Kiti Rinpoche 6༄༅།། ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་འདུ་དབུ་འཛུགས་ཀྱི་ཐོག་མར་ངས་གཏམ་བཤད་བྱ་དགོས་པའི་རྒྱུ་མཚན་ནི། ང་ལ་དགེ་རྩ་ཚོགས་པའི་སྤྱི་ཁྱབ་དབུ་འཛིན་གྱི་མཚན་གནས་དང་འབྲེལ་བའི་ལས་འགན་ཞིག་ཡོད་པ་དང༌། ཕྱོགས་གཞན་ནས་བཤད་ན་ྋརྒྱལ་བ་རིན་པོ་ཆེས་ཁོང་ལ་འགན་ཁུར་ཆེན་པོ་གསུམ་ཡོད་ཅེས་བཀའ་སློབ་གནང་བ་ནང་བཞིན། ང་ཚོ་སུ་ཡིན་ཡང་རུང་མི་ལ་སྐྱེས་པའི་རྗེས་སུ་དམིགས་བསལ་གྱི་འགན་ཁུར་རེ་ཡོད་པ་བཞིན་ང་ལ་མཚོན་ན། ཀིརྟི་ཚང་ལ་སྐྱེས་པའི་འགན་ཞིག་ཡོད་ལ། བོད་མི་ལ་སྐྱེས་པའི་འགན་དང༌། ྋརྒྱལ་བ་རིན་པོ་ཆེའི་སློབ་མར་སྐྱེས་པའི་འགན་ཞིག་ཡོད། ང་བོད་མི་ཞིག་ལ་སྐྱེས་པ་ཡིན་དུས་རང་བཞིན་གྱིས་བོད་མི་མང་གི་བདེ་བ་དང་སྡུག་བསྔལ་ལ་བསམ་བློ་གཏོང་དགོས་པ་དང་ལས་འགན་སྒྲུབ་དགོས་པའི་འགན་ཡོད། ང་ྋརྒྱལ་བ་རིན་པོ་ཆེའི་སློབ་བརྒྱུད་དུ་སྐྱེས་པ་ཡིན་དུས་ཆོས་སྲིད་ཀྱི་ལས་དོན་ཡོངས་རྫོགས་ྋརྒྱལ་བ་རིན་པོ་ཆེའི་བཀའ་བཞིན་ཨེ་ཡོང་ལྟ་དགོས་པ་དང༌།

ྋརྒྱལ་བ་རིན་པོ་ཆེའི་ཇི་གསུང་བཀའ་སྒྲུབ་ཀྱིས་ཞབས་ཕྱི་ཞུ་དགོས་པའི་འགན་ཡོད། དེ་བཞིན་དུ་ང་ཀིརྟི་ཚང་ལ་སྐྱེས་པ་ཡིན་དུས་ཀིརྟི་ཚང་གི་མིང་དང་དོན་ལ་འབྲེལ་བ་ཡོད་པའི་ལས་དོན་ཡོངས་རྫོགས་ལྷག་བསམ་རྣམ་དག་གིས་འགན་ཁུར་དགོས་པར་མ་ཟད། ཀིརྟི་ཚང་དང་མི་ཐོག་མང་པོའི་རིང་ཆོས་དང་དམ་ཚིག་གིས་འབྲེལ་བའི་བག་ཆགས་ཟབ་མོ་ཡོད་པའི་མང་ཚོགས་ཀྱིས་ཡིད་ཆེས་དང་སེམས་ཀྱི་རེ་བ་ང་ལ་གཏད་ནས་ཡོད་དུས་ཁོང་ཚོའི་བདེ་བ་དང་སྡུག་བསྔལ་ལ་བསམ་བློ་བཏང་ནས་ཕན་ཐོགས་ཅན་གྱི་ལས་ཀ་བྱེད་དགོས་པའི་འགན་འཁྲི་ཡོད། འགན་ཁུར་འདི་དག་ཡོད་དུས་ངས་དེ་རིང་འདིར་ཚོགས་འདུ་དབུ་འཛུགས་ཀྱི་ཐོག་མར་གཏམ་བཤད་བྱེད་ཀྱི་ཡོད། ཀིརྟིའི་དགེ་རྩ་ཚོགས་པ་ནི་ཀིརྟི་ཚང་གི་འབྲེལ་ཡོད་སྤྱི་ལ་ཁྱབ་པའི་སྒྲིག་འཛུགས་ཤིག་ཡིན་དུས་ཀིརྟི་ཚང་དང་འབྲེལ་བའི་གཞིས་བྱེས་མང་ཚོགས་སྤྱི་ལ་ཁྱབ་པའི་སྐད་ཆ་ཤོད་སའི་གོ་སྐབས་དང་སྡིངས་ཆ་ནི་དེ་རིང་གི་ཚོགས་འདུ་འདི་རེད།

                དེ་རིང་ངས་སྐད་ཆ་བཤད་ས་ནི། ཀིརྟི་ཚང་དང་འབྲེལ་ཡོད་ཀྱི་དགོན་སྡེ་ཁག་གི་བླ་སྤྲུལ་དགེ་འདུན་པ་རྣམས་དང༌། རྫོང་ཁག་སྣ་ཚོགས་སུ་ཡོད་པའི་ཀིརྟི་ཚང་དང་འབྲེལ་ཡོད་མང་ཚོགས་རྣམ་པ། ང་ཚོ་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པའི་རྒྱ་བོད་ཀྱི་ལས་བྱེད་རྣམ་པ་བཅས་ལ་ཐེངས་དང་པོ་འཚམས་འདྲི་ཞུ་བ་དང་ཆབས་ཅིག་ངས་བཤད་འདོད་པའི་ཚིག་འགའ་ཤས་གཤམ་དུ་རིམ་པས་ཞུ་རྒྱུ་ཡིན།

                  ཀིརྟི་ཚང་གི་སློབ་བརྒྱུད་འབྲེལ་ཡོད་མང་ཚོགས་ཀྱིས་ཆོས་དང་ཆབ་སྲིད་གང་ཅིའི་ཐད་ནས་གཞན་དང་མ་འདྲ་བར་ད་ལྟའི་བར་ཧུར་ཐག་འབད་ཐག་གནང་སོང༌། འབྲེལ་ཡོད་དགོན་སྡེ་ཁག་ཡིན་ན་ཡང་འཆད་ཉན་དང་བསླབ་པ་སློབ་གཉེར་སོགས་ཀྱི་ཐོག་ཧུར་ཐག་འབད་ཐག་གནང་སོང་བས། གསེར་ས་འོག་ཏུ་ཡོད་ཀྱང་འོད་ནམ་མཁའ་ལ་འཕྲོ། ཞེས་པའི་དཔེ་ལྟར་དེང་སྐབས་ཀིརྟི་ཚང་ཟེར་བ་ཆོས་སྲིད་གཉིས་ཐད་ནས་བོད་ཁྱོན་ཡོངས་ཀྱི་ནང་ལ་གོ་བསྡད་པ་ཞིག་དང༌། བོད་དོན་ཐོག་དོ་སྣང་ཡོད་པའི་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་ལུང་གང་འདྲ་ཞིག་གི་ནང་དུ་ཡིན་ན་ཡང་ཀིརྟི་ཚང་ཟེར་དུས་ཧ་གོ་བསྡད་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད། མ་འོངས་པར་ཡིན་ན་ཡང་ལྷོད་གཡེང་དུ་མི་གཏོང་བར་ལས་ཀ་བྱེད་སྟངས་དང༌། བསམ་བློ་གཏོང་སྟངས། ལྷག་པར་དུ་དགེ་འདུན་པ་རྣམས་ཀྱིས་ཆོས་འཆད་ཉན་དང་བསླབ་པ་སློབ་གཉེར་ཐོག་ཤུགས་བརྒྱབས་ཏེ་བསྟན་པ་དང་འགྲོ་བ་ལ་ཕན་པའི་ལས་དོན་སྒྲུབ་དགོས་པ་ནི་ང་ཚོ་ཡོངས་རྫོགས་ཀྱི་འགན་རེད།

                དགོན་པ་གྲྭ་ཚང་རྣམས་ཡག་པོ་ཡོང་ཐབས་བྱ་དགོས་པའི་རྒྱུ་མཚན་ནི། སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་ཕན་པའི་དོན་དུ་ཡིན་ལ། སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་ཕན་ནས་བསྟན་པ་རྒྱས་པོ་བྱུང་ན་རང་བཞིན་གྱིས་སེམས་ཅན་ལ་བདེ་སྐྱིད་ཡོང་གི་རེད། ཁ་གསལ་པོ་བྱས་ནས་བཤད་ན་སེམས་ཅན་ལ་བདེ་སྐྱིད་ཡོང་བའི་དོན་དུ་དགོན་པ་གྲྭ་ཚང་རྒྱས་དགོས་པ་དང༌། འཇིག་རྟེན་གྱི་ཁམས་ལ་ཞི་བདེ་ལྷིང་འཇགས་ཡོང་བའི་དོན་དུ་འཆད་ཉན་སློབ་གཉེར་ཐོག་ཤུགས་བརྒྱག་དགོས་པ་རེད་ཅེས་བཤད་ཀྱི་ཡོད། མཐར་གཏུགས་ནས་བཤད་ན་ང་ཚོས་གང་བྱས་པ་དེ་མང་ཚོགས་ཀྱི་བདེ་དོན་གྱི་ཆེད་དུ་ཡིན་པ་མ་གཏོགས་བླ་མ་དང་དགོན་པའི་ཆེད་དུ་མིན་པའི་དངོས་ཡོད་གནས་ཚུལ་འདི་རང་གཞན་གཉིས་ཀས་གསལ་པོ་ཤེས་དགོས་པ་དེ་གལ་ཆེན་པོ་རེད།

                དེ་བཞིན་དུ་ང་ཚོ་དང་འབྲེལ་ཡོད་ཀྱི་རྫོང་ཁག་མང་པོའི་ནང་གི་རྒྱ་བོད་ཀྱི་ལས་བྱེད་པ་ཚོ་ཡིན་ན་ཡང་སྔ་མོ་དང་མ་འདྲ་བར། དེང་སང་གི་ལས་བྱེད་ན་གཞོན་རྣམས་ལ་ཤེས་ཡོན་ཡོད་པ་དང་བསམ་བློའི་གོ་རྟོགས་གང་འཚམས་ཡག་པོ་ཡོད་མཁན་ཤ་སྟག་ཡོང་གི་ཡོད་ཚོད་འདུག དངོས་ཡོད་ལག་ལེན་གྱི་ཐོག་ནས་མི་མང་གི་བདེ་དོན་ཐོག་ལྟ་ཐུབ་པ་དང་ལས་ཀ་བྱེད་ཐུབ་ཀྱི་ཡོད་པའི་གནས་ཚུལ་ཡང་གོ་རྒྱུ་འདུག བར་ལམ་ནས་མང་ཚོགས་ནང་སྔར་དང་མ་འདྲ་བའི་ཞི་བདེ་ལྷིང་འཇགས་ཕྲན་བུ་ཡོང་གི་ཡོད་པའི་གནས་སྟངས་ཤིག་ཡོད། ལྷག་པར་དུ་ཉེ་ལམ་ནས་ངས་བཤད་པའི་སྐད་ཆ་སྔ་ཕྱི་ལ་འབྲེལ་ཡོད་རྒྱ་བོད་ལས་བྱེད་རྣམས་ཀྱིས་དོ་སྣང་བྱས་ཏེ་རྒྱུས་ལོན་བྱེད་ཀྱི་ཡོད་པའི་བཟོ་འདུག་པ་ནི་ཡག་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། གང་ཡིན་ཟེར་ན་ང་ཚོ་ཕྱོགས་གཉིས་ཀས་ཕན་ཚུན་གྱི་བསམ་བློའི་གནས་སྟངས་ངོ་མ་ཤེས་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད་ལ། གཞུང་དང་མང་ཚོགས་དབར་ཕན་ཚུན་རྒྱུས་ལོན་ཡོད་པ་དང༌། ལས་བྱེད་དང་མང་ཚོགས་ཀྱི་དབར་ཡིན་ན་ཡང་ཕན་ཚུན་བསམ་བློ་དང་ལྟ་ཚུལ་རྒྱུས་ལོན་ཐུབ་པ་བྱུང་བ་ཡིན་ན། རིམ་པས་ཡུལ་ལུང་ལ་རྙོག་དྲ་མེད་པ་དང་ཞི་བདེ་ལྷིང་འཇགས་བདེ་སྐྱིད་ལྡན་པ་ཡོང་བའི་རེ་བ་ཡོད། དེ་འདྲ་མ་ཡིན་པར་དམར་པོའི་ལྟ་བ་ཐོག་མར་དར་བའི་སྐབས་ཀྱི་གནས་སྟངས་དང་འདྲ་བར། ཁྱོད་ཤི་ང་གསོན། ཟེར་བའི་གདུག་རྩུབ་ཆེ་བའི་སྲིད་བྱུས་མུ་མཐུད་ལག་བསྟར་བྱས་པ་ཡིན་ན། རང་གཞན་སྤྱི་སྒེར་སུ་ལ་ཡང་ཕན་ཐོགས་མེད་པ་ནི་འདས་པའི་ལོ་མང་རིང་གི་ཉམས་མྱོང་གི་ཐོག་ནས་གསལ་པོར་ཤེས་ཐུབ། དུས་ཚོད་ཀྱི་ཆ་ནས་བྱས་པ་ཡིན་ན་ཡང་གདུག་རྩུབ་ཀྱི་སྲིད་བྱུས་ལག་བསྟར་བྱས་ནས་མང་ཚོགས་ཀྱི་མགོ་གནོན་ཐབས་བྱེད་པའི་དུས་ཚོད་ཡོལ་ཚར་བ་ཡིན་དུས། ད་ལྟའི་རྒྱ་བོད་འབྲེལ་ཡོད་ལས་བྱེད་རྣམས་ཀྱིས་འཛམ་གླིང་སྤྱིའི་འགྱུར་འགྲོས་དང་བསྟུན་ནས་རྒྱུ་མཚན་དང་གནས་ལུགས་ཕན་ཚུན་ལ་བཤད་རེས་བྱས་པའི་ཐོག་ནས་ཕྱག་ལས་གནང་དགོས་པ་དང༌། ཞི་དྲག་གི་ལས་བྱེད་རྣམས་མི་མང་གི་དཔོན་པོ་ཡིན་སྙམ་པའི་ང་རྒྱལ་མི་བྱེད་པར་མང་ཚོགས་ཀྱི་ཞབས་འདེགས་ཞུ་མཁན་ཡིན་བསམ་པའི་ལྷག་བསམ་གྱིས་ཞི་བདེ་ལྷིང་འཇགས་མུ་མཐུད་ནས་ཡོང་ཐབས་ལ་འབད་བརྩོན་གནང་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

