. . . .

bar2༄༅།། ཕྱི་ལོ་༢༠༠༢ ཟླ་༢ ཚེས་༢༣ བོད་རབ་བྱུང་བཅུ་བདུན་པའི་ཆུ་རྟ་བོད་ཟླ་༡ ཚེས་༡༡ ཉིན་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་པའི་འོག་བོད་གཞིས་བྱེས་གཉིས་ཀྱི་ཀིརྟི་ཚང་གི་དགོན་མ་ལག་ལྷ་སྡེ་མི་སྡེ་ཡོངས་ཀྱི་ངོ་བོ་མཚོན་ཐུབ་པའི་སློབ་རྒྱུད་སེར་སྐྱ་ཐུན་མོང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་པའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་བླ་མཆོད་ཀྱི་ཚོགས་འཁོར་དང་འབྲེལ་བའི་བརྟན་བཞུགས་རྒྱས་པ་བསྟར་འབུལ་སྐབས། 

༄༅། འོ་ལགས་སོ། དེ་ཡང་ཇི་སྐད་དུ། མཆོག་གསུམ་ཚེ་སྦྱིན་ལྷ་ཚོགས་བྱིན་རླབས་དང༌། །བསྟན་སྲུང་མཐུ་སྟོབས་བདག་ཅག་དད་མོས་མཐུས། །འགྲོ་བའི་སྐྱབས་གཅིག་རྗེ་བཙུན་བླ་མ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །ཅེས་ཤིས་པར་བརྗོད་པའི་བདེན་ཚིག་པདྨ་དཀར་པོའི་ཕྲེང་བ་མངོན་པར་འཐོར་ཏེ་དགེ་ལེགས་སུ་བྱེད་པ་སྔོན་དུ་བཏང་ནས་གང་ཞུ་ན། རང་ཅག་བོད་གངས་ཅན་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོའི་སྤྲུལ་པའི་ཟློས་གར། སྙིགས་མ་ལས་ཀྱང་ཆེས་སྙིགས་མའི་དུས་མཐའ་འདིར་བསམ་བཞིན་དུ་སྐུའི་སྐྱེ་བ་བཞེས་པ། གསུམ་ལྡན་ངུར་སྨྲིག་འཆང་བ། མཁས་བཙུན་བཟང་པོའི་ཡོན་ཏན་གྱི་ཆ་ཤས་ཀུན་ཡོངས་སུ་རྫོགས་ཤིང༌། རྨད་དུ་བྱུང་བའི་གསང་གསུམ་གྱི་མཛད་པ། གཞན་ཕན་འཕྲིན་ལས་ཀྱི་གདུགས་དཀར་པོ་གཅིག་གིས་འཛམ་གླིང་ཡངས་པའི་ས་ཆེན་པོའི་ཁྱོན་ཀུན་ལ་ཞི་བསིལ་ཕན་བདེའི་གྲིབ་བསིལ་སྩོལ་བར་མཛད་པའི་འཛམ་གླིང་ཞི་བདེའི་དེད་དཔོན། ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ྋགོང་ས་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ། བཀའ་དྲིན་གསུམ་ལྡན་གྱི་སློབ་དཔོན། བདག་གི་མཁན་རིན་པོ་ཆེ། དོན་གྱི་སླད་དུ་མཚན་ནས་སྨོས་ན། རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ནི། དུས་རིང་མོ་ཞིག་ནས་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་པའི་ཆོས་སྐུ་བདེ་བ་ཆེན་པོའི་གོ་འཕང་མངོན་དུ་མཛད་ཟིན་ནའང༌། བརྩེ་བ་སྙིང་རྗེ་ཆེན་པོ་ལ་རིང་ནས་གོམས་པའི་གཞན་དབང་དུ་སོང་བས་ཐ་མལ་འགྲོ་བའི་སྣང་ངོར། པཎྜི་ཏ་དང༌། གྲུབ་ཐོབ། རྒྱལ་བློན། བྲམ་ཟེ། བྱ་དང་རི་དྭགས་སོགས་སྐལ་བ་དང་ལྡན་པའི་གདུལ་བྱའི་ཁམས་དང་བསམ་པ། མོས་པ་སྣ་ཚོགས་པའི་རྫིང་བུར། གང་ལ་གང་འདུལ་གྱི་གཟུགས་སྐུའི་བཀོད་པ་ཆུ་ཟླ་དང་མིག་འཕྲུལ་བཞིན་སྟོན་པར་མཛད་པའི་ཚུལ་ནི། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཞལ་ནས། ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཡི། །ཚུལ་འདི་རྒྱལ་སྲས་རང་རྒྱལ་ཉན་ཐོས་ཀྱིས། །ཅི་ཙམ་བརྟག་ཀྱང་བློ་ཡི་ཡུལ་མིན་ན། །ཚངས་དང་དབང་པོ་སོགས་ཀྱིས་སྨོས་ཅི་འཚལ། །ཞེས་གསུངས་པ་ལྟར་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་སྨྲ་བརྗོད་ཀྱི་ཡུལ་ལས་འདས་ན། བདག་ལྟ་བུ་འཆིང་བ་གཉིས་ལྡན་ཞིག་གིས་ཆ་ཤས་ཙམ་ཡང་བརྗོད་པར་ག་ལ་ནུས། འོན་ཀྱང་གདུལ་བྱ་ཐུན་མོང་བའི་སྣང་ཚོད་དང་བསྟུན་པའི་ཐུན་མོང་པའི་རྣམ་ཐར་འཁྲུངས་རབས་ཀྱི་དབང་དུ་བྱས་ན།

                                     རྒྱ་གར་འཕགས་པའི་ཡུལ་དུ། རྒྱལ་པོ་འཇིག་རྟེན་དབང་ཕྱུག ཁྱེའུ་སྣང་བ། ཁྱེའུ་རབ་གསལ། རྒྱལ་བུ་དཀོན་མཆོག་འབངས། རྒྱལ་བུ་དད་པ་བརྟན་པ་སོགས་སྤྲུལ་པའི་ཟློས་གར་སྣ་ཚོགས་པ་སོ་དྲུག་ཏུ་སྐུའི་སྐྱེ་བ་བཞེས་ནས་བསྟན་པ་དང་འགྲོ་བའི་དོན་མཛད་པ་དང༌།

                               རྒྱལ་བུ་དཀོན་མཆོག་འབངས་ཀྱི་སྐྱེས་རབས་ལས། སྤྱིར་སེམས་ཅན་ཡོངས་ཀྱི་མགོན་པོ་ཡིན། །སྒོས་གངས་རིའི་ཁྲོད་དུ་རྒྱལ་སྲིད་སྐྱོང༌། །ཞེས་གསུངས་པ་ལྟར་བོད་གངས་ཅན་གྱི་ལྗོངས་སུ་བོད་ཀྱི་རྒྱལ་པོ་ལ་སྔ་བ་རྗེ་གཉའ་ཁྲི་བཙན་པོ། དམ་པའི་ལྷ་ཆོས་བོད་དུ་ཐོག་མར་དབུ་བརྙེས་པར་མཛད་པ་པོ་ལྷ་ཐོ་ཐོ་རི་གཉན་བཙན། ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་སྲོལ་བཏོད་ནས་འཛམ་གླིང་སུམ་གཉིས་ལ་མངའ་དབང་བསྒྱུར་པའི་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ། བོད་ཡུལ་མུན་པའི་གླིང་དུ་དགེ་འདུན་གྱི་སྡེ་ཐོག་མར་བཙུགས་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་པ་པོ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། རྒྱ་བོད་ཀྱི་སོ་མཚམས་བརྟན་པོར་ཕྱེ་བར་མཛད་ནས། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད། ཅེས་པའི་བཀའ་ཡི་ཐ་ཚིག་འཛམ་གླིང་ཡངས་པའི་ཁྱོན་ལ་བསྒྲགས་པར་མཛད་པ་པོ་མངའ་བདག་ཁྲི་རལ་པ་ཅན་སོགས་ཆོས་རྒྱལ་བཅུའི་སྐུའི་སྐྱེ་བ་བཞེས་ནས་བོད་སྲིན་པོ་གདོང་དམར་ཅན་གྱི་ཡུལ་འདི་ཉིད་ཆོས་ལྡན་གྱི་ཞིང་ཁམས་ཤིག་ཏུ་བསྒྱུར་པར་མཛད།

