོན་ན་གཞུང་ཆེན་མོའི་འཆད་ཉན་སློབ་གཉེར་དངོས་སུ་གནང་བཞིན་པའི་གྲྭ་པ་སྟོང་ཕྲག་གསུམ་ཡས་མས་ཤིག་ཡོད། འདི་དག་ལ་གདན་ས་ཁག་གི་འཆད་ཉན་སློབ་གཉེར་གནང་སྟངས་དང་མཚུངས་པ་ཞིག་གི་ཐོག་ནས་མདོ་སྔགས་རིག་གནས་དང་བཅས་པ་ཡོངས་རྫོགས་ལ་སློབ་སྦྱོང་བྱ་རྒྱུ་ཡོད་པའི་འགྲོ་ལམ་ཞིག་གི་ཐོག་ལ་ཁྲིད་ནས་འགྲོ་བཞིན་པའི་སྐབས་ལྟ་བུ་ཡིན། འཆད་ཉན་སློབ་གཉེར་གནང་སྟངས་ཀྱི་ལམ་སྲོལ་གསར་པ་འདི་ལག་བསྟར་བྱས་པའི་ཕར་ཕྱིན་རབ་འབྱམས་པ་ཐོན་དང་པོ་དེ་འདི་ལོར་ཐོན་གྱི་ཡོད། དེ་ནས་རིམ་གྱིས་དབུ་མ་དང། མཛོད། འདུལ་བ་རབ་འབྱམས་པ་བཅས་ཐོན་རྒྱུགས་དང། གཞུང་ཆེན་དཀའ་པོད་ལྔར་སློབ་སྦྱོང་ཐོན་པའི་རྗེས་སུ་དགེ་བཤེས་ཀྱི་རྒྱུགས་སྤྲོད་དང་དགེ་བཤེས་དམ་བཅའ་འཇོག་རྒྱུ། དེའི་རྗེས་སུ་སྔགས་ལ་སློབ་གཉེར་གནང་སྟེ་སྔགས་རམས་པའི་དམ་བཅའ་འཇོག་རྒྱུ། སྔགས་རམས་པའི་དམ་བཅའ་འཇོག་མཁན་དེ་དག་ལ་པཎ་ཆེན་བསོད་ནམས་གྲགས་པའི་མཚན་གྱིས་ཟུར་བརྒྱན་ཏེ་མདོ་སྔགས་རབ་འབྱམས་པ་ཞེས་པ་ཞིག་ཡོང་ཐུབ་པའི་འཆར་གཞི་བཏིང་ནས་འགྲོ་བཞིན་པ་ལྟ་བུ་ཡིན།

 

དེ་བཞིན་དུ་མ་འོངས་པར་རིམ་གྱིས་དམིགས་བསལ་གྱི་འབྲེལ་ཡོད་དགོན་པ་དེ་དག་ལ་བླ་མས་དབང་འཛིན་གནང་མ་དགོས་པར་དགོན་པ་སོ་སོའི་ཁྲི་པས་དབང་འཛིན་གནང་ཐུབ་པ་ཞིག་ཡོང་བ་དང། ཁྲི་པ་དེ་ཡང་མདོ་སྔགས་རིག་གནས་དང་བཅས་པ་ཡོངས་སུ་རྫོགས་པ་མཁྱེན་མཁན་གྱི་ཁྲི་པ་ཚད་ལྡན་ཞིག་ཕེབས་ཐུབ་པའི་འཆར་གཞི་འདིང་བཞིན་ཡོད།