                གཞུང་གི་ལས་བྱེད་པ་རྣམས་ཀྱིས་རང་དང་འབྲེལ་བ་ཡོད་པའི་མང་ཚོགས་ཀྱི་བདེ་སྡུག་ལ་ཁ་ཞེ་གཉིས་མེད་ཀྱིས་ལྟ་རྟོག་བྱ་དགོས་པ་དེ་གལ་ཆེན་པོ་རེད་ལ་རྣམ་པ་ཚོར་དེའི་འགན་ཡང་ཡོད་པ་རེད། མ་འོངས་པའི་མི་རབས་འདི་དག་ཤེས་ཡོན་དང་སྤྱོད་ལམ་གང་ཅིའི་ཐད་ནས་ཡག་པོ་ཞིག་ཡོང་ཐབས་བྱ་དགོས་པའི་འགན་ང་ཚོ་རང་གཞན་ཀུན་ལ་ཡོད།

                ངས་གོ་ཚོད་བྱས་ན། བོད་ནང་གི་འབྲེལ་ཡོད་རྫོང་ཁག་མང་པོ་ཞིག་གི་གཞོན་སྐྱེས་མང་པོ་ཞིག་ལས་མེད་ཀྱིས་མི་ཚེ་བསྐྱལ་ནས་ཐ་མག་སྡུག་ཅག་འཐེན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང༌། ཐ་མག་ངན་པའི་ཚོང་ལས་བྱེད་མཁན་རྒྱ་བོད་མི་རིགས་གཉིས་ཀའི་ནང་དུ་ཡོད་པ། རྔ་པ་དང་མཛོད་དགེས་མཚོན་པའི་ཞིང་འབྲོག་གི་ས་གནས་ཆེ་ཆུང་མང་པོ་ཞིག་ལ་རྒྱན་རྩེད་བྱེད་སའི་ཁང་པ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པ་དང༌། རོང་འབྲོག་གཉིས་ཀའི་ནང་དུ་རྒྱན་རྩེད་རྩེ་མཁན་ཇེ་མང་དུ་སོང་ནས་ཁྱིམ་ཚང་གི་རྒྱུ་དངོས་དང་དཔལ་འབྱོར་འཕྲོ་བརླག་ཏུ་གཏོང་བ། བོད་ཀྱི་ས་ཁུལ་ཁག་ཏུ་སྨད་ཚོང་ཁང་མང་པོ་ཡོད་པར་མ་ཟད་བོད་མིའི་ནང་ནས་སྨད་ཚོང་གི་ལས་ཀ་བྱེད་མཁན་ཡང་རེ་ཟུང་ཡོང་གི་ཡོད་པའི་གནས་ཚུལ་གོ་རྒྱུ་འདུག སྤྱོད་ངན་འདི་དག་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་མཚན་མཐོང་གཉིས་ཀ་གནོད་པར་མ་ཟད། བོད་མི་རིགས་སྤྱི་ལ་གནོད་པ་དང༌། བོད་མི་གཞོན་སྐྱེས་མང་པོའི་མི་ཚེ་འཕྲོ་བརླག་ཏུ་གཏོང་བའི་བྱ་བ་ངན་པ་ཤ་སྟག་རེད། འབྲེལ་ཡོད་ཞི་དྲག་ལས་བྱེད་རྣམས་ཀྱིས་འདིའི་ཐོག་དོ་དམ་དང་སྟངས་འཛིན་ནན་པོ་བྱ་དགོས་པ་འདི་གལ་ཆེན་པོ་རེད། ལྷག་པར་དུ་སྨད་ཚོང་གི་ལས་ཀ་འདིའི་ཐོག་ནས་རག་དུག་གི་ན་ཚ་འགོ་ཉེན་ཡོད་པས་སྤྱི་སྒེར་ཐམས་ཅད་ལ་གནོད་གཞི་ཆེ་བའི་སྤྱོད་ངན་འདི་དག་རྒྱ་ཡན་དུ་མ་སོང་བར་བཀག་སྡོམ་བྱ་དགོས་པ་འབྲེལ་ཡོད་ལས་བྱེད་པ་རྣམས་ཀྱི་ལས་འགན་ཡིན་པར་མ་ཟད། སྤྱོད་ངན་འདི་དག་ཡོངས་རྫོགས་རྒྱལ་སྤྱིའི་ཁྲིམས་དང་འགལ་བ་ཤ་སྟག་ཡིན་པས་ཁྲིམས་འགལ་གྱི་ལས་ཀ་འདིའི་རིགས་ལ་དོ་དམ་ནན་པོ་བྱས་ཏེ་ས་གནས་མང་ཚོགས་ཀྱི་བདེ་སྡུག་ལ་བལྟ་དགོས་པ་འདི་ཁྱེད་ཚོའི་ལས་འགན་གལ་ཆེ་ཤོས་རེད་ཅེས་ངས་ནན་ཏན་ཆེན་པོའི་ཐོག་ནས་རེ་བ་བཤད་འདོད་བྱུང༌།

ང་དང་དམིགས་བསལ་གྱི་འབྲེལ་ཡོད་དགོན་སྡེ་རྣམས་སུ་བཅའ་ཡིག་བློ་གསལ་འཇུག་ངོགས་ཟུར་རྒྱན་དང་བཅས་པ་ལག་བསྟར་བྱས་པའི་རྗེས་འབྲས་སུ་འཆད་ཉན་སློབ་གཉེར་དང་འགྲིག་ལམ་ཀུན་སྤྱོད་གང་ཅིའི་ཐད་སྔ་མོ་དང་མི་འདྲ་བའི་ཡར་རྒྱས་ཆེན་པོ་ཕྱིན་ཡོད། ཐེངས་དང་པོར་བཅའ་ཡིག་བློ་གསལ་འཇུག་ངོགས་ལག་བསྟར་བྱེད་པའི་སྐབས་སུ་ཕྱོགས་འགའ་ཤས་ཀྱི་ཐོག་ནས་དཀའ་ངལ་འཕྲད་མྱོང་ཡོད། འདིའི་རྒྱུ་མཚན་གཙོ་བོ་ནི་ལོ་མང་པོའི་རིང་རང་སྣང་གང་དྲན་གྱིས་བསྡད་ནས་འགྲིག་ལམ་ལག་བསྟར་བྱེད་མ་མྱོང་བ་ཡིན་དུས་ལམ་སྲོལ་གསར་པ་ཞིག་ལག་བསྟར་བྱེད་པའི་སྐབས་གནས་སྟངས་མང་པོ་ཞིག་གི་ཐོག་ནས་རང་གི་འདོད་པ་དང་མཐུན་མིན་ལ་སོགས་པའི་དཀའ་ངལ་ཡོང་རྒྱུ་ཡིན་པ་ནི་ཆོས་ཉིད་ལྟ་བུ་རེད། ང་ཚོས་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱ་དགོས་བྱུང་ཡོད་ཀྱང་འབྲེལ་ཡོད་རྣམས་ཀྱིས་དཀའ་ལས་བརྒྱབས་ཏེ་ལག་བསྟར་བྱས་པའི་གྲུབ་འབྲས་སུ་དེང་སྐབས་དགོན་སྡེ་སོ་སོའི་དབུ་ཁྲིད་རྣམས་ཀྱིས་དབུ་ཁྲིད་པ་དང༌། གྲྭ་མང་རྣམས་ཁོང་རྣམ་པའི་དབུ་ཁྲིད་ཀྱི་འོག་ཏུ་ཕྱིན་ཏེ་གནས་སྟངས་ཡག་པོ་ཞིག་གི་ཐོག་ནས་འགྲོ་བཞིན་པའི་སྐབས་ལྟ་བུ་རེད། དེ་བཞིན་ཚད་མའི་དགུན་ཆོས་ཚོགས་ནས་ལོ་གང་འཚམས་ཕྱིན་ཡོད་ལ། ཕར་ཕྱིན་དབྱར་ཆོས་ཚོགས་ནས་ཀྱང་ལོ་གང་འཚམས་ཕྱིན་ཡོད། འོན་ཀྱང་གནས་སྟངས་ཅུང་ཡག་པོའི་ཡོད་པའི་སྐབས་འདིར་ང་ཚོ་ཀུན་གྱིས་ལྷོད་གཡེང་དུ་མ་སོང་བར་མུ་མཐུད་ནས་ཡར་རྒྱས་ཀྱི་ཕྱོགས་སུ་འགྲོ་ཐུབ་པའི་འབད་བརྩོན་མཛད་དགོས།