                                  བར་དུ་བོད་ཁ་བ་གངས་ཅན་པ་རྣམས་ལ་བཀའ་དྲིན་གྱི་མངའ་བདག་ལྷ་གཅིག་དི་བམ་ཀ་རའི་ཐུགས་ཀྱི་སྲས་གཅིག་པུ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས། མངའ་བདག་ཉང་ཉི་མ་འོད་ཟེར། གུ་རུ་ཆོས་ཀྱི་དབང་ཕྱུག ས་ཆེན་ཀུན་དགའ་སྙིང་པོ། འགྲོ་བའི་མགོན་པོ་ཞང་གཡུ་བྲག་པ། རྗེ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་སོགས་བོད་གངས་ཅན་གྱི་ཡུལ་དུ་པཎ་གྲུབ་བཅོ་ལྔའི་སྐུའི་སྐྱེ་བ་བཞེས་ཏེ་བོད་གངས་ཅན་གྱི་ལྗོངས་ཡོངས་སུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ནས་དར་ཞིང་རྒྱས་པར་མཛད་པ་སོགས་ཐུན་མོང་བའི་སྐུའི་ཕྲེང་བ་དྲུག་ཅུ་རྩ་གཅིག་ཏུ་བྱོན་པ་རྣམས་ཀྱིས་བསྟན་འགྲོའི་དོན་རླབས་ཆེན་པོ་མཛད།

                                      ཐུན་མོང་གདུལ་བྱའི་སྣང་ཚོད་དང་བསྟུན་པའི་ཡོངས་སུ་གྲགས་པའི་སྐུའི་འཁྲུངས་རབས་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན། ཀྱཻ གངས་རིའི་མགོན་པོ་སྤྱན་རས་གཟིགས། །གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །ཅེས་གསུངས་པ་ལྟར་རང་ཅག་གངས་ཅན་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་འཇིག་རྟེན་དབང་ཕྱུག མིའི་ཤ་ཚུགས་བཟུང་ནས་སྡོམ་བརྩོན་ངུར་སྨྲིག་འཛིན་པའི་རྣམ་པར་སྐུའི་སྐྱེ་བ་བཞེས་པ་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྐུའི་ཕྲེང་བ་རིམ་པར་བྱོན་པ་རྣམས་ཀྱི་ཐོག་མ།

༡༽ རྒྱལ་དབང་སྐུ་ཕྲེང་དང་པོ། ཡབ་རྗེ་འཇམ་མགོན་བླ་མ་རྗེ་ཙོང་ཁ་པ་ཆེན་པོའི་ཐུགས་ཀྱི་སྲས་མཆོག་ཡོངས་རྫོགས་བསྟན་པའི་མངའ་བདག རིས་སུ་མ་ཆད་པའི་ཞྭ་སེར་མོ་བ་ཞེས་པའི་མཚན་གྱི་སྙན་པ་ཕྱོགས་བཅུར་གྲགས་པ་ཐམས་ཅད་མཁྱེན་པ་རྗེ་དགེ་འདུན་གྲུབ།

༢༽ རྒྱལ་དབང་སྐུ་ཕྲེང་གཉིས་པ། འཇམ་མགོན་རྒྱལ་བ་གཉིས་པའི་ཤིང་རྟའི་སྲོལ་འཛིན་ཆེན་པོ། དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ་རེ་མ་ཏི་བྲན་བཞིན་དུ་འཁོར་ཞིང་མཁས་གྲུབ་བྱེ་བའི་གཙུག་ནོར་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ།

༣༽ རྒྱལ་དབང་སྐུ་ཕྲེང་གསུམ་པ། འཛམ་གླིང་སྤྱི་དང་བྱེ་བྲག་ཆེན་པོ་ཧོར་གྱི་ཡུལ་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་ལྷག་པར་ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་གསེར་སྦྱངས་བཙོ་མ་ལྟ་བུ་འདི་ཉིད་དར་ཞིང་རྒྱས་པར་མཛད་པས་ཏཱ་ལའི་བླ་མ་ཞེས་པའི་མཚན་གྱི་སྙན་པ་དུས་ད་ལྟའི་བར་ཕྱོགས་བཅུར་གྲགས་པ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ།

༤༽ རྒྱལ་དབང་སྐུ་ཕྲེང་བཞི་པ། མཐའ་འཁོབ་མུན་པའི་གླིང་ཆེན་པོ་ཧོར་གྱི་ཡུལ་དུ་བསམ་བཞིན་དུ་སྐུའི་ལྟེ་ཁྲག་འཐོར་བར་མཛད་ཅིང༌། ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་དར་ཞིང་རྒྱས་པར་མཛད་པ་པོ། ལུང་རྟོགས་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ།

༥༽ རྒྱལ་དབང་སྐུ་ཕྲེང་ལྔ་པ། གནམ་བསྐོས་དགའ་ལྡན་ཕོ་བྲང་བ་ཆེན་པོའི་ལུགས་གཉིས་ཆབ་སྲིད་གསེར་གྱི་འཁོར་ལོ་རྩིབས་སྟོང་འབར་བ་ཕྱག་མཚན་དུ་བཞེས་ནས་བོད་འབངས་ཡོངས་ལ་དགེ་བཅུའི་ཁྲིམས་ཀྱིས་དབང་བསྒྱུར་པའི་ཆོས་ཀྱི་རྒྱལ་པོ། རིས་མེད་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཏཱ་ལའི་བླ་མ་ཞེས་པའི་མཚན་གྱི་སྙན་པ་ཕྱོགས་བཅུར་གྲགས་ཤིང༌། ལམ་རིམ་གཉིས་ཀྱི་རྣལ་འབྱོར་ཟབ་མོ་ལ་མངའ་བརྙེས་པས་ནག་ཕྱོགས་བདུད་རིགས་མཐའ་དག་དམ་ལ་བཏགས་ཤིང་ལྷ་སྲིན་བྲན་དུ་འཁོལ་བའི་མཁས་གྲུབ་གཉིས་ལྡན་གྱི་ཚད་མའི་སྐྱེས་བུ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ།

༦༽ རྒྱལ་དབང་སྐུ་ཕྲེང་དྲུག་པ། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པས་གདུལ་བྱ་སྐྱོང་བར་བསམ་བཞིན་དུ་སྐུའི་སྐྱེ་བ་བཞེས་པ། སྦས་པའི་རྣལ་འབྱོར་བ་ཆེན་པོ་ཐམས་ཅད་མཁྱེན་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོ།

༧༽ རྒྱལ་དབང་སྐུ་ཕྲེང་བདུན་པ། འཆད་རྩོད་རྩོམ་གསུམ་དང་མཁས་བཙུན་བཟང་གསུམ་གྱི་འཕྲིན་ལས་འགྲན་ཟླ་དང་བྲལ་ཞིང་རྒྱལ་བསྟན་རིན་པོ་ཆེའི་དབུ་འཕང་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་སྲིད་རྩེར་བསྒྲེང་བར་མཛད་པ་པོ་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ།