      ལོ་བཅོ་བརྒྱད་མན་འདབས་ཀྱི་གྲྭ་གཞོན་རྣམས་ཐོག་མར་གསོ་སྐྱོང་བྱེད་པའི་སྐབས། སྐད་ཡིག་ཡིན་ནའང་བོད་ཀྱི་སྐད་ཡིག་གཙོ་བོ་དང། དེ་དང་མཉམ་དུ་རྒྱ་མིའི་སྐད་ཡིག་དང། དབྱིན་ཇིའི་སྐད་ཡིག་བཅས་སྐད་ཡིག་གསུམ་ཤེས་ཐུབ་པའི་འཆར་གཞི་འདིང་བཞིན་ཡོད། ངའི་འཆར་གཞི་འདི་དག་ལམ་འགྲོ་ཡོང་བ་ཞིག་གི་ཐོག་ལ་རྣམ་པ་ཚོས་སྐྱབས་འཇུག་གནང་རོགས་ཞེས་ཞུ་རྒྱུ་ཡིན། མ་འོངས་པར་གྲྭ་གཞོན་འདི་ཚོའི་གྲས་ནས་བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་མང་པོ་ཞིག་འཚར་ལོངས་ཡོང་ཐུབ་པར་ངས་རེ་བ་བྱེད་ཀྱི་ཡོད་དུས། འདིའི་ཐོག་ལ་རྣམ་པ་ཚོས་ཐུགས་སྨོན་གནང་བ་ཡིན་ན་གང་ཅིའི་ཆ་ནས་ཕན་ཐོགས་ཡོང་གི་རེད་བསམས།

 

      ད་ལོ་ང་ལོ་བདུན་ཅུ་དོན་བརྒྱད་ཡིན་པས་བརྒྱད་ཅུ་ཟིན་པར་ད་དུང་ལོ་གཉིས་ཡོད། ལོ་བརྒྱད་ཅུ་གྱ་གྲངས་བར་དུ་སྡོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། རྩ་བའི་ཆ་ནས་ང་ལ་ན་ཚ་མང་པོ་ཡོད་ཀྱང་གཟུགས་པོའི་གནས་སྟངས་ཡག་པོ་ཡོད། ང་བསྡད་མ་བསྡད་གང་ཡིན་ཡང་རུང་ངས་རེ་བ་བརྒྱབས་པའི་ལས་དོན་རྣམས་ལམ་དུ་འགྲོ་བ་ཡིན་ན་བསྟན་པ་སྤྱི་ལ་ཕན་ཐོགས་ཕྲན་བུ་རེ་ཨེ་ཡོང་བསམ་པ་ཡིན་ནའང་འདི་ལ་ཕྱི་དང་ནང་གཉིས་ཀ་ནས་རྐྱེན་ངན་བར་ཆད་ཤིན་ཏུ་མང་པོ་འཕྲད་ཀྱི་འདུག ངའི་འཆར་གཞི་འདི་དག་ཕྱི་ནང་གི་རྐྱེན་ངན་བར་ཆད་ཀྱི་དབང་དུ་མི་འགྲོ་བའི་ཆེད་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོ་བས་རིན་པོ་ཆེ་རྣམ་པ་ཚོས་ཐུགས་སྨོན་བདེན་ཚིག་གིས་སྐྱབས་འཇུག་གནང་རོགས་ཞེས་༸སྙན་སེང་ཞུ་རྒྱུ་ཡིན།

 

སྤྱིར་དགུང་ལོའི་བབས་དང་གནས་སྟངས་གང་ཅིའི་ཆ་ནས་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་བཞུགས་ཁྲི་མཐོ་བ་དེའི་སྒང་ལ་བཞུགས་པ་ཡིན་ན་ཡག་པོ་འདུག་ཀྱང་རིན་པོ་ཆེ་བཞུགས་རོགས་གནང་གི་མི་འདུག་པས་ང་མ་བསྡད་ཀ་མེད་ཆགས་སོང་བས་བསྡད་ཆོག་པ་ཞེས་གནང་བ་ཞུ་རྒྱུ་ཡིན། 

 

ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༡ ཚེས་ ༧ ལ།

ས་གནས། MAHA BODHI SOCIETY OF BUDDHA GAYA

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.