དུས་རབས་ལ་ཕྱོགས་པའི་གསུང་གི་མཛད་རྗེས།
སྟག་ལུང་ཤེས་རབ་རྒྱ་མཚོ།
༄༅།། དེ་ཡང་༸འཕགས་མཆོག་ཕྱག་ན་པདྨོ་གསུམ་ལྡན་༸ངུར་སྨྲིག་འཛིན་པ་གང་གི་ཞལ་གྱི་བུམ་བཟང་ལས། ༸རོང་ཆེན་བསྟན་པའི་སྒྲོན་མེ་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་ནས་གཞིས་བྱེས་གཉིས་ཀར་སྤྱི་སྒོས་ཆོས་སྲིད་ཀྱི་ཞབས་འདེགས་ཧུར་སྐྱེད་ཞུས། ཞེས་གསུངས་པ་ལྟར། གངས་རི་ར་བས་ཡོངས་སུ་བསྐོར་པའི་བསིལ་ལྡན་ཁ་བ་ཅན་གྱི་བསྟན་སྲིད་སྤྱི་དང་ཡང་སྒོས་ཆོས་དང་རིག་གཞུང་རྨེག་མེད་དུ་བཅོམ་པའི་གཉན་འཕྲང་ཅན་གྱི་དུས་འདིར།
བོད་འབངས་ཡོངས་ཀྱི་མགོན་སྐྱབས་གཅིག་པུ། ༸ལྷ་སྐལ་གྲུ་འཛིན་བདག་པོའི་ཐུགས་ཀྱི་བཞེད་དགོངས་མཐའ་དག་མཐིལ་དུ་བཟུང་ནས་བཀའ་བཞིན་སྒྲུབ་པའི་བཀའ་ཡི་བློན་པོ་མདུན་ན་འདོན་གནང་སྟེ། རྟག་ཏུ་ཆོས་དང་རིག་གཞུང་ཉམས་པ་སོར་ཆུད་ཀྱི་ཐུགས་བསྐྱེད་བརྟན་ཞིང། ཀུན་ཁྱབ་ཀྱི་བྱམས་བརྩེས་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་བདེའི་འཕྲིན་ལས་སྐྱོང་བའི་བཀའ་དྲིན་མཚུངས་མེད། ༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་ཉིད་ཀྱིས་སྐུ་ཚེའི་ཉམས་མྱོང་དང་མཁྱེད་དཔྱོད་ཀྱི་དཔལ་ཡོན་རྣམས་མི་རབས་རྗེས་མའི་ནོར་སྐལ་དུ་ཡིག་འཇོག་མཛད་པའི་བཀའ་རྩོམ་ཁོ་བོས་མཐོང་ཐོས་སུ་གྱུར་པ་པོ་ཏི་བཅུ་ཕྲག་དགུ་ལྷག་བཞུགས་པ་ལས། དེ་རིང་༸ཁོང་རིན་པོ་ཆེ་མཆོག་ཕྱི་ལུགས་དགུང་གྲངས་དོན་དྲུག་ལ་ཕེབས་པའི་སྐུའི་འཁྲུངས་ཚེས་བཀྲ་ཤིས་དཔལ་གྱི་ཉིན་མོར། མཛད་པ་ཐམས་ཅད་ལས་ཆེས་མཆོག་ཏུ་གྱུར་པ་གསུང་གི་མཛད་རྗེས་འགའ་གླེང་བའི་ངལ་བ་ལྷུར་ལེན་པར་སྤྲོ་སེམས་རབ་ཏུ་འཁོལ།
སྙན་སྒྲོན་བཅུ་གསུམ།