༨༽ རྒྱལ་དབང་སྐུ་ཕྲེང་བརྒྱད་པ། ལུང་རྟོགས་ཡོན་ཏན་རྒྱ་མཚོའི་མངའ་བདག་ཁྱབ་བདག་རྡོ་རྗེ་འཆང་དངོས་རྒྱལ་བ་འཇམ་ དཔལ་རྒྱ་མཚོ།

༩༽ རྒྱལ་དབང་སྐུ་ཕྲེང་དགུ་པ། སྔོན་གནས་རྗེས་སུ་དྲན་ཅིང་ལྷག་ལྷ་དུ་མའི་ཞལ་གཟིགས་པ་རྒྱལ་བསྟན་གསལ་བར་བྱེད་པའི་ཉིན་བྱེད་རྒྱལ་བ་ལུང་རྟོགས་རྒྱ་མཚོ།

༡༠༽ རྒྱལ་དབང་སྐུ་ཕྲེང་བཅུ་པ། མདོ་ཁམས་བདག་མོའི་བླ་མཚོ་ནས་ལུང་བསྟན་ཅིང་རིས་མེད་འགྲོ་བའི་སྐྱབས་གཅིག་རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོ།

༡༡༽ རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ། རྡོ་ལ་ཞབས་རྗེས་འཇོག་པ་སོགས་གྲུབ་པའི་རྟགས་མཚན་དངོས་སུ་སྟོན་ཅིང་མཁས་གྲུབ་བྱེ་བའི་གཙུག་རྒྱན་རྒྱལ་བ་མཁས་གྲུབ་རྒྱ་མཚོ།

༡༢༽ རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ། ཡོངས་རྫོགས་བསྟན་པའི་མངའ་བདག་རྒྱལ་བ་འཕྲིན་ལས་རྒྱ་མཚོ།

༡༣༽ རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ། གངས་ལྗོངས་བསྟན་འགྲོའི་དོན་དུ་རྒྱ་བོད་ཧོར་སོག་གི་ཡུལ་གྲུ་དུ་མར་ཞབས་ཀྱིས་བཅགས་ནས་སྐུ་ངལ་བརྒྱ་ཕྲག་དུ་མ་ལྷུར་བཞེས་ཀྱིས་བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཏུ་འཇིགས་པ་མེད་པའི་གསུང་གི་གད་རྒྱངས་ཆེན་པོས་འཛམ་གླིང་ཡངས་པའི་ཁྱོན་འདིར་དྲིལ་བསྒྲགས་པར་མཛད་ཅིང༌། མ་འོངས་སྔོན་གཟིགས་ཀྱིས་བོད་གངས་ཅན་པ་རྣམས་ལ་ལམ་སྟོན་མཛད་པ་པོ། བཀའ་དྲིན་ཟླ་མེད་ྋརྒྱལ་མཆོག་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་ལ་ཐུག་གི་བར་གྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་དང༌། མཁས་པ་དང་གྲུབ་པའི་སྐྱེས་རབས་ཟམ་མ་ཆད་པ་གསེར་རིའི་ཕྲེང་བ་ལྟར་ཚར་དུ་དངར་བའི་སྐུའི་ཕྲེང་བ་རིམ་པར་བྱོན་པས་མཛེས་པའི་ྋགོང་ས་ྋསྐྱབས་མགོན་ཆེན་པོ།

༡༤༽ ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན། བདག་གི་མཁན་རིན་པོ་ཆེ། རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་སྐུ་ཚེ་འདི་ཉིད་ཀྱི་དབང་དུ་བྱས་ན། བོད་གངས་ཅན་པའི་བསྟན་སྲིད་སྐྱེ་འགྲོའི་བདེ་སྐྱིད་དང་བཅས་པ་ཆག་ལ་འཇིག་པར་ཉེ་བའི་དུས་ཚོད་གཉན་འཕྲང་ཅན་འདིར། བསམ་བཞིན་རྒྱ་བོད་ཀྱི་ས་མཚམས་དང་ཉེ་བར་སྐུའི་སྐྱེ་བ་བཞེས་པ་ཙམ་དུ་མ་ཟད། མཁས་བཙུན་བཟང་གསུམ་མཛད་པ་འཕྲིན་ལས་དང་བཅས་པ་གང་གི་ཆ་ནས་ཀྱང་ྋརྒྱལ་དབང་སྐུ་ཕྲེང་གོང་མ་རིམ་པར་བྱོན་ཟིན་པ་ཐམས་ཅད་ལས་ཆེས་ཁྱད་དུ་འཕགས་ཤིང༌། མཁྱེན་བརྩེ་ནུས་པའི་ཡོན་ཏན་ཐམས་ཅད་གཅིག་ཏུ་བསྡུས་པ། རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པའི་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་ལས་དད་པའི་ས་བོན་ཙམ་བསྐྲུན་པའི་ཆེད་ཆེ་ལོང་ཙམ་མདོར་བསྡུས་པའི་ཚུལ་དུ་བརྗོད་ན། སྐུའི་ན་ཚོད་ཕྲ་མོའི་དུས་སུའང་རིང་མོ་ཉིད་ནས་གོམས་པའི་སྐྱེས་མཆོག་དམ་པའི་རང་རྟགས་མངོན་དུ་གྱུར་ཏེ། སངས་རྒྱས་དངོས་དང་འདྲ་བའི་དགེ་བའི་བཤེས་གཉེན་དུ་མའི་ཞབས་རྡུལ་སྤྱི་བོར་མཆོད་ནས་བསམ་སྦྱོར་རྣམ་པར་དག་པའི་སྒོ་ནས་ཚུལ་བཞིན་བསྟེན་ཏེ། གྲུབ་མཐའ་རིས་སུ་མ་ཆད་པའི་མདོ་སྔགས་གཞུང་ལུགས་རྒྱ་མཚོ་ལྟ་བུའི་ཚིག་དོན་ལ། ཕྱོགས་དང་རིས་སུ་མ་གྱུར་པའི་གསན་བསམ་མཐའ་ཆོད་པ་མཛད་ཅིང༌། ལྷག་པར་རྗེ་ཡབ་སྲས་ཀྱི་གསུང་གཞུང་ཆེན་རྣམས་ལ་རྡོ་རུས་ཐུག་པའི་སློབ་གཉེར་དཔྱིས་ཕྱིན་པར་མཛད་ནས། མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཏེ་སྨྲ་བའི་དབང་ཕྱུག་དམ་པར་གྱུར། ཐོས་པའི་དོན་ལ་ཡང་ནས་ཡང་དུ་ཚུལ་བཞིན་སེམས་པའི་རིགས་པས་དཔྱད་ཅིང་བསྒོམས་པས་ཐུགས་ཉམས་སུ་བཞེས་པ་ལ་བརྟེན་ནས་ཐུན་མོང་བ་ལམ་གྱི་གཙོ་བོ་རྣམ་པ་གསུམ། ཐུན་མོང་མ་ཡིན་པ་ཟབ་ལམ་རིམ་གཉིས་ཀྱི་རྣལ་འབྱོར་ལ་ཉམས་དང་རྟོགས་པའི་ཀློང་སྐུ་ཚེ་འདིར་གསར་དུ་བརྡོལ་བའི་ཚུལ་བསྟན་ནས། ལུང་དང་རྟོགས་པའི་ཡོན་ཏན་ཀུན་ལ་དབང་འབྱོར་བའི་ཆོས་ཀྱི་རྒྱལ་པོ་ཆེན་པོའི་གོ་འཕང་མངོན་དུ་མཛད་པའི་ཐུགས་བསྐྱེད་ཀྱི་འབྲས་བུ་དུས་སུ་སྨིན་པ་ན། མཁས་གྲུབ་སྨྲ་བའི་ཉི་མའི་ཞལ་ནས། ལེགས་བཤད་འོད་བརྒྱའི་སྣང་བ་ཅན། །བཤེས་གཉེན་ཉི་མ་གཅིག་གིས་ཀྱང༌། །ཐུབ་བསྟན་གླིང་བཞི་མ་ལུས་པ། །ཅིག་ཅར་ཉིད་དུ་གསལ་བར་ནུས། །ཞེས་གསུངས་པ་ལྟར། སྐྱེ་དགུ་རྣམས་མ་རིག་པའི་གཉིད་ལས་སློང་བའི་ཟབ་རྒྱས་ཀྱི་ལེགས་བཤད་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཆོས་ཀྱི་རྔ་བོ་ཆེའི་སྒྲ་དབྱངས་སྒྲོག་པ་ལ་འཇིགས་པ་མེད་པའི་ཁྱུ་མཆོག་རླབས་པོ་ཆེའི་གནས་ཐོབ་པས་མཁས་པའི་ཡོན་ཏན། སྡོམ་གསུམ་བཅས་མཚམས་ཀྱི་ཆ་ཕྲ་མོ་ཚུན་ཆད་ལའང་སྤྱན་གྱི་འབྲས་བུ་བཞིན་རྨི་ལམ་ཚུན་ཆད་དུའང་འདའ་བ་མེད་པར་བསྲུང་བའི་ཚངས་པར་སྤྱོད་པའི་བརྟུལ་ཞུགས་ཡང་དག་པར་བསྡམས་པས་བཙུན་པའི་ཡོན་ཏན།