                དགོན་པ་གྲྭ་ཚང་གི་འགྲིག་ལམ་དང་ཆད་ལས་མང་པོ་ཞིག་དངུལ་གྱི་ཐོག་ནས་འགྲོ་གི་འདུག མ་འོངས་པར་རིམ་པས་འདི་ལ་བསམ་བློ་གཏོང་དགོས་ས་རེ་ཡོད་རྒྱུ་རེད་བསམ། འདི་ལྟར་མུ་མཐུད་དེ་ཕྱིན་པ་ཡིན་ན་དངུལ་ཡོད་མཁན་ཚོས་ཁྲིམས་འགལ་ག་ཚད་བྱས་ཀྱང་འགྲིག་བསྡད་པ་དང༌། དངུལ་མེད་མཁན་ཚོས་གང་ཡང་བྱེད་མི་ཆོག་པ་ལྟ་བུའི་གནས་སྟངས་ཆ་མ་གཉོམ་པ་ཞིག་འབྱུང་བའི་ཉེན་ཁ་མེད་པ་མ་རེད། དཔེར་ན། རྒྱ་གར་ནང་གི་འགྲུལ་སྐྱེལ་མེ་འཁོར་རྣམས་ཀྱི་ནང་དུ་འགྲུལ་པ་ཚོར་དཀའ་ངལ་འཕྲད་པའི་སྐབས་འཐེན་རྒྱུའི་ལྕགས་ཐག་ཅིག་ཡོད་པ་དེའི་འོག་ཏུ། དོན་དག་མེད་པར་འདི་འཐེན་ཚེ་སྒོར་མོ་སུམ་བརྒྱའི་ཆད་པའམ་ཡང་ན་ཟླ་བ་གསུམ་རིང་བཙོན་ཁང་ཞེས་ལྕགས་ཐག་འདི་བེད་སྤྱོད་བྱེད་སྟངས་ཀྱི་ཁྲིམས་ཡིག་གསལ་པོ་བྱས་ནས་བྲིས་ཡོད། དེ་བཞིན་དུ་ང་ཚོས་ཀྱང་ཁྲིམས་འགལ་གྱི་ཆད་ལས་རྣམས་དངུལ་རྐྱང་པ་ཞིག་མ་ཡིན་པར་ཆད་ལས་གཞན་དག་ཀྱང་དགོས་ཀྱི་ཡོད་མེད་བསམ་བློ་གཏོང་དགོས་ཀྱི་འདུག ཁྲིམས་འགལ་དང་སྤྱོད་པ་ངན་པ་བྱེད་མཁན་ཚོས་དངུལ་ཞིག་ཆད་ལས་ལ་སྤྲད་ནས་ཉིན་གང་བོར་འཛིན་གྲྭར་མ་ཡོང་བར་འཁྱམས་ནས་སྤྱོད་ངན་འཁྲབ་ཆོག་པ་རྒྱུན་ལྡན་གྱི་སྤྱོད་པ་ལྟ་བུར་གྱུར་ན་ཆད་པ་བཅད་པས་ཕན་ཐོགས་བྱུང་མེད། ཆད་པ་གཅོད་དགོས་པ་ནི་འགྲིག་འགལ་བྱེད་མཁན་མི་ཡོང་བའི་ཆེད་དང༌། འཛིན་གྲྭར་མ་ཡོང་བར་སྡོད་མཁན་གྱི་རིགས་མི་ཡོང་བའི་ཆེད་དུ་རེད། དེང་སང་གི་དུས་ལ་ཁག་འདོག་མ་མཛད་པར་སྐྱག་ལང་ངན་པ་མ་ཤོར་བའི་གོང་ནས་ཆད་ལས་གཅོད་སྟངས་འདིའི་རིགས་ལ་བསྐྱར་ཞིབ་གནང་དགོས་པ་དེ་གལ་ཆེན་པོ་རེད་ཅེས་བཤད་འདོད་བྱུང༌།

                ད་དུང་ཡང་ཀིརྟིའི་དགོན་ཁག་གི་གྲྭ་པ་འགའ་ཤས་མཚན་མོར་རྒྱན་རྩེད་ཁང་ནང་འགྲོ་གི་ཡོད་པའི་སྐད་ཆ་གོ་རྒྱུ་འདུག དགོན་པའི་ནང་གི་གྲྭ་པ་ཕར་བཞག་གྲོང་པའི་མི་སྐྱ་ཕོ་མོ་ཚོར་རྒྱན་རྩེད་ཁང་དུ་མ་འགྲོ། རྒྱན་རྩེད་མཚམས་འཇོག་བྱེད་རོགས་བྱོས་ཟེར་ནས་ང་ཚོས་རྒྱུན་པར་བཤད་ཀྱི་ཡོད་ཀྱང༌། ངོ་ཚ་དགོས་པ་ཞིག་ལ་དགོན་པའི་ནང་གི་གྲྭ་པ་འགའ་རེ་རྒྱན་རྩེད་ཁང་དུ་ཕྱིན་ནས་རྒྱན་རྩེད་བྱས་ཏེ་བསྡད་པ་ཡིན་ན་ང་ཚོས་མི་སྐྱ་ཕོ་མོ་ཚོར་བསླབ་བྱ་ཇི་ལྟར་རྒྱག་དགོས། དགོན་པའི་ནང་གི་གྲྭ་པ་འགའ་རེ་ཡོངས་གྲགས་ཀྱི་མགོ་སྟོང་དང་འཁྲབ་ཏོ་ཡིན་པའི་དཔུང་ཤེད་ངོམ་ནས་རྒྱན་རྩེད་ཁང་དུ་ཕྱིན་པ་ཡིན་ན་ཁག་མེད་པའི་རྒྱུ་མཚན་ཞིག་བཤད་རྒྱུ་ཡོད་དམ། གནས་ཚུལ་བཟང་ངན་ཡོངས་རྫོགས་ཤེས་རྟོགས་ཡོད་མཁན་གྱི་གྲས་ནས་རྒྱན་རྩེད་ཁང་དུ་འགྲོ་མཁན་ཡོང་གི་ཡོད་འདུག་ལ། དགོན་པ་གྲྭ་ཚང་གི་ཚོང་ལས་བྱེད་མཁན་ཚོའི་གྲས་ནས་ཀྱང་རྒྱན་རྩེད་ཁང་དུ་ཕྱིན་ཏེ་རྒྱན་པོ་བྱེད་མཁན་ཚོར་མ་རྩ་བཞག་ནས་ཁེ་བཟང་བགོ་བཤའ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཞིག་ཀྱང་གོ་ཡོང་གི་འདུག ཐག་རིང་གི་སྐད་ཆ་ལ་བདེན་རྫུན་སྣ་ཚོགས་ཡོང་གི་ཡོད་པས་བདེན་པ་ཡིན་མིན་མི་ཤེས་ཀྱང༌། གལ་སྲིད་བདེན་པ་ཡིན་ན་འདི་རིགས་ནི་བླ་མ་གྲྭ་ཚང་ཡག་པོ་འདིའི་ཞབས་འདྲེན་སྡུག་ཤོས་ཡིན་པས་སྤང་བླང་མ་འཛོལ་བ་བྱེད་རྒྱུ་གལ་ཆེ།

                གྲྭ་པ་སྒེར་བ་ཚོས་དཔལ་འབྱོར་འཚོལ་སྒྲུབ་ཀྱི་ཐོག་ལ་འབད་བརྩོན་ཆེན་པོ་བྱེད་པའི་འགྲན་བསྡུར་ཡོད་པ་ལྟ་བུའི་གནས་ཚུལ་ཞིག་ཀྱང་ཡོང་གི་འདུག ཆུང་ས་ནས་ཐ་ན་བཅའ་ལག་གསར་རྙིང་ཚུན་ཆོད་བརྗེ་ཚོང་བྱེད་པ་ཙམ་གྱི་ཐོག་ནས་ཀྱང་དངུལ་རག་ཐབས་བྱེད་པ་དང༌། དེ་བཞིན་ཆེ་ས་ནས་ས་ཆ་དང་ཁང་པའི་ཉོ་ཚོང་རྒྱག་མཁན། མི་གཞན་དག་དང་མཉམ་འབྲེལ་གྱི་ཐོག་ནས་ཚོང་ཆེ་ཆུང་སྣ་ཚོགས་བྱེད་ཀྱི་ཡོད་པའི་གནས་ཚུལ་མང་པོ་ཞིག་གོ་ཡོང་གི་འདུག འདིའི་གྲས་དགེ་རྒན་དང་དགེ་ཕྲུག་གཉིས་ཀ་ཁ་མཐུན་བྱས་ནས་བྱེད་ཀྱི་ཡོད་ཚོད་འདུག ངའི་ངོས་ནས་རྒྱུན་པར་གྲྭ་པ་གྲྭ་རྐྱང་ཚོ་འཚོ་བས་མ་ཕོངས་པ་ཞིག་བྱེད་དགོས་ཀྱི་འདུག་ཟེར་ནས་དགོན་པའི་གཞུང་ནས་སྔ་མོ་དང་མི་འདྲ་བར་གྲྭ་པ་སྤྱི་བྱིངས་ཀྱི་འཚོ་བའི་ཐོག་འགྲོ་སོང་གཏོང་དགོས་པའི་འབོད་སྐུལ་ཡང་ཡང་བྱེད་ཀྱི་ཡོད། ངས་འབོད་སྐུལ་བྱས་པ་བཞིན་དགོན་པ་སོ་སོའི་གཞུང་ནས་གང་ཐུབ་ཅི་ཐུབ་ཀྱིས་གྲྭ་པ་གྲྭ་རྐྱང་ཚོར་འཚོ་བའི་རོགས་དངུལ་འབུལ་བཞིན་ཡོད། འོན་ཀྱང་གྲྭ་པ་མང་པོ་ཞིག་གིས་དགོན་པའི་གཞུང་ནས་གནང་བའི་འཚོ་དོད་དེས་ཆོག་ཤེས་མི་བྱེད་པའི་ཐོག དགོས་པའི་སློབ་སྦྱོང་ལ་འགྲན་བསྡུར་བྱ་རྒྱུ་མེད་པར། བྱེད་ཐབས་སྣ་ཚོགས་ཀྱིས་དཔལ་འབྱོར་འཚོལ་སྒྲུབ་ཀྱི་ལས་དོན་ཐོག་འགྲན་བསྡུར་ལྟ་བུ་བྱེད་པའི་ལམ་སྲོལ་དར་བཞིན་པའི་གནས་སྟངས་གོ་རྒྱུ་འདུག དགོན་སྡེ་སོ་སོའི་སྤྱི་སྒེར་གཉིས་ཀས་གཟབ་གཟབ་མ་བྱས་པ་ཡིན་ན། བཅའ་ཡིག་ལག་བསྟར་བྱེད་ཀྱི་ཡོད་ཅེས་པའི་ཕྱིའི་མཛེས་ཉམས་ཙམ་མ་གཏོགས་ནང་དོན་ངོ་མ་ནི། སྔ་མོའི་གུང་ཁྲན་ཏང་གི་ལས་སྡོམ་ལྟ་བུར་ཆགས་པའི་ཉེན་ཁ་མེད་པ་རེད་མི་འདུག གུང་ཁྲན་ཏང་གི་སྔ་མོའི་ལས་སྡོམ་གྱི་ནང་དུ་མཛེས་པོ་སྙན་པོ་མང་པོ་ཁ་ནས་བཤད་ཀྱི་ཡོད་ཀྱང་དོན་ངོ་མར་ཕན་ཐོགས་ཅན་གྱི་གྲུབ་འབྲས་གང་ཡང་མེད་པའི་གནས་ཚུལ་ཡོད་པ་ནང་བཞིན་རེད། ང་ཚོས་ཀྱང་ལས་སྡོམ་སྙན་པོ་ཞིག་བྲིས་པ་ཙམ་མ་གཏོགས་ལས་སྡོམ་གྱི་ནང་དུ་བྲིས་པ་ནང་བཞིན་ལག་ལེན་ངོ་མའི་ཐོག་ནས་གནས་སྟངས་ཡག་པོ་མེད་པ་དང༌། གོང་རིམ་ལ་དབུ་སྐོར་གྱི་ཡོད་པ་ལྟ་བུའི་གནས་སྟངས་ཤིག་ཡོང་རྒྱུའི་ཉེན་ཁ་འདུག