དུས་ཀྱི་རྒུད་པའི་སྨག་རུམ་ལས་ཆོས་ལུགས་དུག་བཞིན་བརྩི་བའི་ཡ་ང་བའི་དུས་ཀྱི་འཕོ་འགྱུར་ཁྲོད་ཆོས་དང་རིག་གཞུང་དེ་འཛིན་དང་བཅས་པར་ཉམས་ཉེས་ཚབས་ཆེན་བྱུང་རྗེས། རྒྱལ་བསྟན་སླར་གསོའི་སྐབས་དགོན་སྡེ་མང་པོར་འབུད་རྡུང་དཀྲོལ་གསུམ་དང་། དཀར་ཐིག་དབྱངས་གསུམ་གྱིས་མཚོན་ཆོ་ག་ཕྱག་ལེན་གྱི་སྒྲུབ་ཐབས་ཙམ་ལ་བརྩོན་པ་ལས། དོན་དམ་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ལ་བསླབ་པ་སློབ་གཉེར་གྱིས་བཤད་སྒྲུབ་ལྷུར་བླངས་ནས་འཆད་ཉན་ཕུན་སུམ་ཚོགས་པ་ཞིག་ཤིན་ཏུ་དཀོན་པའི་གནས་སུ་གྱུར་ཏེ། ཐུབ་པའི་བསྟན་པ་རིན་པོ་ཆེ་འཕེལ་ཕྱོགས་ལ་གཟུགས་བརྙན་གྱི་སྣང་ཤས་ཆེ་བའི་སྐབས།
༸རིན་པོ་ཆེ་མཆོག་གིས་རྒྱལ་བསྟན་འཛིན་སྐྱོང་ཡུལ་སྲོལ་ལྟ་བུའི་མཐའ་རུ་ལྷུང་བའི་རྣམ་པ་གཟིགས་ཏེ། དགེ་འདུན་པ་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་རྩ་བར་བཟུང་སྟེ། ཞི་དུལ་བག་ཡོད་ངང་བསླབ་གསུམ་ཇི་ལྟར་ཉམས་བཞེས་མཛད་ཚུལ་གྱི་གོ་རིམ་མ་འཆོལ་བ། དགོན་སྡེ་སོ་སོའི་འཛིན་སྐྱོང་མཛད་འགན་བཞེས་པའི་ཁྲི་བ་དང་མཁན་པོ། དགེ་བསྐུལ། དབུ་མཛད་ཀྱིས་མཚོན་པའི་ལས་ཀྱི་སྣེ་མོ་བ་བསྐོ་བཞག་དང་འཛིན་སྐྱོང་ཇི་ལྟར་གནང་དགོས་ཚུལ། སྤྱི་ཐབ་ནས་དམར་ཟས་སྤངས་ཤིང་དཀར་སྐྱོང་གནང་དགོས་པ་སོགས་དམ་པའི་ཆོས་འདུལ་བའི་དགོངས་དོན་དང་ཡོངས་སུ་མཐུན་པའི་སྙན་སྒྲོན་བཅུ་གསུམ་སྔ་ཕྱི་མཛད་པས།
གཞན་དཔེར་འོས་པའི་རྒྱལ་བསྟན་དག་ཐེར་གྱི་རླབས་ཆེ་བའི་འཕྲིན་ལས་དེས། བོད་ཀྱི་དགོན་སྡེ་མང་པོར་ལེགས་བཅོས་ཀྱི་ལམ་སྣེ་བསྟན་ཡོད་པ་ནི་གཟུར་གནས་བློ་གྲོས་དང་ལྡན་པ་དག་གིས་ཡང་ཡང་གླེང་ལ།
སྔ་འགྱུར་བསྟན་པའི་གསལ་བྱེད་༸མཁན་ཆེན་དམ་པ་འཇིགས་མེད་ཕུན་ཚོགས་མཆོག་གིས་ཀྱང། ཁོང་གི་སྙན་སྒྲོན་བཅུ་གསུམ་ཅན་དེར་ཐེངས་གཅིག་མཇལ་བས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལྷན་ཅིག་ཏུ་འཚོགས་ཏེ་ཐུགས་གྲོས་མཛད་ཀྱང་འདི་ལས་ལྷག་པ་ཇི་ལྟར་གསུངས་སྙམ་དུ་དགའ་དད་བླ་ན་མེད་པ་བྱུང། ཞེས་གསུངས་པ་སོགས་སྐྱེས་ཆེན་དམ་པ་མང་པོས་བསྔགས་བརྗོད་ཀྱི་མེ་ཏོག་ཕོན་པོ་གཏོར།
གནའ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ལ་དཔྱད་པ་དྭངས་གསལ་མེ་ལོང།