                              རྣམ་པ་ཀུན་ཏུ་བསྟན་འགྲོའི་དོན་འབའ་ཞིག་ཐུགས་ལ་བརྣག་སྟེ་ཉིན་མཚན་ལྟོས་མེད་ཀྱིས་སྐུ་ངལ་བརྒྱ་ཕྲག་དུ་མ་ལྷུར་བཞེས་ཀྱི་ལྷག་པའི་བསམ་པའི་གཞན་དབང་དུ་གྱུར་པའི་སྐུ་གསུང་ཐུགས་ཀྱི་མཛད་པའི་ཆ་ཕྲ་མོ་ཙམ་གྱིས་ཀྱང་གཞན་ཕན་རླབས་པོ་ཆེ་ཁོ་ནར་གྱུར་པས་བཟང་པོའི་ཡོན་ཏན་དང༌། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལྷག་པའི་ལྷ་དུ་མས་ཉམས་དང་རྨི་ལམ་ཚུན་ཆད་ཞལ་གཟིགས་ནས་བྱིན་གྱིས་བརླབས་ཤིང་རྣལ་འབྱོར་ཟབ་མོའི་ཉམས་བཞེས་ཀྱི་གདེང་དང་ལྡན་པའི་སྒོ་ནས་སྐྱེ་འགྲོའི་བདེ་སྐྱིད་འཕྲོག་ཅིང་འཇོམས་པར་བྱེད་པའི་ལོག་སྨོན་ཅན་རྒྱ་འདྲེ་དམ་སྲི་མི་དང་མི་མ་ཡིན་པ་ཐམས་ཅད་བསྐྲད་ཅིང་བརླགས་པར་མཛད་པའི་མཐུ་སྟོབས་དང་རྫུ་འཕྲུལ་གྱི་མཐུ་མངའ་བའི་གྲུབ་པའི་དབང་ཕྱུག་ཆེན་པོ་སྟེ། མདོར་བསྡུ་ན། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ། །ཞེས་གསུངས་པ་ལྟར་ཡབ་རྗེ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་མཛད་པ་ཇི་ལྟ་བ་བཞིན། མཁས་པས་གྲུབ་པ་མ་བཅོམ། གྲུབ་པས་མཁས་པ་མ་བཅོམ་པ། ལྟ་སྤྱོད་ཤིན་ཏུ་གཙང་བའི་རི་བོ་དགེ་ལྡན་པའི་རྣམ་པར་ཐར་པའི་མཛད་བཟང་རྨད་དུ་བྱུང་བ་ཐུགས་དམ་གྱི་མཐིལ་དུ་མཛད་པས་སྲས་བཅས་རྒྱལ་བ་ཀུན་གྱིས་བསྟོད་བསྔགས་ཀྱི་མེ་ཏོག་གི་ཕྲེང་བས་མངོན་པར་མཆོད་པའི་གནས་སུ་གྱུར་ཅིང༌།