                དགོན་སྡེ་སོ་སོའི་དཔལ་འབྱོར་གྱི་ལས་དོན་བྱེད་ཕྱོགས་ཐད་སྔ་མོ་ཕྱི་ལོ་ ༡༩༩༣ ལོར་སྙན་སྒྲོན་བཅུ་གསུམ་སྔ་ཕྱིར་ཕུལ་བ་དེ་དག་གི་ཐོག་ནས་འགྱུར་བ་གང་འཚམས་ཡག་པོ་འགྲོ་ཐུབ་ཡོད། འོན་ཀྱང་བར་ལམ་ནས་གནས་སྟངས་དེ་ལ་བསྐྱར་དུ་འགྱུར་བ་ཞིག་འགྲོ་གི་མེད་དམ་སྙམ་པའི་དོགས་པ་ཞིག་ཡོང་གི་འདུག དཔལ་འབྱོར་དང་འབྲེལ་བའི་ལས་བྱེད་འགའ་ཤས་ཀྱིས་དགེ་འདུན་པའི་ཞལ་ལ་འབུལ་དགོས་ངེས་ཀྱི་དཔལ་འབྱོར་ལ་རང་བསམ་གྱིས་ཚོད་འཛིན་བྱས་ཏེ་དགེ་འདུན་པ་ལ་མི་བསྔོ་བར། རང་ལ་ངོ་སོ་དང་གཏམ་སྙན་གྲགས་ཡོང་བའི་དོན་དུ་དཔལ་འབྱོར་རྒྱ་གང་ཆེར་བསགས་ཏེ་རང་ཉིད་ལས་གནས་ནས་འཁྱུར་བའི་སྐབས་འགྱེད་ཕོགས་ཆེན་པོ་རྒྱག་རྒྱུ་དང༌། དགོན་པའི་གཞུང་ལ་སྤྱི་འཇོག་དང་འཛུགས་སྐྲུན་བྱེད་པ་སོགས་རང་གི་གཏམ་སྙན་དང་འབྲེལ་བའི་ལས་ཀ་བྱེད་ཀྱི་ཡོད་པའི་གནས་ཚུལ་རེ་ཟུང་གོ་རྒྱུ་འདུག དེར་བརྟེན་དགོན་སྡེ་སོ་སོའི་ཡོང་འབབ་ཀྱི་ཐོག་ནས་གསོག་འཇོག་བྱེད་དགོས་ངེས་ཀྱི་ཚད་གཞི་ངེས་ཅན་ཞིག་མ་གཏོགས། དགེ་འདུན་པའི་ཞལ་ལ་འབུལ་དགོས་ངེས་ཀྱི་དཔལ་འབྱོར་ལ་རང་བསམ་གྱིས་ཚོད་33321འཛིན་བྱེད་པ་དང་དགེ་འདུན་པའི་ཞལ་ལ་འགྲོ་རྒྱུའི་བཞེས་པ་ལ་སླ་ཆོས་དང་རྒྱུ་ཆ་སྐྱོ་རུ་བཏང་ནས་གསོག་འཇོག་བྱེད་པའི་གནས་སྟངས་འདིའི་རིགས་ལ་མ་འོངས་པར་མི་ཡོང་བར་འབྲེལ་ཡོད་ཚོས་ལྟ་རྟོག་ནན་པོ་ཞིག་མཛད་ན་ལེགས།

                བར་ལམ་དགོན་སྡེ་ཁག་འགའ་ཤས་ཀྱིས་ཕྱིའི་འཛུགས་སྐྲུན་གྱི་ཐོག་ཤུགས་གཙོ་བོ་བརྒྱབས་པ་མ་གཏོགས་ནང་དོན་གྱི་འཆད་ཉན་སློབ་གཉེར་ཐོག་དེ་ཙམ་དོ་སྣང་བྱེད་ཀྱི་མེད་པའི་རྣམ་འགྱུར་ཞིག་ཀྱང་ཐོན་ཡོང་གི་འདུག དཔེར་ན། སྨན་ཁང་ལྟ་བུ་ཞིག་ཡིན་པ་ཡིན་ན་སྨན་ཁང་རྒྱ་ཆེན་པོ་དང་རྫིག་པོ་ཞིག་བཟོས་ཀྱང་ནང་དུ་སྨན་པ་ཚད་ལྡན་མེད་པའི་དཀའ་ངལ་ཞིག་ཡོང་གི་ཡོད་པ་ཡོངས་གྲགས་རེད། རྒྱ་བོད་ཀྱི་སྨན་པ་ཚོ་སྨན་གྱི་སློབ་སྦྱོང་གི་གནས་ཚད་ཧ་ཅང་སྐྱོ་བོ་ཡིན་འདུག་པས་མང་ཚོགས་ལ་སྨན་པ་གྲྭ་ཚང་ཡོད་མེད་ཀྱི་ཁྱད་པར་མེད་པ་ལྟ་བུར་ཆགས་ཡོད་ཚོད་འདུག འབྲེལ་ཡོད་རྫོང་ཁག་མང་པོ་ཞིག་ལ་འཕྲོད་བསྟེན་གྱི་ཐོག་ནས་དཀའ་ངལ་ཆེན་པོ་ཡོད་པའི་ལོ་རྒྱུས་འདུག ཁྲི་འདུ་ལྟ་བུ་ས་ཐག་རིང་པོའི་སྨན་ཁང་ཞིག་ཏུ་སོང་ན་མ་གཏོགས། ས་གནས་ཀྱི་རྒྱ་སྨན་པ་དང་བོད་སྨན་པ་གཉིས་ཀ་ཤིན་ཏུ་སྐྱོ་བོ་ཡིན་པས་ང་ཚོར་འཕྲོད་བསྟེན་གྱི་ཐོག་ནས་དཀའ་ངལ་ཡོང་གི་འདུག་ཅེས་འདི་གར་ཞུ་མཁན་སྔ་ཕྱི་བྱས་ནས་ཡོང་གི་འདུག ང་ཚོའི་ལག་པར་ཡོད་པ་ནི་དགོན་པ་གྲྭ་ཚང་གི་སྨན་པའི་གནས་སྟངས་ཡར་རྒྱས་བཏང་སྟེ་འཕྲོད་བསྟེན་དང་སྨན་བཅོས་ཐོག་ནས་མང་ཚོགས་ལ་ཕན་ཐོགས་ཡོད་པ་ཞིག་བྱ་དགོས་པ་འདི་གལ་ཆེན་པོ་རེད། འདི་དང་འདིས་མཚོན་པའི་ཕྱོགས་མང་པོ་ཞིག་གི་ཐོག་ནས་འཐུས་ཤོར་འགྲོ་གི་ཡོད་པའི་རྣམ་འགྱུར་ཞིག་ཡོང་གི་འདུག་པས་དོ་སྣང་མཛད་དགོས།

                ཀིརྟིའི་དགེ་རྩ་ཚོགས་པ་ཚུགས་ནས་ལོ་ཡུན་གང་འཚམས་ཕྱིན་པ་ཡིན་དུས་ད་སྐབས་ཀིརྟིའི་དགེ་རྩ་ཚོགས་པའི་ངོ་བོ་དང༌། དམིགས་ཡུལ། ལས་དོན་བྱེད་ཕྱོགས་སོགས་ང་ཚོའི་འབྲེལ་ཡོད་དགོན་གྲོང་མང་ཚོགས་ཀྱིས་ཧ་གོ་བའི་ཐོག་ནས་འབྲེལ་བ་ཡང་གང་འཚམས་ཡག་པོ་བྱེད་ཐུབ་དགོས་པའི་ཚོད་དུ་སླེབས་དགོས་ཀྱི་ཡོད་ཀྱང༌། དངོས་ཡོད་གནས་ཚུལ་ལ་ཀིརྟིའི་དགེ་རྩ་ཚོགས་པའི་ངོས་ནས་འབྲེལ་ཡོད་མང་ཚོགས་ལ་འབྲེལ་བ་ཡག་པོ་ཞིག་ད་དུང་ཡང་བྱེད་ཐུབ་ཀྱི་ཡོད་པ་མ་རེད། བོད་ནང་གི་འབྲེལ་ཡོད་མང་ཚོགས་རྣམས་ཀྱིས་ཀྱང་དགེ་རྩ་ཚོགས་པ་ཟེར་བ་གང་འདྲ་ཞིག་ཡིན་མིན་གསལ་པོ་ཤེས་ཀྱི་མེད་པར་མ་ཟད། རྒྱ་གཞུང་གི་ལས་བྱེད་ཚོ་ཡིན་ན་ཡང་དགེ་རྩ་ཚོགས་པ་ཟེར་བ་གང་འདྲ་ཞིག་ཡིན་མིན་གསལ་པོ་ཤེས་ཀྱི་མེད་པའི་གནས་ཚུལ་གོ་རྒྱུ་འདུག ཀིརྟིའི་དགེ་རྩ་ཚོགས་པའི་ངོ་བོ་དང༌། དམིགས་ཡུལ། སྒྲིག་འཛུགས་ཀྱི་གནས་སྟངས། ལས་དོན་བྱེད་ཕྱོགས་སོགས་འབྲེལ་ཡོད་མང་ཚོགས་ལ་གོ་བརྡ་འཕྲོད་ངེས་ཀྱི་ངོ་སྤྲོད་བྱ་དགོས་པ་དེ་གལ་ཆེན་པོ་རེད། དགེ་རྩ་ཚོགས་པའི་སྒྲིག་གཞི་ཞིག་ཡོད་པ་དེ་ཡང་རྒྱ་ཡིག་དང་དབྱིན་ཡིག་ཐོག་ཚད་ལྡན་བསྒྱུར་ཏེ་སྐད་ཡིག་གཞན་པའི་ཐོག་ནས་ཀྱང་དགེ་རྩ་ཚོགས་པའི་གནས་སྟངས་ལ་ཞིབ་འཇུག་དང་རྒྱུས་ལོན་བྱེད་ཐུབ་པའི་མཐུན་རྐྱེན་བསྐྲུན་དགོས་པ་དེ་ང་ཚོའི་འགན་རེད། དཔེར་ན། དགེ་རྩ་ཚོགས་པའི་ཚོགས་པ་ཞེས་ཟེར་བའི་ཚིག་འདི་ལ་མཚོན་ན་འགའ་ཤས་ཀྱིས་མཉམ་འབྲེལ་ཞེས་པར་བསྒྱུར་བ་དང༌། འགའ་ཤས་ཀྱིས་ཚོགས་པར་བསྒྱུར་བ། འགའ་ཤས་ཀྱིས་སྒྲིག་འཛུགས་ལ་བསྒྱུར་བ། འགའ་ཤས་ཀྱིས་རྩ་འཛུགས་ལ་བསྒྱུར་བ་སོགས་རང་རང་གི་གོ་བ་ལེན་སྟངས་ཀྱི་ཐོག་ནས་སྒྱུར་སྟངས་མ་འདྲ་བ་སྣ་ཚོགས་ཡོད་པ་འདྲ། དོན་ངོ་མ་ནི་དགེ་རྩ་ཚོགས་པ་འདི་རྩ་འཛུགས་ཀྱི་ཚོགས་པ་ལྟ་བུ་ཞིག་མ་ཡིན་པར་གཞན་ཕན་སྒྲུབ་པའི་མི་མང་མཉམ་འབྲེལ་ལྟ་བུ་རེད། འདིས་མཚོན་པའི་དགེ་རྩ་ཚོགས་པའི་སྒྲིག་གཞིའི་ནང་དོན་ངོ་མ་གོ་བརྡ་མ་འཕྲོད་པའི་དཀའ་ངལ་མང་པོ་ཞིག་རང་བཞིན་གྱིས་ཡོང་གི་ཡོད་སྟབས་ཐ་སྙད་འདི་དག་སྒྱུར་ཚད་ལྡན་ཞིག་གི་ཐོག་བསྒྱུར་ནས་གོ་བརྡ་འཕྲོད་ཐབས་བྱ་དགོས་པ་གལ་ཆེན་པོ་རེད། ང་ཚོའི་མཉམ་འབྲེལ་འདི་བོད་ཕྱི་ནང་གཉིས་ཀའི་ཆབ་སྲིད་དང་འབྲེལ་བ་མེད་པའི་གནས་ཚུལ་གསལ་པོར་ཆགས་པ་ཡིན་ན། ང་ཚོ་དང་འབྲེལ་ཡོད་མང་ཚོགས་ཀྱི་དབར་ལ་ཕན་ཚུན་འབྲེལ་བ་བྱེད་སྟབས་བདེ་བོ་དང་ལས་ཀ་བྱེད་བདེ་བོ་ཡོང་གི་རེད། ང་ཚོའི་མཉམ་འབྲེལ་གྱི་ཚོགས་པ་འདིའི་ཐོག་ནས་བོད་ཕྱི་ནང་གི་འབྲེལ་ཡོད་མང་ཚོགས་ལ་རྒྱུ་དངོས་པོའི་ཐོག་ནས་རོགས་རམ་རྒྱ་ཆེན་པོ་བྱེད་མ་ཐུབ་ཀྱང་ལམ་སྟོན་དང་རེ་འདུན་ཞུ་དགོས་པ་གང་ཡོད་བསམ་བློ་གཏོང་དགོས་པ་འདི་གལ་ཆེན་པོ་རེད་ལ། དེས་ཕན་ཐོགས་ཀྱང་ཡོང་གི་རེད་བསམ།