སྤྱིར་ལོ་རྒྱུས་ཞེས་པ་ཕྱི་ནང་སྣོད་བཅུད་ཀྱི་དངོས་པོའི་བྱུང་འཕེལ་བརྗོད་བྱར་བྱས་ཏེ། ཕྱི་རང་བྱུང་ཁམས་ཀྱི་བཀོད་པ། ནང་སྤྱི་ཚོགས་ཀྱི་འཕོ་འགྱུར། ཡུལ་སྲོལ་གོམས་གཤིས། སྐད་ཡིག་རིག་གནས། རྒྱལ་སྲིད་དམག་དོན་སོགས་འདས་དོན་ཇི་བཞིན་ཡེ་གེར་བཀོད་པ་ལ་བཤད་ཆོག་སྙམ།
དུས་རབས་བདུན་པ་ནས་ཉེར་གཅིག་པའི་བར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་མང་ཡང་ཕལ་ཆེ་བར་དམ་པའི་ཆོས་ཀྱི་བྱུང་བ་གཙོ་བོར་བརྗོད་པ་ལས། རྒྱལ་རབས་སོ་སོས་ཆབ་སྲིད་ཇི་ལྟར་སྐྱོང་བའི་རྣམ་གཞག་གསལ་རྗེན་དུ་གླེང་བ་ཤིན་ཏུ་དཀོན་པས། བོད་ཀྱི་ལོ་རྒྱུས་བྱུང་རབས་ལ་ཐུན་མོང་གི་འཚོ་བ་དངོས་དང་ཁ་ཐག་རིང་བའི་སྒྲུང་གི་རྣམ་པ་ཤུགས་ཆེ་བ་དང། རྒྱལ་རབས་རྒྱལ་རྒྱུད་ཀྱི་མཆེད་ཁུངས། རྒྱལ་པོ་སོ་སོའི་འཁྲུངས་འདས་ཀྱི་ལོ་ཚིགས་སོགས་མཁས་པའི་བཞེད་པ་གཅིག་མཐུན་ཞིག་དཀོན་ཞིང། དོགས་གནས་གསེད་བཀྲོལ་དཀའ་བ་རྣམས་བམ་བཤད་ཀྱིས་མཇུག་སྒྲིལ་བ་སྟེ་ལོ་རྒྱུས་ཀྱི་ངོས་ནས་ཁ་གསབ་དགོས་པའི་སྟོང་ཆ་མང་པོ་ལྷག་ཡོད་པས།
༸རིན་པོ་ཆེ་མཆོག་གིས་གནའ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ལ་དཔྱད་པ་དྭངས་གསལ་མེ་ལོང་ཞེས་པ་མཛད་དེ། བོད་ཀྱི་ལོ་རྒྱུས་སྤྱི་དོན་རྒྱས་བཤད་ཀྱི་ཡིག་འཇོག་དོར་ནས། རྩོད་གཞིའི་གནས་སུ་གྱུར་པ་བྱེ་བྲག་གི་རྣམ་གྲངས་དུ་མ་ལོ་རྒྱུས་ཞིབ་འཇུག་གི་ཁ་ཕྱོགས་བཟུང་སྟེ། རྒྱལ་པོ་གྲི་གུམ་བཙན་པོ་བློན་པོ་ལོ་ངམ་གྱིས་བགྲོངས་པའི་བཞེད་ཕྱོགས་ལའང། ཆོས་ལུགས་འཐབ་རྩོད་ཀྱི་དབང་གིས་བོན་བློན་ཚོས་དགྲོང་ཚུལ་གཏན་ཚིགས་དང་བཅས་གསུངས་ཤིང། གནམ་རི་སྲོང་བཙན་ཡབ་སྲས་འཁྲུངས་འདས་ཀྱི་ལོ་ཚིགས་དང། ཆབ་སྲིད་ཀྱི་གནས་བབས། མངའ་ཐང་རྒྱ་བསྐྱེད། ཆབ་དཔལ་རིག་གསུམ། དམག་དོན་སྟོབས་ཤུགས་སོགས་དང་འབྲེལ་བའི་ལོ་རྒྱུས་ཡིག་ཚང་ནང་བསྐལ་དོན་དུ་སོང་རིགས་འགའ་དབྱེ་ཞིབ་ཀྱིས་གལ་གནད་ཀྱི་ཆ་རེ་རེ་ལ་ཡང་བོད་ཀྱི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཚགས་རྙིང་པ་རྣམས་དང་། རྒྱ་དཀར་ནག