                          དུས་མཐའ་འདིར་རིས་མེད་རྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོར་མངོན་པར་བཞེངས་པའི་ཐུགས་བསྐྱེད་ཀྱི་འབྲས་བུ་དུས་སུ་སྨིན་པ་ན། རྒྱ་དཀར་ནག་སེར་གསུམ་གྱིས་གཙོས་འཛམ་གླིང་གི་ཡུལ་གྲུ་དུ་མར་ཞབས་ཟུང་བཀྲ་ཤིས་ཀྱི་རེ་ཁཱ་ཉེ་བར་བཀོད་ནས་གདུལ་བྱ་སོ་སོའི་ཁམས་དང་བསམ་པ། མོས་པ། བག་ལ་ཉལ་ཇི་ལྟ་བ་བཞིན་གཟིགས་ནས་སྐལ་བ་དང་འཚམས་པར་སྨིན་བྱེད་དབང་དང་རྗེས་གནང༌། གྲོལ་བྱེད་ཁྲིད་དང་ལུང་སོགས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་ཇི་སྙེད་ཅིག་བསྐོར་བ་ཐམས་ཅད་ཀྱང༌། དཔྱོད་ལྡན་མཁས་པ་ཞིག་གིས་ཉན་ན་དོན་ཟབ་ཅིང་རྒྱ་ཆེ་བ། ཆོས་སྲིད་ཀྱི་ཤེས་ཡོན་ཞན་པའི་མི་དཀྱུས་མ་ཞིག་གིས་ཉན་ནའང་གོ་བདེ་ཞིང་སེམས་ལ་འཛིན་རྒྱུ་རེ་ཡོད་པ། གང་གསུང་བ་ཐམས་ཅད་དོན་དངོས་པོའི་གནས་ཚོད་དང་མཐུན་པས་དེང་དུས་ཀྱི་ཚན་རིག་པ་མཁས་ཅན་རྣམས་ཀྱི་ཡིད་དུ་འཐད་པ། དེ་ཡང་ཚིག་སྐམ་སྟོང་བཤད་ཀྱི་མཁས་ཉམས་ལྟ་བུ་མིན་པར། ཐོས་པའི་དོན་ལ་ཡང་ནས་ཡང་དུ་དཔྱད་ཅིང་གོམས་པའི་ཉམས་མྱོང་ཚད་མའི་གདེང་ཚད་དང་ལྡན་པའི་མྱོང་ཁྲིད་ཀྱི་ཚུལ་དུ་བསྩལ་པས། དུས་རབས་ཉེར་གཅིག་པའི་དཔྱོད་ལྡན་སློབ་མའི་ཚོགས་ཀྱི་ཡིད་དབང་མེད་དུ་ཁུག་ནས་རྣམ་པར་དཀར་བའི་ལས་ལ་ངང་གིས་སྦྱོར་བར་མཛད་པའི་ཁུར་ཆེན་རླབས་པོ་ཆེ་ཕྲག་པར་བཞེས་པས་འཛམ་གླིང་ཞི་བདེའི་དེད་དཔོན་ཀུན་གྱི་ནང་ནས་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པ་འགྲན་གྱི་དོ་མེད་ཅིག་ཏུ་གྱུར་པས་སྐལ་བ་དང་ལྡན་པའི་གདུལ་བྱ་གྲངས་ལས་འདས་པ་མ་སྨིན་པ་སྨིན་པར་མཛད། སྨིན་པ་རྣམས་རྣམ་པར་གྲོལ་པར་མཛད། གྲོལ་པ་རྣམས་ཀྱི་སྤངས་རྟོགས་མཐར་དབྱུང་བར་མཛད་པ་ན། ཕར་ཕྱིན་བསྡུ་བ་ལས། སྡིག་པ་མེད་པར་འཇིག་རྟེན་ཀུན་འདུད་དེ། །ཚེགས་མེད་མ་སྒྲུབ་དབང་ཕྱུག་ཐོབ་པར་འགྱུར། །ཞེས་དང༌། རྐང་པས་བཀྲ་ཤིས་གྱུར་པའི་རྡུལ་དག་ཀྱང༌། །སྤྱི་གཙུག་དམ་པས་བླངས་ཤིང་ལྷ་མི་ཡི། །ཕྱག་འཚལ་མགོས་གཏུགས་ཐོབ་པ་ཀུན་ཏུ་འཁྱེར། །ཞེས་གསུངས་པ་ལྟར་ཚུལ་ཁྲིམས་རྣམ་པར་དག་པ་དང་གཞན་ཕན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཐུགས་རྒྱུད་ཡོངས་སུ་གཏམས་པའི་གཟི་བྱིན་གྱིས་སྡིག་པ་མེད་པར་འཛམ་གླིང་ཤར་ནུབ་ཀྱི་དྲེགས་ལྡན་ཆེ་རྒུ་མཐའ་དག་གི་ཟུར་ཕུད་ཀྱིས་ཞབས་ཀྱི་པདྨོར་གུས་པས་ཉེ་བར་མཆོད་ཅིང༌། རང་རང་གི་གཅེས་ནོར་ཡོད་རྒུ་མཐའ་དག་ཕངས་པ་མེད་པར་ཕུལ་བའི་བདོག་པའི་དངོས་པོ་ཅི་འབྱོར་བ་ཐམས་ཅད་ཀྱང༌། གདན་ས་ཆེན་པོ་བཞི་དང་གསང་ཆེན་རྒྱུད་གྲྭ་རྣམ་གཉིས་ཀྱིས་གཙོས་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་རིས་སུ་མ་ཆད་པའི་མདོ་སྔགས་བཤད་སྒྲུབ་ཀྱི་རྒྱུན་བཟང་སྔར་མེད་གསར་འཛུགས་དང༌། ཉམས་པ་སླར་གསོ། མ་ཉམས་པ་གོང་ནས་གོང་དུ་འཕེལ་བ་དང༌། བོད་གཞུང་དགའ་ལྡན་ཕོ་བྲང་བ་ཆེན་པོའི་ཆབ་སྲིད་ལུགས་གཉིས་ཀྱི་མཁོ་དགུའི་ལོངས་སྤྱོད་དུ་ཕངས་པ་མེད་པར་གཏོང་བར་མཛད་པའི་ཀུན་སྤངས་རྣལ་འབྱོར་བ་ཆེན་པོ་སྟེ། དད་རྫས་རྣམས་བར་མ་དོར་ཆུད་མི་ཟ་བར་གཏན་པ་མེད་པའི་མཆོད་སྦྱིན་གྱི་སྒོ་འཕར་ཡངས་པོར་ཕྱེ་བའི་ངང་ཚུལ་གཟུར་གནས་སྐྱེ་བོ་ཡོངས་ཀྱིས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པ་འདི་བཞིན་ལགས་པས་རང་ཅག་གངས་ཅན་པ་རྣམས་ལ་ཆོས་དང་ཟང་ཟིང་གཉིས་ཀའི་སྒོ་ནས་བཀའ་དྲིན་ཚད་མེད་པས་བསྐྱངས།

                                   འཛམ་གླིང་ཤར་ནུབ་ཀྱི་ཡུལ་ཕྱོགས་གང་ཞིག་ཏུ་ཞབས་ཀྱི་པདྨོ་ཉེ་བར་བཀོད་པ་ན། ཡུལ་ཕྱོགས་དེ་དང་དེའི་ཆོས་ལུགས་ནང་ཁུལ་གྱི་མཐུན་ལམ། འཁོར་ཡུག་སྲུང་སྐྱོབ། ནང་སེམས་ཀྱི་བདེ་སྐྱིད་འཕེལ་བའི་ལམ་སྟོན་བཀའ་སློབ་གསུང་གི་བདུད་རྩིས་རྒྱུད་སྨིན་པར་མཛད་པའི་བཀའ་དྲིན་གྱིས་སྐྱེ་བོ་མཆོག་དམན་མཐའ་དག་གི་ནང་སེམས་ཀྱི་བདེ་སྐྱིད་འཕེལ་བའི་དབང་གིས་ཕྲག་དོག་དང་འཁོན་འཛིན་ང་རྒྱལ་སོགས་ཉོན་མོངས་རགས་པ་མངོན་གྱུར་པ་རྣམས་ལམ་སེང་ཞི་བར་མཛད་ནས་འགྲོ་རྣམས་མི་དགེ་བའི་ལམ་ལས་བཟློག་པས་འཕྲལ་ཡུན་ཀུན་ཏུ་དགེ་བའི་ལམ་ལ་སྦྱོར་བར་མཛད་པ་སོགས། མདོར་ན། མཐོང་ཐོས་དྲན་རེག་གིས་འགྲོ་བའི་དོན་མཛད་པའི་ཚུལ་ནི། མགོན་པོ་ཁྱོད་ཀྱི་ཞལ་གྱི་དབུགས་ཙམ་ཡང༌། །མཐའ་དག་འགྲོ་ལ་སྨན་པའི་རྒྱུར་འགྱུར་ན། །ཚོགས་གཉིས་སྤྱོད་པ་གཞན་ལྟ་སྨོས་ཅི་འཚལ། །ཞེས་གསུངས་པ་ལྟར་ལགས།

                                   ཞར་བྱུང༌། ལས་དང་སྨོན་ལམ་གྱི་དབང་གིས་གྲུབ་དབང་མི་བསྐྱོད་རྡོ་རྗེའི་སྐུ་ཕྲེང་རིམ་བྱོན་གྱི་མཚན་གྱི་རྟགས་འཆང་བའི་འཁོས་དམན་ཀིརྟི་སྤྲུལ་མིང་འཛིན་པ་བདག་ཀྱང་མགོན་པོ་གང་ཉིད་ཀྱི་ཞབས་ཀྱི་པདྨོ་ལ་ཉེ་བར་གཏུགས་པའི་སྐལ་བཟང་ཐོབ་པ་ནས་བཟུང་དུས་ད་ལྟའི་བར་བོང་བ་གསེར་གཟིགས་ཀྱིས་ཆོས་སྲིད་ལུགས་གཉིས་ཀྱི་སྒོ་ཀུན་ནས་བརྩེ་བས་ཉེ་བར་བསྐྱངས་ཏེ། སྨིན་བྱེད་དབང་དང་རྗེས་གནང༌། གྲོལ་བྱེད་ལུང་དང་ཁྲིད་སོགས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་བདུད་རྩིས་བླ་མེད་སྐུ་བཞིའི་རིགས་ཀྱི་ནུས་པ་ཡོངས་སུ་སྨིན་ངེས་མཛད་པའི་བཀའ་དྲིན་གྱི་ཕུང་པོ་ནི་ནམ་ཡང་གཞལ་དུ་མེད་པ་ལྟ་ཅི་སྨོས། ཐ་ན་ཆོས་དང་སྲིད་ཀྱི་ཉིན་རེའི་བྱ་བཞག་ཕྲ་མོ་ཚུན་ཆད་ཀྱི་བླང་དོར་ཇི་ལྟར་བྱ་དགོས་པའི་ལམ་སྟོན་བཀའ་སློབ་དང་ཞལ་གདམས་མཐིལ་ཕྱིན་པ་ཕ་ཡིས་བུ་ལ་ཇི་ལྟར་སློབ་པ་ལྟར་འདོམས་པར་མཛད་པའི་ཚུལ་ནི། བདག་འདྲ་རང་ལ་བརྩེ་བ་དེ་ཡང་ཁྱོད་ཐུགས་སྙིང་རྗེའི་ཆར་མི་ཕོད། །ཅེས་གསུངས་པ་ལྟར་ཐུགས་བརྩེ་བས་རྗེས་སུ་བཟུང་བའི་བཀའ་དྲིན་ནི་བདག་ཅག་སློབ་འབངས་ལྟོས་བཅས་ཀུན་གྱིས་བསྐལ་པ་བྱེ་བའི་བར་ལུས་ངག་ཡིད་གསུམ་གྱི་བཀུར་སྟི་དང་བདོག་པའི་དངོས་པོ་ཅི་འབྱོར་ཐམས་ཅད་ཀྱིས་མཆོད་ཀྱང་ཆ་ཤས་ཙམ་ཡང་གཞལ་བར་ག་ལ་ནུས།