                རྩ་བའི་དགེ་རྩ་ཚོགས་པ་ཟེར་བ་ནི། ལོ་བརྒྱ་ཕྲག་མང་པོའི་རིང་མང་ཚོགས་ཀྱི་དད་པའི་བག་ཆགས་གཏིང་ཟབ་ཀྱིས་བསྐྲུན་པའི་ཀིརྟི་ཚང་གི་ནུས་པ་ཞིག་ཡོད་པ་དེ་མང་ཚོགས་ཀྱི་བདེ་དོན་གྱི་ཆེད་དུ་བེད་སྤྱོད་གཏོང་སའི་སྡིངས་ཆ་ལྟ་བུ་རེད། དེ་བཞིན་ཀིརྟི་ཚང་ལ་མང་ཚོགས་ཀྱིས་དད་པས་ཕུལ་བའི་དད་རྫས་གང་འཚམས་ཡོང་གི་ཡོད་པ་དེ་དག་སྤྱི་བའི་ཕན་བདེའི་དོན་དུ་བེད་སྤྱོད་མ་ནོར་བར་གཏོང་བ་དང༌། ངས་མང་ཚོགས་ཀྱི་འདི་ཕྱི་གཉིས་ཀའི་ཕན་བདེའི་ཆེད་དུ་ལས་ཀ་བྱེད་དགོས་པ་བཅས། མདོར་ན། ངའི་ཀིརྟི་ཚང་གི་མིང་དང༌། ནུས་པ། རྒྱུ་དངོས་ཡོངས་རྫོགས་མང་ཚོགས་ཀྱི་ཕན་བདེའི་དོན་དུ་བེད་སྤྱོད་འཐུས་ཤོར་མེད་པར་གཏོང་རྒྱུ་འདི་དགེ་རྩ་ཚོགས་པའི་ལས་འགན་རེད། འདི་དག་གི་ཐོག་ཀིརྟིའི་དགེ་རྩ་ཚོགས་པའི་འགན་འཛིན་གྲོས་ཚོགས་ཀྱི་འཐུས་མི་ཡོངས་རྫོགས་ཀྱི་ངོས་ནས་བསམ་བློ་བཏང་ནས་གྲོས་བསྡུར་བྱ་དགོས་པ་དེ་གལ་ཆེན་པོ་རེད།

                སང་ཉིན་ནས་བཟུང་དགེ་རྩ་ཚོགས་པའི་ཚོགས་འདུ་འཚོགས་རྒྱུ་ཡིན་དུས་འཐུས་མི་རྣམས་ཀྱིས་འབྲེལ་ཡོད་ཡིག་ཆ་ཁག་ལ་ལྟ་ཀློག་བྱ་དགོས་པར་མ་ཟད། བོད་ནང་གི་འབྲེལ་ཡོད་མང་ཚོགས་ཀྱི་བསམ་ཚུལ་ལ་ཉན་ཞིབ་བྱས་ཏེ་ཁོང་ཚོའི་དགོངས་འཆར་རྣམས་དགེ་རྩ་ཚོགས་པའི་ཚོགས་འདུའི་ཐོག་སྤུངས་ཐུབ་པ་བྱ་དགོས། མི་འཐུས་མང་པོ་ཞིག་ཡོད་པ་ནི་ཚོགས་འདུའི་འཐུས་མིའི་གྲངས་ཀ་མང་བ་ཙམ་གྱི་ཆེད་དུ་མ་ཡིན་པར། མི་འཐུས་རྣམས་ཀྱིས་རང་རང་དང་འབྲེལ་བ་ཡོད་པའི་དགོན་པ་དང་གྲོང་པ་སོ་སོའི་འགན་ཁུར་ཏེ་ཁོང་ཚོའི་བདེ་བ་དང་སྡུག་བསྔལ། བསམ་ཚུལ་གང་ཡོད་པ་དེ་ཚོགས་འདུའི་ཐོག་འཁྱེར་ཡོང་དགོས་པ་ཁྱེད་ཚོ་ལུང་པ་དེ་དང་དེའི་མི་འཐུས་ཡིན་པའི་འགན་འཁྲི་རེད། ཚོགས་འདུ་མ་ཚུགས་པའི་གོང་ནས་བསམ་བློ་བཏང་སྟེ་གོ་སྒྲིག་བྱ་དགོས་པ་གལ་ཆེན་པོ་རེད། ང་ལྟ་བུ་ཡིན་ན་ཡང་ཉིན་ཤས་ཀྱི་གོང་ནས་དེ་རིང་ཚོགས་འདུའི་ཐོག་སྐད་ཆ་ག་རེ་ཤོད་དགོས་ཀྱི་ཡོད་མེད་ལ་བསམ་བློ་བཏང་ནས་ཐོ་བརྒྱབས་ཏེ་བཤད་ཀྱི་ཡོད། ཁྱེད་ཚོས་ཀྱང་སྐབས་ཐོག་སོ་སོར་གང་དྲན་པ་ཙམ་བཤད་བསྡད་པ་མ་ཡིན་པར་འགན་ཁུར་བླངས་ཏེ་བསམ་བློ་བཏང་ནས་བཤད་དགོས།

                ངས་གོང་དུ་བཤད་པ་ལྟར་ང་ཚོས་ལས་ཀ་གང་བྱས་པ་ཡོངས་རྫོགས་སངས་རྒྱས་ཀྱི་བསྟན་པའི་དོན་དུ་རེད། སངས་རྒྱས་ཀྱི་བསྟན་པ་དར་དགོས་པ་ནི་སེམས་ཅན་གྱི་བདེ་སྐྱིད་ཀྱི་ཆེད་དུ་རེད། ཁ་གསལ་པོ་བྱས་ན་ང་ཚོས་གང་བྱས་པ་དེ་མི་མང་གི་བདེ་དོན་དང་འཛམ་གླིང་སྤྱིའི་བདེདོན་གྱི་ཆེད་དུ་ཡིན་པ་མ་གཏོགས་ས་ཆ་ཆུང་ཆུང་ཞིག་བདག་པོ་རྒྱག་རྒྱུའི་ཆེད་དུ་ལས་ཀ་བྱེད་བསྡད་པ་ལྟ་བུ་དེ་འདྲ་གཏན་ནས་མིན་དུས་འཐུས་མི་ཡོངས་རྫོགས་ཀྱིས་འགན་བླངས་ནས་བསམ་བློ་བཏང་སྟེ། སོ་སོ་སོ་སོའི་ངོས་ནས་བསྟན་པ་དར་བ་དང་འགྲོ་བ་བདེ་བའི་དོན་དུ་ལས་ཀ་གང་དང་གང་བྱེད་ཐུབ་ཀྱི་འདུག མི་མང་གི་བདེ་དོན་དུ་ལས་ཀ་ག་རེ་བྱེད་ཐུབ་ཀྱི་འདུག ཚོགས་འདུ་མ་ཚོགས་པའི་གོང་ནས་བསམ་བློ་བཏང་ནས་ཕན་ཚུན་གྲོས་བསྡུར་བྱ་དགོས་པ་དེ་གལ་ཆེན་པོ་རེད། དཔེར་ན། སྔོན་མ་ང་དཔེ་མཛོད་ཁང་དུ་ཡོད་པའི་སྐབས་ཉིན་གང་བོར་གཞུང་གི་ལས་ཀའི་ཆེད་དུ་ལས་ཁུངས་ལ་ཕྱིན་ནས་གཞུང་ལས་བྱས། ཕྱི་དྲོ་ནང་དུ་ལོགས་པའི་རྗེས་ངའི་ལས་ཤག་གི་འཁྲིས་སུ་ཤེས་རིག་གི་བཀའ་ཟུར་ཞིག་ཡོད་པ་ཁོང་ཚོ་དང་མཉམ་དུ་སྤྱི་བའི་ལས་དོན་བྱེད་ཕྱོགས་མང་པོའི་ཐོག་གྲོས་བསྡུར་དང་བསམ་ཚུལ་བརྗེ་ལེན་བྱས་ཏེ་སྡོད་ཀྱི་ཡོད། ཁྱེད་ཚོ་ཡིན་ན་ཡང་དུས་ཚོད་སྟོང་པ་ནམ་བྱུང་གི་སྐབས་དགོས་མེད་ཀྱི་གཏམ་གླེང་འདྲ་མིན་བྱ་རྒྱུའི་ཚབ་ཏུ་དགེ་རྩ་ཚོགས་པས་སྤྱི་བའི་ཐོག་ནས་ཕན་ཐོགས་ཡོད་པའི་ལས་དོན་གང་དང་གང་སྒྲུབ་དགོས་པ་དང༌། གང་འདྲ་བྱས་ནས་སྒྲུབ་དགོས་པ་ལྟ་བུའི་སྐོར་གྲོས་བསྡུར་བྱས་ན་ཕན་ཐོགས་ཡོང་གི་རེད། མི་མང་གི་དཀྱིལ་ན་རྣམ་མཁྱེན་ཡོད་ཅེས་པའི་ཤོད་སྲོལ་ཡོད་པ་ལྟར། མི་མང་པོ་ཞིག་ལྷན་དུ་འཛོམས་ནས་གྲོས་བསྡུར་བྱས་པ་ཡིན་ན་དེ་ལ་ཐུན་མོང་མ་ཡིན་པའི་ནུས་པ་དང་རྣམ་དཔྱོད་ཕུལ་དུ་ཕྱིན་པ་ཞིག་ཀྱང་ཐོན་སྲིད་པ་ཡིན་དུས། སྤྱི་བའི་ལས་དོན་ཐོག་རྒྱུན་པར་གྲོས་བསྡུར་བྱས་ཏེ་འགན་ལེན་དགོས་པ་གལ་ཆེན་པོ་རེད།

                ཚོགས་འདུ་དངོས་སུ་ཚུགས་པའི་སྐབས་གནད་དོན་མང་པོའི་ཐོག་བསམ་ཚུལ་མ་མཐུན་པ་ཡོང་སྲིད་ཀྱི་རེད་ལ། བསམ་ཚུལ་མ་ཐུན་པ་བྱུང་བའི་སྐབས་རང་རང་ལ་རྒྱབ་ལྗོངས་ཀྱི་རྒྱུ་མཚན་དང་གནས་ལུགས་གང་ཡོད་པ་དེ་ཡ་རབས་བཟང་སྤྱོད་དང་མཐུན་པ་དང༌། ཚོགས་འདུའི་སྒྲིག་གཞི་དང་མ་འགལ་བའི་ཐོག་ནས་ཁ་གསལ་གཏིང་གསལ་བྱས་ཏེ་བཤད་དགོས་པ་རེད། ཡིན་ན་ཡང་མཐའ་མ་མང་གཙོའི་འགྲོ་ལུགས་དང་བསྟུན་ནས་ཐག་བཅད་དེ་འགྲོ་དགོས་པ་མ་གཏོགས། ངའི་བསམ་ཚུལ་གྱི་ཐོག་ལ་འགྲོ་མ་སོང་ཟེར་བ་ལྟ་བུའི་ཨུ་ཚུགས་དང་མཁྲེགས་འཛིན་བྱས་ཏེ་མི་སྡོད་པ་གལ་ཆེན་པོ་རེད་ལ། གྲོས་བསྡུར་གྱི་སྐབས་སུ་བསམ་ཚུལ་མི་མཐུན་པ་སྣ་ཚོགས་བྱུང་བ་ཡིན་ན་ཡང་ལས་དོན་སྒྲུབ་པའི་སྐབས་ནུས་པ་གཅིག་ཏུ་སྤུངས་ནས་མཉམ་རུབ་ཀྱི་ཐོག་ནས་འགྲོ་དགོས་པ་གལ་ཆེན་པོ་རེད།

                དགེ་རྩ་ཚོགས་པས་ལས་དོན་གང་འདྲ་ཞིག་སྒྲུབ་ཀྱང་གོམ་པ་བརྟན་པོ་ཞིག་རྒྱབ་པའི་ཐོག་ནས་འགྲོ་ཐུབ་པར་བྱ་དགོས་པ་འདི་གལ་ཆེ་ཤོས་དང་དགེ་རྩ་ཚོགས་པའི་ལས་དོན་བྱེད་ཕྱོགས་ཀྱི་རྩ་དོན་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོ་ཚ་བེ་ཚུབ་བེ་བྱས་ནས་མགྱོགས་པོ་མགྱོགས་པོ་གྲུབ་འབྲས་ཐོན་ཐབས་བྱ་དགོས་པའི་རྒྱུ་མཚན་མེད། ངས་ཐེངས་མང་པོ་བཤད་པ་ལྟར་ང་ཚོས་གོམ་པ་བརྟན་པོ་སྤོས་ཏེ་ཡུན་རིང་པོར་གནས་ཐབས་བྱ་དགོས་པ་གལ་ཆེན་པོ་ཡིན་པ་མ་གཏོགས། ལམ་སང་ལམ་སང་གྲུབ་འབྲས་ཤིག་ཐོན་ན་མ་གཏོགས་ངང་རྒྱུད་རིང་པོ་བྱས་ཏེ་སྒུག་མི་ཐུབ་པ་ལྟ་བུའི་བསམ་བློ་གཏོང་མི་ཉན།