                                        འོན་ཀྱང་བླ་མ་ལྔ་བཅུ་པ་ལས། དེ་བཞིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་ཕུལ་བ་ཉིད་དུ་འགྱུར། །དེ་ཕུལ་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཐོབ་འགྱུར། །ཞེས་གསུངས་པ་ལྟར་བསོད་ནམས་རླབས་པོ་ཆེ་སྡུད་པའི་ཕན་ཡོན་དྲན་ཞིང་ཤེས་པའི་ཡིད་ཀྱིས་དྲངས་ཏེ། སྔོན་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་ྋགོང་ས་ྋསྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་སྡོམ་པ་ཡང་དག་པར་བཞེས་པར་མཛད་ནས་མི་ལོ་ཧྲིལ་བོ་དྲུག་ཅུ་འཁོར་བའི་དུས་ཚེས་ཁྱད་པར་ཅན་གྱི་ཉིན་འདིར་ཞིང་ཁམས་རྒྱ་མཚོའི་བཀོད་པ་རིན་ཆེན་མཎྜལ་བཟང་པོས་སྣེ་དྲངས་ཏེ་བདོག་པའི་དངོས་པོ་ཅུང་ཟད་འབུལ་བ་དང་ཆབས་ཅིག བདག་ཅག་བླ་སློབ་ལྟོས་བཅས་ཀྱི་ལུས་ངག་ཡིད་གསུམ་མགོན་པོ་གང་གི་བྲན་དུ་འབུལ་ཞིང་ལུས་སྲོག་ལ་མི་ལྟ་བར་བཀའ་བཞིན་སྒྲུབ་པའི་མཆོད་པ་བྱང་ཆུབ་སྙིང་པོ་མ་ཐོབ་བར་དུ་འབུལ་བར་དམ་བཅའ་བ་དང་ཆབས་ཅིག་སྙིང་ཁོང་རུས་པའི་གཏིང་ནས་རེ་ལྟོས་འཆའ་བའི་སེམས་ཀྱིས་སོར་བཅུའི་འདབ་མ་སྤྱི་བོར་བཀོད་དེ་སླར་ཡང་གསོལ་བ་ཕུར་ཚུགས་སུ་འདེབས་པའི་སྙིང་པོ་ནི།

                                   དེ་ཡང་ཇི་སྐད་དུ། རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་ཞལ་ནས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང༌། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཅེས་གསུངས་པ་ལྟར་སྐྱེ་རྒུ་ཡོངས་ཀྱི་སྡུག་བསྔལ་དང་ཀུན་འབྱུང་གི་ནད་མ་ལུས་པ་སེལ་བའི་སྨན། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་འདོད་པའི་དོན་མ་ལུས་པ་འབྱུང་བའི་གཞི་རྩ་གཅིག་པུ། རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡུན་རིང་དུ་གནས་པ་ལ་རག་ལས་ཤིང༌། དེ་ཡང་མངོན་པ་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་དང་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་བསྟན་པ་རིན་པོ་ཆེ་འཛིན་ཅིང་སྤེལ་བར་བྱེད་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ལ་རག་ལས་ནའང༌། དུས་ངན་སྙིགས་མའི་མཐའ་ལ་གཏུགས་པའི་དབང་གིས་བསྟན་འཛིན་གྱི་སྐྱེས་བུར་གྲགས་པ་འགའ་ཞིག་ནི་བསྟན་པ་འཛིན་ནུས་པའི་ལུང་རྟོགས་ཡོན་ཏན་གྱི་ནོར་གྱིས་དབུལ། སྐྱེས་བུ་དམ་པ་འགའ་ཞིག་ནི་གདུལ་བྱའི་བསོད་ནམས་ཀྱིས་མ་འཆུན་པས་ཞིང་ཁམས་གཞན་དང་གཞན་དུ་གཤེགས་པའི་ཚུལ་བསྟན། སྐྱེས་ཆེན་དམ་པ་རེ་ཟུང་ཞལ་བཞུགས་ཤིང་འཚོ་ནའང་ལོག་སྨོན་གྱི་མཐུ་གྲུབ་པ་རྣམས་ཀྱི་གཞན་དབང་དུ་གྱུར་པས་བསྟན་འགྲོར་སྨན་པའི་མཛད་འཕྲིན་རྒྱས་པའི་གོ་སྐབས་ཤིན་ཏུ་ཞན་པ་བཅས།

                                      མདོར་བསྡུས་ན། བོད་གངས་ཅན་གྱི་ལྗོངས་སུ་དར་བའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ནི་སྣུམ་ཟད་ཀྱི་ མར་མེ་དང༌། ནད་པ་ཟུངས་ཟད་སྨན་པས་བོར་བ་ལྟར་གྱུར་པའི་ཚུལ་ནི། སློབ་དཔོན་དབྱིག་གི་གཉེན་པོས། དེ་ལྟར་ཐུབ་པ་དག་གི་བསྟན་པ་ནི། །ལྐོག་མར་སྲོག་ཕྱིན་འདྲ་དང་དྲི་མ་རྣམས། །སྟོབས་དང་ལྡན་པའི་དུས་སུ་རིག་ནས་ནི། །ཐར་པར་འདོད་པ་རྣམས་ཀྱིས་བག་ཡོད་གྱིས། །ཞེས་གསུངས་པ་ལྟར་གྱི་ངང་ཚུལ་ལ་གནས་པས་བསྟན་པ་རིན་པོ་ཆེ་འཇིག་ལ་ཉེ་བ་དང༌། བདག་ཅག་སྙིགས་མའི་དུས་ཀྱི་འགྲོ་བ་སྤྱི་དང་བྱེ་བྲག་མགོན་པོ་གང་ཉིད་ཀྱི་ཕྱག་མཚན་དུ་བཞེས་པའི་བོད་གངས་ཅན་པ་རྣམས་ཀྱིས་སྡུག་ཡུས་ངུ་འབོད་ཀྱི་ལམ་ནས་སྨྲེ་སྔགས་འདོན་ས་དང་སྡུག་བསྔལ་དེ་ལས་སྐྱོབ་པའི་རེ་བའི་མིག་འབུར་གཏོད་ཡུལ་གཅིག་པུ་ནི། རྗེ་གུང་ཐང་པའི་ཞལ་ནས། ལྷ་སྙིང་རྗེ་ཡི་གཏེར་ཆེན་ཁྱོད་མིན་པ། །ང་ཉམ་ཐག་གི་མགོན་སྐྱབས་སུ་ལ་ཞུ། །ཞེས་གསུངས་པ་ལྟར། ྋགོང་ས་ྋསྐྱབས་མགོན་ཆེན་པོ་གང་ཉིད་ལས་གཞན་དུ་མ་མཆིས་ན། སྙིགས་མ་ལྔ་བདོའི་དུས་ཀྱི་གདུལ་བྱ་བདག་ཅག་ཉོན་མོངས་པ་ཤིན་ཏུ་རགས་པའི་གདོན་གྱིས་བརླམས་པས་རྒྱུད་འདུལ་དཀའ་བ། ཕན་པའི་ལན་ལ་གནོད་པར་བརྩོན་པའི་སྤྱོད་ངན་ལོག་སྒྲུབ་མཁན། དམ་ཉམས་འཁོས་དམན་བདག་ཅག་ནི། ཇི་སྐད་དུ། བཞི་བརྒྱ་པ་ལས། ཁྲོ་ཡང་འབྱུང་བོས་བཟུང་བ་ལ། །སྨན་པ་འཁྲུག་པ་མིན་དེ་ལྟར། །ཐུབ་པས་ཉོན་མོངས་དག་གཟིགས་ཀྱི། །ཉོན་མོངས་དང་འབྲེལ་གང་ཟག་མིན། ། ཞེས་གསུངས་པ་ལྟར་གདོན་གྱིས་བརླམས་པའི་ནད་པས་མི་རིགས་པའི་ལོག་སྒྲུབ་ཇི་བྱས་ཀྱང༌། དེ་ལ་ཁྲོ་བར་མི་མཛད་པར་གདོན་དང་འཕྲལ་ཅི་ཐུབ་མཛད་པ་བཞིན་དུ། བདག་ཅག་སློབ་འབངས་རྣམས་ཀྱིས་ཁས་བླངས་པའི་དམ་ཚིག་དང་ཡང་ནས་ཡང་དུ་འགལ་ཞིང་ སྡིག་པ་ལ་ཤེས་བཞིན་དུ་སྤྱོད། ངན་སྤྱོད་རྒྱན་དུ་ངོམ་ཞིང། སྤྱི་དོན་རིས་སུ་བོར་བ་སོགས་ལོག་སྒྲུབ་དང་མཐོ་འཚམ་པའི་སྤྱོད་ངན་ཅི་ཙམ་བྱས་པ་དེ་ཙམ་གྱིས་མེ་ལ་བུད་ཤིང་བསྣན་པ་བཞིན་རིང་ནས་གོམས་པའི་ཐུགས་བརྩེ་བ་སྙིང་རྗེ་ཆེན་པོ་ལྷག་པར་འཕེལ་བའི་རྐྱེན་དུ་བསྒྱུར་ནས་ཐུགས་བསྐྱེད་དང་སྙིང་སྟོབས་ཀྱི་གོ་ཆ་བླ་ལྷག་ཏུ་བཞེས་དགོས།

                                      ངེས་པ་དོན་དུ་ན། འཆི་མེད་ཞི་བའི་གནས་ཐོབ་ནས། །འཆི་བདུད་རྒྱུ་བ་མེད་པའི་ཕྱིར། །ཞེས་གསུངས་པ་ལྟར་དུས་རིང་མོ་ཞིག་ནས་བདུད་བཞི་ཕྲ་རགས་ཀྱི་གཡུལ་ལས་རྒྱལ་བའི་མི་ཤིགས་རྡོ་རྗེའི་སྐུ་བརྙེས་སུ་ཟིན་ནའང༌། གདུལ་བྱ་ཐ་མལ་བའི་སྣང་ངོར་ཤར་བའི་གཟུགས་སྐུའི་བཀོད་པ་འདིར་ཡང་བགྲེས་རྒུད་དང༌། ལྷག་པར་རྡོ་རྗེ་གདན་དུ་སྐུ་ཡི་འབྱུང་བཞི་འཁྲུག་པའི་སྐུའི་བསྙུན་ཚུལ་བཞེས་པ་འདི་ལྟ་བུ་དང༌། སྤྱི་དོན་རིས་སུ་བོར་ཞིང་བླང་དོར་ལ་ལོག་པར་སྤྱོད་ནས་དམ་ཚིག་དང་འགལ་བའི་བརླང་པོའི་སྤྱོད་པར་ཐུགས་སུན་པ་སོགས་ཀྱི་ཚུལ་བསྟན་གྱི་ཆ་ཕྲ་མོ་ཙམ་དུས་ནམ་གྱི་ཚེ་ཡང་མི་བཞེས་པར་ངེས་དོན་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་སྐུ་ཚེ་ཞབས་པད་བསྐལ་པ་ཁྲི་ཕྲག་ནས་ཁྲི་ཕྲག་བར་བརྟན་པར་བཞུགས་པ་དང༌། དྲང་དོན་གདུལ་བྱ་ཐ་མལ་བའི་སྣང་ངོར་དགུང་གྲངས་དགུ་བཅུ་རྩ་གྲངས་སམ་བརྒྱ་ཕྲག་བརྒལ་པའི་བར་བཞུགས་པའི་ཞལ་བཞེས་ཡང་ནས་ཡང་དུ་མཛད་པ་བཞིན་དོན་ལ་མ་གནས་ན། མི་བཟད་སྙིགས་མའི་ངང་ཚུལ་འདི་འདྲ་འཕགས་པས་བཏང་སྙོམས་མཛད་ལགས་ན། །སྔོན་གྱི་ཐུགས་དམ་དེ་ཡིས་ཅི་འཚལ་འབངས་རྣམས་སུ་ཞིག་སྐྱོབ་ལགས་ཏེ། །ཞེས་གསུངས་པ་ལྟར་བདག་ཅག་གངས་ཅན་པ་རྣམས་སྡུག་བསྔལ་མི་བཟོད་པའི་གཡང་ཁར་དམུས་ལོང་དམིགས་བུས་བོར་བ་བཞིན་དུ་བསམ་བཞིན་བསླུས་པར་གྱུར་པ་དང་མཚུངས་པས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་ཆེས་སྙིགས་མ་སྔ་བདོའི་དུས་འདིར་བསྟན་འགྲོའི་དོན་མཛད་པར་ཞལ་གྱིས་བཞེས་པའི་ཐུགས་བསྐྱེད་དམ་བཅའ་དང་འགལ་བར་འགྱུར་བར་མ་ལགས་སམ།