                དེ་བཞིན་དུ་དགེ་རྩ་ཚོགས་པའི་འདས་པའི་ལོ་རྒྱུས་ལ་ཕྱི་མིག་བལྟས་ཏེ་དེ་སྔ་ང་ཚོས་ལས་ཀ་གང་དང་གང་བྱས་འདུག དེ་དག་ལ་དགེ་དང་སྐྱོན་གང་དང་གང་བྱུང་འདུག འདས་པའི་ལས་དོན་གྱི་དགེ་སྐྱོན་ལ་ཞིབ་འཇུག་གཏིང་ཕྱིན་པ་བྱས་པའི་ཐོག་ནས་མ་འོངས་པར་ང་ཚོས་ལས་འཆར་གང་དང་གང་གདིང་དགོས་ཀྱི་འདུག འདི་དག་ཡོངས་རྫོགས་ཐོག་བསམ་བློ་བཏང་སྟེ་ལས་འཆར་ཞིག་བཏིང་བ་ཡིན་ན། ལས་འཆར་ནུས་པ་ཐོན་པ་དང་གྲུབ་འབྲས་ལྡན་པ་ཞིག་ཡོང་གི་རེད་བསམ། ལས་འཆར་གསར་པ་སྒྲིག་པའི་སྐབས་རིགས་ཤིག་གིས་གཞན་གྱིས་བྱས་པ་གང་ཡོད་ལ་ལད་ཟློས་ལྟ་བུ་བྱེས་ཏེ། ང་ཚོས་ཀྱང་འདི་དང་འདི་བྱེད་དགོས་ཀྱི་འདུག་ཅེས་ཤོད་ཀྱི་འདུག དཔེར་ན། དེང་སང་ཚོགས་པ་དང་སྒྲིག་འཛུགས་མང་པོ་ཞིག་གིས་ཁོར་ཡུག་གི་ཐོག་ལ་དམིགས་བསལ་གྱིས་དོ་སྣང་དང་ལས་འགུལ་སྤེལ་གྱི་ཡོད་པ་རེད་ལ། དེ་ཙམ་མ་ཟད་བླ་མ་མང་པོ་ཞིག་ཀྱང་ཁོར་ཡུག་གི་ལས་འགུལ་འདིའི་ཐོག་མཉམ་ཞུགས་གནང་གི་ཡོད། ལས་དོན་གཅིག་གི་ཐོག་ལ་འཚང་ཁ་རྒྱག་དགོས་པའི་རྒྱུ་མཚན་མི་འདུག  འདིའི་རིགས་ནི་དམིགས་བསལ་གྲུབ་འབྲས་འཐོན་མཁན་ཚོས་བྱེད་བསྡད་པ་ཡིན་དུས་དེར་འཚང་ཁ་བརྒྱབས་པས་ཕན་ཐོགས་མེད། ང་ཚོས་ང་ཚོ་ལ་རན་པ་དང་ཕན་ཐོགས་ཡོད་པའི་ལས་འགུལ་གཞན་པ་ག་རེ་བྱེད་རྒྱུ་འདུག་བསམ་བློ་བཏང་ནས་ལས་འཆར་སྒྲིག་དགོས། གོང་དུ་བཤད་པ་ལྟར་ལས་འཆར་རྒྱ་ཆེ་ཆུང་གང་འདྲ་ཞིག་བཟོས་པ་ཡིན་ན་ཡང་གོམ་སྟབས་བརྟན་པོ་དང་ངང་རྒྱུད་རིང་པོའི་ཐོག་ནས་བསྒྲུབ་རྒྱུའི་བསམ་བློ་གཏོང་དགོས་པ་འདི་གལ་ཆེན་པོ་རེད།

                ངས་སྔ་ནས་ཐེངས་མང་བཤད་ཟིན་པ་ལྟར་ཀིརྟིའི་དགེ་རྩ་ཚོགས་པ་དང་བྱེས་པ་གྲྭ་ཚང་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་ཚུལ་དུ་གནས་ཡོད། རྣམ་པ་ཚོས་འདི་མཁྱེན་དགོས་ཀྱི་འདུག ཕྱོགས་གཉིས་ཀ་ལ་འགྲོ་སྟངས་དང་ལས་དོན་བྱེད་ཕྱོགས་སོགས་གང་ཅིའི་ཐད་ནས་མ་འདྲ་བའི་ཁྱད་པར་མང་པོ་ཡོད་དུས་འདི་གཉིས་རྡོག་རྡོག་གཅིག་བཟོ་ཐུབ་ཀྱི་མེད་ཀྱང༌། འདི་གཉིས་ནམ་ཡིན་ཡང་འོ་ཆུ་འདྲེས་པ་ལྟར་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱི་ངང་སྡོད་ཐུབ་པ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད། སྤྱི་སྒེར་སུའི་ངོས་ནས་ཡིན་ཀྱང་རུང་འདི་བྱེས་པ་གྲྭ་ཚང་གི་རེད། འདི་དགེ་རྩ་ཚོགས་པའི་རེད་ཟེར་བ་ལྟ་བུའི་སྐད་ཆ་ཆུང་ཚགས་འཐེན་འཁྱེར་དུ་འགྲོ་གཞིའི་རིགས་ནམ་ཡང་མི་ཤོད་རྒྱུ་གལ་ཆེན་པོ་རེད། སྐད་ཆ་ཆུང་ཚགས་ཀྱི་ཐོག་ནས་རིམ་པས་དབྱེ་བ་ཕྱེ་འགྲོ་བ་ཡོང་མི་སྲིད་པ་ཞིག་མ་རེད། མ་འོངས་པར་ང་ཚོ་རང་དབང་གི་ཐོག་ནས་བོད་དུ་ལོགས་ཐུབ་པ་བྱུང་བ་ཡིན་ན་བྱེས་པ་གྲྭ་ཚང་འདི་དགེ་རྩ་ཚོགས་པའི་གྲྭ་ཚང་གི་ངོ་བོ་ལྟ་བུ་བྱས་ནས་ས་གནས་སོ་སོ་ལ་དགེ་རྩ་ཚོགས་པ་དང་མཉམ་དུ་བྱེས་པ་གྲྭ་ཚང་ཞིག་ཀྱང་རང་བཞིན་གྱིས་ཡོད་དགོས་པའི་གནས་སྟངས་ཤིག་ཆགས་སྲིད་ཀྱི་རེད་བསམ། དགེ་རྩ་ཚོགས་པ་དང་བྱེས་པ་གྲྭ་ཚང་གཉིས་ལས་དོན་བྱེད་ཕྱོགས་ཀྱི་ཐོག་ནས་མ་འདྲ་བ་ཡོད་མེད་ལ་མ་ལྟོས་པར་འོ་ཆུ་འདྲེས་པ་ལྟ་བུའི་མཐུན་ལམ་གྱི་གནས་སྟངས་ཤིག་གི་ཐོག་ནས་སྡོད་ཐུབ་པ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད།

                སྤྱི་བའི་ལས་དོན་སྒྲུབ་པའི་སྐབས་གང་ཟག་སྒེར་པ་རེ་ཟུང་གི་བསམ་བློ་དང་མཐུན་མིན་དང༌། འདོད་པ་ཁེངས་མིན་སྣ་ཚོགས་ཡོང་གི་ཡོད་པ་ནི་ཆོས་ཉིད་ལྟ་བུ་རེད། ང་ཚོ་ནང་ཁུལ་ལ་མ་འགྲིག་པ་དང་མ་འཐུས་པའི་བསམ་འཆར་གང་འདྲ་ཤོད་རྒྱུ་ཡོད་ཀྱང་ནང་ཁུལ་རང་ལ་བཤད་ནས་གསལ་པོར་ཆགས་ཐབས་བྱ་དགོས་པ་མ་གཏོགས། ཁ་ཕྱི་ལ་འཁོར་ནས་ནང་ལ་སྐྱོན་བརྗོད་བྱས་བསྡད་པ་ཡིན་ན་སྤྱི་སྒེར་སུ་ལ་ཡང་ཕན་ཐོགས་མེད་པར་མ་ཟད་རང་གཞན་གཉིས་ཀའི་ཞབས་འདྲེན་ལ་འགྲོ་གི་རེད། དེ་ཡིན་དུས་ནང་ཁུལ་ལ་བསམ་འཆར་ག་རེ་ཤོད་རྒྱུ་ཡོད་པ་དེ་ཤ་ཚ་བའི་ཐོག་ནས་ནང་ཁུལ་ལ་ཤོད་དགོས་པ་འདི་གལ་ཆེན་པོ་རེད་བསམ། དེ་དང་འབྲེལ་ནས་སྐད་ཆ་བཤད་འདོད་པ་ཞིག་ལ། བར་ལམ་ནས་སྲིད་སྐྱོང་སོགས་ཀྱི་འོས་བསྡུ་དང་འབྲེལ་བའི་སྐད་ཆ་ལྷག་བསྡད་པ་མང་པོ་ཞིག་གི་ནང་ང་ཚོའི་གྲྭ་ཚང་གི་མིང་དང་སྦྱར་ནས་དཀྲོག་གཏམ་ཤོད་མཁན་ཡང་འགའ་ཤས་ཡོང་གི་འདུག ཕལ་ཆེ་བས་ཧ་མ་གོ་ནས་ཤོད་ཀྱི་ཡོད་ཚོད་རེད། གྲྭ་ཚང་དང་དགེ་རྩ་ཚོགས་པ་སུ་འདྲ་ཡིན་ཀྱང་རུང་དོན་ངོ་མ་ཤེས་པའི་ཐོག་ནས་ཕན་ཐོགས་མེད་པའི་སྐད་ཆ་འདྲ་མིན་ཤོད་རྒྱུར་གཟབ་གཟབ་བྱ་དགོས་པ་གལ་ཆེན་པོ་རེད། གོང་དུ་བཤད་པའི་སྐད་ཆ་མང་ཆེ་བ་སྤྱིར་བཏང་གི་གནས་ཚུལ་དང་ཕལ་ཆེ་བ་བཟང་ཕྱོགས་ཀྱི་ཐོག་ནས་ཞུས་ཡོད།

                མ་ལེགས་པ་དང་མ་འགྲིག་པའི་ཕྱོགས་ནས་བཤད་དགོས་པའི་འགན་ཡང་ང་ལ་ཡོད་དུས་ང་མ་གཏོགས་སྐྱོན་ཐེར་འདོན་བྱས་ནས་ཤོད་མཁན་ཕལ་ཆེར་མེད། ཀིརྟི་ཚང་གི་སློབ་བརྒྱུད་རྣམས་བླ་མ་གྲྭ་ཚང་གཞན་དང་མི་འདྲ་བ་ཞིག་ཡིན་ཞེས་ཁ་ཕོད་ཆེན་པོས་བསྒྲགས་ནས་རྒྱུན་པར་ཤོད་ཀྱི་ཡོད་པ་ལྟར་ཁྱེད་ཚོར་ངས་བསྟོད་བསྔགས་བྱས་ན་ཡང་བསྟོད་བསྔགས་ཁྱོག་དགོས་ཀྱི་ཡོད་ལ། ངས་སྨད་པ་བྱས་ན་སྨོད་པ་ཡང་ཁྱོག་དགོས་ཀྱི་ཡོད་པ་མ་གཏོགས། སྨོད་པ་ཕྲན་བུ་བྱས་པ་དང་ངས་ད་ལྟའི་བར་ལྷག་བསམ་རྣམ་དག་བྱས་པ་ཡིན་ཏེ་ལྷག་བསམ་དེ་ལྷག་བསམ་ལ་འགྲོ་མི་འདུག་ཟེར་ནས་ཁོང་ཁྲོ་ལངས་པ་དང་འཁང་ར་འཇོག་མཁན་དེ་འདྲ་ཡོང་མི་སྲིད་པ་ཡང་མ་རེད། སྐྱོན་གྱི་ཕྱོགས་ནས་བཤད་དེ་སྨོད་པ་བྱས་པའི་སྐབས་རང་སྐྱོན་ངོས་ཟིན་པའི་ཐོག་ནས་ཐུགས་ཁག་མི་འདུག དངོས་ཡོད་གནས་ཚུལ་ལ་ངས་སྐྱོན་དང་ནོར་འཁྲུལ་འདི་དང་འདི་བྱས་འདུག་བསམས་ཏེ་རང་ངོས་ནས་སྤང་བླང་འཛོལ་མེད་བྱ་དགོས་པ་དེ་གལ་ཆེན་པོ་རེད། གལ་སྲིད་ངས་སྐྱོན་བརྗོད་བྱས་པ་བཞིན་རང་ངོས་ནས་ནོར་འཁྲུལ་བྱས་མེད་ཚེ་གསལ་བཤད་ཞུས་ཏེ་གཙང་མ་བཟོ་དགོས་པ་མ་གཏོགས་ང་རྒྱལ་གྱི་དབང་དུ་བཏང་སྟེ་ཁོང་ཁྲོ་ལངས་དགོས་པའི་རྒྱུ་མཚན་མེད། ཡག་པའི་ཕྱོགས་དེ་ངས་བཤད་དགོས་པར་མ་ཟད་སྡུག་པའི་ཕྱོགས་དེ་ཡང་ངས་བཤད་དགོས། ལྷག་པར་དུ་སྐྱོན་དང་ནོར་འཁྲུལ་གྱི་ཕྱོགས་དེ་ངས་བཤད་དགོས་པ་གལ་ཆེན་པོ་རེད། ྋརྒྱལ་བ་རིན་པོ་ཆེས་བཟང་པོའི་ཕྱོགས་ལ་བསྟོད་བསྔགས་མིས་བྱས་ཡོང་གི་རེད་དེ་ང་ཚོས་བཤད་མི་དགོས། སྐྱོན་དང་ནོར་འཁྲུལ་གྱི་ཐོག་ནས་ཤོད་དགོས་པ་དེ་གལ་ཆེན་པོ་རེད་ཅེས་རྒྱུན་དུ་གསུང་གི་ཡོད་པ་ལྟར། མ་འགྲིག་པ་དང་མ་འཐུས་པའི་ཆ་དེ་ཤོད་དགོས་པ་ངའི་ལས་འགན་རེད་ལ། ཡར་རྒྱས་འགྲོ་བའི་ཆེད་སྐྱོན་ཆ་ཐེར་འདོན་དང་ངོས་འཛིན་བྱ་དགོས་པ་འདི་གལ་ཆེན་པོར་ངོས་འཛིན་བྱེད་ཀྱི་ཡོད།

                གོང་དུ་ཕྱོགས་ཙམ་བཤད་ཟིན་པ་ལྟར་བོད་ནང་གི་འབྲེལ་ཡོད་ཀྱི་དགོན་སྡེ་ཁག་ནས་རྒྱན་རྩེད་བྱེད་མཁན་ཡང་ཡོང་གི་ཡོད་པའི་སྐད་ཆ་འདུག་ལ། ལྷག་པར་དུ་དགོན་པའི་ལས་བྱེད་ཀྱི་གྲས་ནས་རྒྱན་རྩེད་བྱེད་མཁན་དང་རྒྱན་རྩེད་བྱེད་མཁན་ཚོར་མ་རྩ་བཞག་སྟེ་ཁེ་བཟང་བགོ་བཤའ་བྱེད་མཁན་ཡོང་གི་ཡོད་པའི་གནས་ཚུལ་འདི་བདེན་ན། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ལྷག་པར་དུ་ཀིརྟི་ཚང་གི་བླ་མ་གྲྭ་ཚང་དང་དགོན་པའི་ཞབས་འདྲེན་རེད། གནས་ཚུལ་འདི་འདྲའི་རིགས་ཉིན་ཞིག་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པ་ཡིན་ན་ང་ཚོ་ངོ་ཚ་དགོས་པའི་གནས་རེད་དམ་མ་རེད། དེར་བརྟེན་དགོན་སྡེ་སོ་སོའི་ལས་སྣེ་དང་འཛིན་སྐྱོང་གི་ངོས་ནས་གནས་ཚུལ་འདི་རིགས་སྔར་འགྱོད་ཕྱི་བསྡོམ་གྱིས་མེད་པར་བཟོ་ཐབས་བྱས་ཏེ། མ་འོངས་པར་སྤྱོད་ངན་འདི་རིགས་མི་ཡོང་བའི་ཐབས་སུ་དུས་རྒྱུན་དུ་ཐུགས་སྣང་མཛད་དགོས་པ་འདི་གལ་ཆེན་པོ་རེད་ཅེས་ནན་ཏན་ཆེན་པོས་བཤད་འདོད་བྱུང༌།

                ལོ་འགའ་ཤས་ཀྱི་གོང་ནས་གྱོད་བཤད་བྱ་བ་ནི་དགོན་པ་གྲྭ་ཚང་གི་ལས་འགན་མ་རེད་ཅེས་ངས་བཤད་མྱོང༌། དེ་སྔ་དགོན་པ་གྲྭ་ཚང་གི་གྲྭ་པ་རྣམས་ཕྱིན་ཏེ་གྱོད་སྣ་ཁ་མཆུ་བཤད་ཀྱི་འདུག  སྐབས་དེར་གྲྭ་པ་ཆོས་སྲིད་ཀྱི་ཤེས་ཡོན་གང་ཡང་མེད་པའི་མགོ་སྟོང་ཁ་ཤས་ཀྱིས་དགོན་པའི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་གྱོད་བཤད་ཀྱི་སྐད་ཆ་ཤོད་སྟངས་དང་ལས་སྟངས་དེ་ཚོ་འདི་ཕྱོགས་ཀྱི་བླ་མ་གྲྭ་པ་ཕར་བཞག་མི་སྐྱ་ཕོ་མོ་ཚོས་གོ་བ་ཡིན་ན་ཡང་ངོ་ཚ་དགོས་པའི་གནས་ལྟ་བུ་རེད། འདིའི་རིགས་ཀྱིས་ཤོད་སྟངས་དང་ལས་སྟངས་ནི་དགོན་པ་གྲྭ་ཚང་གི་ཞབས་འདྲེན་ཞིག་ལས་མེད། དེང་སང་དགོན་པ་གྲྭ་ཚང་གིས་ཆེད་འཛུགས་བྱས་པའི་སྐྱ་བོའི་འདུམ་སྒྲིག་ཚོགས་ཆུང་ཟེར་བ་ཞིག་ཡོད་པ་དེའི་ཐོག་ནས་གྱོད་བཤད་ཀྱི་ཡོད་པ་མ་གཏོགས། དགོན་པ་གྲྭ་ཚང་གི་གྲྭ་པའི་ངོས་ནས་གྱོད་ཤོད་ཀྱི་མེད་ཅེས་ལན་བརྒྱབས་ཀྱི་འདུག

                སྤྱིར་སྤྱི་ཚོགས་འཆམ་མཐུན་ཡོང་བའི་དོན་དུ་དགོན་པ་གྲྭ་ཚང་གིས་འགན་འཁྱེར་དགོས་པ་རེད་ཅེས་ངས་སྔོན་མ་བཤད་མྱོང༌། འདི་བཤད་དགོས་པའི་རྒྱུ་མཚན་གཙོ་བོ་ནི། སྔ་མོའི་ལོ་རྒྱུས་ལ་བསམ་བློ་ཐོངས་དང་བོད་ཀྱི་སྤྱི་ཚོགས་ནང་འཆམ་མཐུན་མེད་པའི་གནས་སྟངས་གཙོ་བོ་ནི་བླ་མ་གྲྭ་ཚང་དང༌། དགོན་པ་ཕན་ཚུན། ཆོས་བརྒྱུད་དང༌། ཤོག་ཀ་ཕན་ཚུན། ལུང་པ་སྟོད་སྨད་སོགས་ཀྱི་འཐེན་འཁྱེར་ལ་བརྟེན་ནས་ཡོང་ཡོད། བླ་མ་དགོན་པ་དང་ཆོས་བརྒྱུད་ཀྱི་འཐེན་འཁྱེར་ལ་བརྟེན་པའི་རྙོག་དྲ་དང༌། རྩྭ་ས་རྩོད་གླེང༌། དམག་རྒྱག་རེས་སོགས་ཀྱི་ཐོག་ནས་མ་མཐུན་པ་ཡོད་པའི་གནས་ཚུལ་དེ་དག་མེད་པར་བྱ་དགོས་པའི་འགན་བླ་མ་དགོན་པ་ལ་ཡོད་པ་རེད། འཐེན་འཁྱེར་དེའི་ཐོག་ནས་སྤྱི་ཚོགས་ནང་ཕན་ཚུན་ནང་མ་འཆམ་པ་དང་མི་མཐུན་པའི་གནས་སྟངས་དེ་དག་ཞི་འཇམ་དང་མཐུན་པོ་བྱ་དགོས་པའི་འགན་དགོན་པ་གྲྭ་ཚང་ལ་ཡོད། འཐེན་འཁྱེར་དུ་སོང་བའི་གནས་སྟངས་འདི་དག་སྔ་མོ་ནས་བླ་མ་དང་དགོན་པ་ཁག་གིས་ཞི་འགྲིག་མཛད་པའི་ལོ་རྒྱུས་ཡོད།

                ཁ་སང་དེ་རིང་བཤད་བཞིན་པའི་གྱོད་སྣ་དེ་དག་མཐར་གཏུགས་ན་ནག་ཉེས་ཀྱི་ཁྲིམས་ཏེ་མང་ཆེ་བ་ངའི་བཟའ་ཚང་ག་གེ་མོ་ཞིག་གིས་འཕྲོག་སོང་ཟེར་བ་དང༌། ངའི་ཁྱོ་ག་ག་གེ་མོ་ཞིག་གིས་འཕྲོག་སོང་ཟེར་བ་ལྟ་བུའི་ཕོ་གྱོད་མོ་གྱོད་ཤ་སྟག་རེད། དགེ་སློང་ཞིག་གིས་ཕོ་མོ་གཉེན་སྒྲིག་གི་སྐོར་ལ་མོ་ཙམ་བརྒྱབས་ན་ཡང་སྨྱན་བྱས་པའི་ལྷག་མ་ཡོང་བའི་ཉེན་ཁ་ཡོད་ན། ཕོ་གྱོད་མོ་གྱོད་དགོན་པ་གྲྭ་ཚང་ཞིག་གིས་བཤད་འོས་པ་ཞིག་ཨེ་ཡིན་བསམ།

                དེང་སང་གི་གྱོད་བཤད་མཁན་ཚོའི་ནང་ནས་འགའ་ཤས་ཀྱིས་དྲང་པོ་མ་བྱས་པའི་གནས་ཚུལ་ཡང་གོ་རྒྱུ་འདུག དགོན་པ་གྲྭ་ཚང་གིས་གཟུ་བ་བསྐོ་བཞག་བྱས་ཐུབ་ཙམ་མ་གཏོགས་བསྐོ་བཞག་བྱས་པའི་སྐུ་ཚབ་དེ་དག་གིས་གཟུ་དྲང་པོ་བྱེད་ཀྱི་ཡོད་མེད་དང༌། དགོན་པ་གྲྭ་ཚང་གི་མཚན་སྙན་འཁྱེར་ནས་མི་མང་སྐྱོ་བོ་ཚོའི་ཐོག་རྫིག་གཏམ་དང་བཙན་དབང་བྱེད་ཀྱི་ཡོད་མེད། དངུལ་དངོས་ལེན་སྟངས་ཀྱི་སྐོར་སོགས་ལ་དགོན་པ་གྲྭ་ཚང་གིས་དོ་སྣང་དང་ཞི་འཇུག་གནང་ཡོད་མེད་དང་གནང་ཐུབ་ཀྱི་ཡོད་མེད་མི་ཤེས། གྱོད་བཤད་མཁན་གྱི་གཟུ་བ་རེ་ཟུང་གིས་གྱོད་ཡའི་ཁྱིམ་ཚང་དུ་ལྐོག་ལ་སོང་སྟེ་ང་ལ་རྒྱུ་ནོམ་པ་འདི་དང་འདི་དགོས་ཞེས་ཤོད་མཁན་རེ་ཟུང་ཡོང་གི་ཡོད་པ་དང༌། ལྐོག་རྔན་ལེན་གྱི་ཡོད་པའི་གནས་ཚུལ་འདུག ཐག་རིང་པོ་ནས་གོ་བའི་སྐད་ཆ་ཡིན་དུས་བདེན་པ་ཡིན་མིན་མི་ཤེས་ཀྱང༌། གལ་སྲིད་འདི་འདྲའི་དྲང་པོ་མེད་པ་དང་གཟུ་བས་ལྐོག་ཟ་རུལ་སུངས་ཀྱིས་ལྐོག་རྔན་ལེན་གྱི་ཡོད་པའི་གནས་ཚུལ་ཡོད་པ་འདི་རིགས་བདེན་ན་ཤིན་ཏུ་ཐབས་སྐྱོ་བོ་རེད་ལ་བོད་མི་རིགས་ཀྱི་ཞབས་འདྲེན་རེད། གྱོད་དངོས་སུ་ཤོད་མཁན་སྐྱ་བོ་མི་ནག་ཅིག་ཡིན་པའི་དབང་དུ་བྱས་ཀྱང་འདིའི་རྒྱབ་ཏུ་དགོན་པ་གྲྭ་ཚང་གི་མཚན་ཞིག་འབྱར་ནས་ཡོད། དེ་ཡིན་དུས་དགོན་པ་གྲྭ་ཚང་གིས་གྱོད་བཤད་བྱེད་པ་འདིས་དགོན་པ་གྲྭ་ཚང་ལ་ཕན་ཐོགས་ཡོད་པ་ཞིག་དང་འོས་པ་ཞིག་ཡིན་མིན་འབྲེལ་ཡོད་དགོན་སྡེ་སོ་སོའི་ངོས་ནས་འདུལ་བའི་གཞུང་ལུགས་མཁྱེན་མཁན་ཚོས་ཞིབ་འཇུག་རེ་གནང་ན་ལེགས།