                                    ྋསྐྱབས་མགོན་དམ་པ་གང་ཉིད་ནི། དམན་ལ་ལྷག་པར་བརྩེ་བའི་ཐུགས་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པ་དང༌། གཞིས་བྱེས་བོད་མི་སེར་སྐྱ་སྤྱི་དང་ལྷག་པར་དེ་རིང་གི་སྐབས་སུ་བབས་པ་བདག་ཅག་སློབ་འབངས་རྣམས་ཀྱི་སྙིང་ཁོང་རུས་པའི་གཏིང་ནས་རྩེ་གཅིག་ཏུ་གསོལ་བ་བཏབ་པའི་རྐྱེན་གྱིས་བསྐུལ་བ་དང༌། བདག་ཅག་དཔོན་སློབ་གཞིས་བྱེས་གཉིས་ཀྱི་སེར་སྐྱ་མང་ཚོགས་ནས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དང་བོད་འབངས་སྤྱིའི་བསོད་ནམས་འཕེལ་བའི་ཆེད་དུ་དམིགས་ནས་མཎི་དུང་ཕྱུར་བཞི་བརྒྱ་དང་དོན་དགུ་བྱེ་བ་དགུ་ས་ཡ་དྲུག་དགུ་འབུམ་ཉིས་ཁྲི་ལྷག་གྲངས་སོགས་ཀྱིས་མཚོན་པའི་རྣམ་དཀར་དགེ་བའི་ལས་ཅི་དང་ཅི་བསགས་པ་ཐམས་ཅད་ཀྱི་འབྲས་བུ་དུས་སུ་སྨིན་པར་འགྱུར་བ་དང༌། ཕྱོགས་བཅུའི་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་དང༌། འཆི་མེད་ཚེའི་རིག་འཛིན་བརྙེས་པའི་ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པ་རྣམས་དང༌། བསྟན་ལ་མངོན་པར་དགའ་བའི་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་མཐུ་བོ་ཆེ་རྣམས་ཀྱིས་མགྲིན་གཅིག་དབྱངས་གཅིག་གིས་ྋསྐྱབས་མགོན་དམ་པ་གང་ཉིད་སྙིགས་མའི་དུས་ཀྱི་འགྲོ་བ་ཉམ་ཐག་པ་རྣམས་ཀྱི་མགོན་དང་སྐྱབས་སུ་འཇིག་རྟེན་གྱི་ཁམས་འདིར་སྐུ་ཚེ་ཡུན་རིང་དུ་འཚོ་ཞིང་གཞེས་པར་གྱུར་ཅིག ཅེས་ཤིས་པར་བརྗོད་པའི་བདེན་ཚིག་དབྱངས་སུ་བསྒྲགས་པ་བཅས་ཀྱི་རྟེན་འབྲེལ་བཟང་པོ་འཛོམས་པ་ནི། ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་སྨིན་པ་ཉིད་དུ་འགྱུར། །ཞེས་གསུངས་པ་ལྟར་དེ་རིང་གི་དུས་འདིར་རྟེན་འབྲེལ་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་འདི་དག་འཛོམས་པ་ལ་བརྟེན་ནས་གདུལ་བྱ་ཐུན་མོང་བའི་སྣང་ཚོད་དུའང་སྐུ་ཚེ་ཞབས་པད་བགྲང་བྱ་བརྒྱ་ཕྲག་ལྷག་བརྒལ་པའི་བར་བཞུགས་པའི་འགྱུར་མེད་རྡོ་རྗེའི་ཚིག་གི་ཞལ་བཞེས་བཟང་པོ་སླར་ཡར་སྤྱི་བོའི་མཛེས་རྒྱན་དུ་སྩོལ་བ་མཁྱཻན། མཁྱཻན་ཅེས་གསོལ་བ་འདེབས་པ་དང༌།

                                         ཞར་བྱུང༌། འདིར་ཚོགས་བླ་སློབ་སེར་སྐྱ་ཡོངས་ལ་འབྲེལ་ཐོགས་པའི་སེམས་ཅན་ཚེ་ལས་འདས་ཚད་རྣམས་འཁོར་བ་སྤྱི་དང་བྱེ་བྲག་ངན་འགྲོའི་འཇིགས་པ་ལས་གྲོལ་ཏེ། མཐོ་རིས་དང་ཐར་པའི་གོ་འཕང་མྱུར་དུ་ཐོབ་པ་དང༌། ལྟོས་བཅས་ཚེ་དང་ལྡན་པ་རྣམས་ཀྱི་མི་འདོད་པའི་ཉེར་འཚེ་ཡོད་རིགས་ཞི་ནས་ཆོས་མཐུན་གྱི་བསམ་དོན་ཡིད་བཞིན་དུ་འགྲུབ་ནས་འགྲོ་རྣམས་སེམས་མཐུན་རྣམ་དཀར་གྱི་ལས་ལ་གཞོལ་བ། ཕ་ཡུལ་གྱི་གདན་ས་གོང་འོག་གིས་མཚོན་ཞྭ་དམར་སེར་གྱི་གྲུབ་སྡེ་བཅོ་བརྒྱད་དུ་གྲགས་པ་སོགས་ཀྱིས་གཙོས་ཆོས་བརྒྱུད་རིས་མེད་ཀྱི་དགོན་མ་ལག་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བའི་ངོས་ནས་བཤད་སྒྲུབ་ཀྱི་བྱ་བ་རྣམས་ལ་ཆོས་མིན་དུ་སྤྱོད་པའི་མི་མཐུན་སྒྲ་གཅན་གྱི་འཇིགས་པ་ལས་མྱུར་དུ་གྲོལ་ནས་ཟླ་བ་ཡར་ངོ་བཞིན་འཕེལ་ཞིང་རྒྱས་པར་འགྱུར་བ་དང༌། སྒོས་ཀྱི་བཀའ་སྲུང་སྲོག་བདག་རྡོ་རྗེ་དཔའ་བོ་རྩལ་གྱིས་གཙོས་གུས་པའི་སྐུ་ཕྲེང་གོང་མ་རིམ་བྱོན་ནས་བཀའ་བསྒོས་དམ་བཞག་མཛད་པའི་སྲུང་མ་དང་ཡུལ་ལྷ། གཞི་བདག ས་བདག་ཀླུ་གཉན་སོགས་དཀར་ཕྱོགས་ལ་མངོན་པར་དགའ་བ་རྣམས་ཀྱི་མཐུ་སྟོབས་གཟི་བྱིན་ཉམས་པ་སླར་གསོས་ཏེ་ཆོས་མཐུན་གྱི་སྡོང་གྲོགས་དང་འཕྲིན་ལས་གཡེལ་བ་མེད་པར་དུས་རྟག་ཏུ་སྒྲུབ་ཐུབ་པའི་ནུས་པ་དང་ལྡན་པར་འགྱུར་བ་དང༌། གངས་ལྗོངས་སྤྱི་དང་བྱེ་བྲག་འབྲེལ་ཐོགས་ལྟོས་བཅས་ཞིང་འབྲོག་གི་ཡུལ་ཁམས་ཀུན་ཏུ་ནད་ཡམས། འཁྲུག་རྩོད། སད་སེར་ཐན་པ། གཞན་དབང་དང་ཁྲིམས་ཀྱིས་མནར་བའི་འཇིགས་པ་སོགས། མདོར་ན་སྣོད་བཅུད་ཀྱི་རྒུད་ཚོགས་མཐའ་དག་ལྷག་མེད་དུ་ཞི་ནས། ཆར་ཆུ་དུས་སུ་འབབ་པ། ལོ་ཕྱུགས་རྟག་ཏུ་ལེགས་པ་སོགས་བདེ་སྐྱིད་རྫོགས་ལྡན་གསར་བའི་དཔལ་ལ་མྱུར་དུ་ལོངས་སྤྱོད་པར་འགྱུར་བ།

                                          མདོར་ན། བདག་སོགས་ལྟོས་བཅས་མཐའ་དག་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་འབྲལ་མེད་མཉེས་བཞིན་རྗེས་སུ་འཛིན་པ་དང༌། ཐུན་མོང་གདུལ་བྱའི་སྣང་ངོར་སྐུ་ཚེ་ཞབས་པད་བགྲང་བྱ་བརྒྱ་ཕྲག་བརྒལ་བའི་བར་དུ་བརྟན་པར་བཞུགས་པའི་ཞལ་བཞེས་བཟང་པོ་སླར་ཡང་སྤྱི་བོའི་མཛེས་རྒྱན་དུ་སྩོལ་བར་མཁྱཻན། མཁྱཻན། མཁྱཻན་ཅེས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ལགས། །

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.