                ཀིརྟིའི་དགོན་ཁག་རྣམས་སུ་ཕར་ཕྱིན་དབྱར་ཆོས་དང་ཚད་མའི་དགུན་ཆོས་ཚུགས་ནས་ལོ་གང་འཚམས་ཕྱིན་ཡོད་དུས། སློབ་གཉེར་པ་རྣམས་དགའ་དགའ་སྤྲོ་སྤྲོའི་ངང་ནས་པདྨའི་མཚོ་ལ་ངང་པ་འཇུག་པ་བཞིན་ཆོས་ཐོག་འདི་དག་ལ་འཛུལ་ཞུགས་བྱ་དགོས་པའི་གནས་སྟངས་ཤིག་ད་ཆ་ཡོད་དགོས་ངེས་ཤིག་ཡིན་ཀྱང༌། ད་དུང་ཡང་ཆད་པ་བཅད་པ་དང་ཡང་ན་བྱ་དགའ་སྤྲད་པའི་ངོ་སོའི་ཐོག་ནས་ཡོང་ཐབས་བྱ་དགོས་པའི་གནས་སྟངས་སྐྱོ་བོ་ཞིག་གི་འོག་ཏུ་ཡོད་པའི་གནས་ཚུལ་ཡོད་བཞིན་པ་འདི་རེད། དཀའ་ངལ་འདི་ནི་ཕྱིའི་རྐྱེན་ངན་ལས་བྱུང་བ་ཞིག་མ་རེད། སློབ་གཉེར་པ་ཚོར་རང་འགུལ་གྱི་ཐོག་ནས་ཆོས་ཐོག་འདི་དག་གིས་མཚོན་པའི་འཆད་ཉན་སློབ་གཉེར་དང་འབྲེལ་བའི་བྱེད་སྒོ་ཁག་ལ་འཛུལ་ཞུགས་བྱེད་པའི་བསམ་བློ་ལེགས་པོ་འཁོར་མི་ཐུབ་པའི་ནང་གི་རྐྱེན་རྩ་ཀུན་སློང་ངན་པ་དང་རུལ་པ་གང་ལ་ཐུག་པ་ཡིན་ནམ། སྐྱོན་གནད་འདི་དག་དགེ་རྒན་རྣམ་པའི་སློབ་གསོ་སྤྲོད་སྟངས་ཀྱི་ཐོག་ནས་མ་ཡོང་བ་ཡིན་ནམ། སློབ་གཉེར་པ་རྣམས་ཀྱི་བསམ་བློ་གཏོང་སྟངས་མ་ཤེས་པའི་ཐོག་ནས་མ་ཡོང་བ་ཡིན་ནམ། ཡང་ན་དགོན་སྡེ་སོ་སོའི་ཆོས་སྲིད་ཀྱི་དབུ་ཁྲིད་མཁན་ཚོས་དབུ་ཁྲིད་གནང་སྟངས་ཀྱི་ཐོག་ནས་མ་བྱུང་བ་ཡིན། གང་ལྟར་སྐྱོན་གནད་ཆེན་པོ་ཡོང་བཞིན་པ་འདི་དག་རྒྱུ་རྐྱེན་གང་ལ་བརྟེན་ནས་ཡོང་གི་ཡོད་པའི་ཐད་བསྐྱར་ཞིབ་གཏིང་ཕྱིན་པ་བྱ་དགོས་པ་འདི་ཆེན་པོ་རེད་བསམ།

                ལོ་འགའ་ཤས་ཀྱི་གོང་ནས་བཅའ་ཡིག་གསར་པའི་དགོངས་དོན་ལྟར་སློབ་གཉེར་བྱེད་ཀྱི་ཡོད་པ་རེད་ཅེས་སྐད་གྲགས་ཆེ་ནའང༌། སློབ་གཉེར་པ་ཚོའི་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ཀྱང་རྒྱུན་པར་ང་ལ་ཕུལ་ཡོང་གི་ཡོད། ངས་སློབ་གཉེར་པ་ཡོངས་རྫོགས་ཀྱི་རྒྱུགས་འབྲས་གང་འདྲ་ཡིན་མིན་གསལ་པོ་ཤེས་ཀྱི་ཡོད། འཛིན་གྲྭ་སོ་སོའི་རྒྱུགས་འབྲས་ལ་ཞིབ་ཏུ་ལྟ་བའི་སྐབས། འཛིན་གྲྭ་གཅིག་ལ་གྲྭ་པ་དྲུག་ཅུ་བདུན་ཅུ་ཙམ་ཡོད་པའི་དབང་དུ་བྱས་ན།   ཨང་རིམ་དང་པོ་ལོན་མཁན་གཅིག་གཉིས་ཙམ་དང༌། ཨང་རིམ་གཉིས་པ་ལོན་མཁན་མི་ལྔ་དྲུག་ཡས་མས། ཨང་རིམ་གསུམ་པ་ལོན་མཁན་བརྒྱད་དགུ་ཡས་མས་རེད། དེའི་ལྷག་མ་ཡོངས་རྫོགས་རྒྱུགས་མ་འཕྲོད་པའི་གྲས་དང་རྒྱུགས་སྤྲོད་ལ་མི་ཞུགས་མཁན་ཤ་སྟག་རེད།

                སྤྱིར་སློབ་གྲྭ་ཞིག་གི་གནས་སྟངས་ལ་མཚོན་ན་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ཨང་རིམ་དང་པོ་ལོན་མཁན་ཉུང་ཉུང་དང༌། ཨང་རིམ་གཉིས་པ་ལོན་མཁན་དེ་ལས་ཅུང་མང་བ། ཨང་རིམ་གསུམ་པ་ལོན་མཁན་དེ་ལས་མང་བར་ཡོང་གི་རེད། རྒྱུགས་མ་འཕྲོད་པའི་གྲས་ཉུང་ཤས་ཙམ་ལས་ལྷག་གི་མ་རེད། ང་ཚོའི་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་དེ་ལས་ལྡོག་སྟེ་རྒྱུགས་འཕྲོད་པ་ལས་མ་འཕྲོད་པའི་གྲངས་ཁ་མང་བར་ཆགས་ཀྱི་ཡོད། འདི་དག་སྐྱོན་གནད་གང་ལ་བརྟེན་ནས་ཡོང་གི་ཡོད་མེད་ཐད་དགེ་སློབ་ཡོངས་རྫོགས་ཀྱིས་བསམ་བློ་གཏོང་དགོས་ཀྱི་འདུག སློབ་གྲྭ་ཞིག་ལ་ཆ་བཞག་ན་འཛིན་གྲྭ་གཅིག་ནང་གི་སློབ་མ་ཕྱེད་ཀས་རྒྱུགས་མ་འཕྲོད་པ་ཡིན་ན། དགེ་རྒན་གྱི་སྐྱོན་ཆར་ངོས་འཛིན་བྱས་ཏེ་དགེ་རྒན་ལས་གནས་ནས་ཕྱིར་འབུད་གཏོང་བའམ། ཡང་ན། རྒྱུགས་ཤོག་གི་དྲི་བ་བཟོ་སྟངས་མ་འགྲིག་པའི་གནས་སྟངས་ལྟ་བུར་ཆགས་པ་ཡིན་ན། སློབ་གྲྭ་དེའི་འཛིན་སྐྱོང་གི་ངོས་ནས་འབྲེལ་ཡོད་ཚོར་བསྐྱར་དུ་རྒྱུགས་ཤོག་གི་དྲི་བ་བཟོ་རུ་བཅུག་སྟེ་རྒྱུགས་བསྐྱར་དུ་ལེན་འཇུག་གི་ཡོད། འོན་ཀྱང་རྒྱུགས་འཕྲོད་པའི་མིང་ཙམ་གྱི་ཆེད་རྒྱུགས་ཀྱི་དྲི་བ་ལས་སླ་པོ་བཟོ་དགོས་པ་དང་རྒྱུགས་ཇི་བཞིན་མ་འཕྲོད་ནའང་སེམས་ཤུགས་འཕར་བའི་ཆེད་རྒྱུགས་འབྲས་བརྒྱ་ཆ་མང་པོ་སྤྲད་དགོས་པ་དེ་འདྲ་མིན།

                ཕྱི་ལོགས་ནས་བལྟ་བའི་སྐབས་དེང་སང་བཅའ་ཡིག་བློ་གསལ་འཇུག་ངོགས་ལག་བསྟར་བྱས་ཏེ་སློབ་གཉེར་ཡག་ཏུ་འགྲོ་གི་ཡོད་པའི་མཐོང་ཚུལ་ཙམ་ཞིག་ཡོང་གི་ཡོད་ཀྱང༌། དངོས་ཡོད་ཀྱི་གནས་སྟངས་ངོ་མ་ནི་སློབ་གཉེར་ཡག་པོ་བྱེད་མཁན་ཆེས་ཉུང་ཉུང་ཞིག་ལས་མེད། ཞོགས་ཉལ་རྒྱག་མཁན་དང་འཁྱམ་ཉུལ་བྱེད་མཁན་ལ་འགྱུར་བ་ཕྱིན་མེད་པའི་ཁར་ད་དུང་ཡང་མཁྲེགས་འཛིན་བྱེད་ཀྱི་ཡོད། སྤྱོད་ངན་འཁྲབ་སྟངས་ལ་ཡང་འགྱུར་བ་ཕྱིན་མེད། སྐྱོན་གནད་དེ་གང་འདྲ་ཞིག་གི་སྟེང་ནས་ཡོང་གི་ཡོད།

                མདོར་ན། ང་ཚོ་ཡར་རྒྱས་ལ་ཁ་གཡར་ནས་འཛུགས་སྐྲུན་གྱི་ཁྲ་ཁྲ་ཟང་ཟིང་ཕྲན་བུ་ཞིག་གིས་བློ་ཚིམས་ནས་དེ་ནི་བསྟན་པ་དར་བར་ངོས་འཛིན་བྱས་ཏེ་བསྡད་ན་ནང་དོན་ཕྱོགས་གང་ས་གང་ནས་འཐུས་ཤོར་དང་ངན་ལང་འགྲོ་དང་འགྲོ་བཞིན་པ་རེད། འབྲེལ་ཡོད་རང་གཞན་ཡོངས་རྫོགས་བློ་རྩེ་གཅིག་ཏུ་བསྒྲིལ་ནས་བསམ་བློ་བཏང་སྟེ་སྔར་ནོར་འཁྲུལ་ཤོར་ཚར་བ་དེ་རིགས་བཅོས་རྒྱུ་མེད་ནའང༌། མ་འོངས་པ་སྟེ་ད་ཕྱིན་ཆད་ཀྱི་བྱ་བ་ཚགས་ཇེ་ཚུད་དང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བའི་ཐབས་ཤེས་གནང་རྒྱུ་ཡོད་པས་དེ་ལྟར་གནང་དགོས་པ་ནི་གལ་ཆེན་པོ་རེད་ཅེས་བཤད་འདོད་བྱུང༌། ཕྱི་ལོ་༢༠༡༦ ལོའི་ཟླ་༤ ཚེས་༣༠ ཉིན།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.