བལ་ཡུལ་བཅས་རྒྱལ་ཁབ་དང་མི་རིགས་གཞན་གྱི་ལོ་རྒྱུས་སུ་གསལ་བ་རྣམས་ཀྱང་གུང་བསྒྲིགས་པའི་དཔྱད་ཞིབ་ཕྲ་བར་མཛད་པ་འདིས། བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོར་ཐེ་ཚོམ་དང་དོགས་གཞིའི་རབ་རིབ་ཀྱི་མུན་པར་སྣང་བའི་སྒྲོན་མེ་ཞིག་སྦར་ཡོད་ལ།
བཀའ་བརྒྱུད་བསྟན་པའི་གསལ་བྱེད་༸དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེས་ཀྱང། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེས་ཆོས་སྲིད་ཀྱི་འཕྲིན་ལས་སྐྱོང་བའི་མཛད་ཞོར་ལ་ལྗགས་རྩོམ་གནང་བའི་གནའ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ལ་དཔྱད་པ་དྭངས་གསལ་མེ་ལོང་ཞེས་པ་པར་བསྐྲུན་ཞུས་པའི་དོན་སྙིང་ལྡན་པའི་ལས་དོན་ལ་བསྔགས་བརྗོད་ཡོད། ཅེས་གསུངས་པ་སོགས་བོད་ཀྱི་འདས་མ་ད་གསུམ་ལ་ཞེན་པ་དཀར་པོས་དོ་སྣང་དང་ཐུགས་ཁུར་གནང་བའི་སྐྱེས་ཆེན་མང་པོས་གཟུར་གནས་ཀྱིས་བསྔགས་པ་མཛད།
དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ།
མདོ་སྨད་པ་མཁས་དབང་དགེ་འདུན་ཆོས་འཕེལ་ནི་དུས་རབས་ཉི་ཤུ་པའི་ནང་ལ་བྱོན་པའི་བོད་ཀྱི་ཚབ་མཚོན་རང་བཞིན་གྱི་བསམ་བློ་པ་དང་མཁས་དབང་ཡོངས་སུ་གྲགས་པ་ཞིག་ཡིན། ཁོང་གི་སྐུ་ཚེའི་བརྒྱུད་རིམ་ཁྲོད་ཚན་རིག་པ། གསར་བརྗེ་པ། པཎྜིཏ། ལོ་ཙ་བ། ལྟ་ལོག་པ། དམར་པོའི་རང་ལུགས་པ་སོགས་ངོས་སོ་སོ་ནས་མཐོང་སྣང་དང་ལྟ་ཚུལ་འདྲ་མིན་གྱིས་དགག་སྒྲུབ་ཀྱི་དཔྱད་གླེང་སྣ་ཚོགས་པ་ད་ལྟའང་བྱུང་མུས་ཡིན་མོད། འོན་ཏེ་སྤྱི་ཚོགས་ཀྱི་གནས་བབས་དང་མི་སྣའི་བྱས་ཉེས་སོགས་ངོས་འཛིན་གསལ་པོ་མེད་པར། གནད་ལ་ཁེལ་བའི་གསེད་དཀྲོལ་བོར་ནས་ཟེར་སྒྲོས་ཙམ་ལ་དཔྱད་ཁུལ་བྱས་པ་རང་ཉིད་ངལ་བའི་རྒྱུ་ལས་དམ་པ་ཁོང་གི་ལོ་རྒྱུས་དངོས་ཞིབ་འཇུག་དོན་སྨིན་ཞིག་འོང་དཀའ་བས།
༸རིན་པོ་ཆེ་མཆོག་གིས་མཁས་དབང་དགེ་འདུན་ཆོས་འཕེལ་ལ་འདྲིས་ཆེ་ཞིང་རྒྱུས་ཡོད་པའི་རྒན་རབས་པ་འཚོ་ཞིང་བཞུགས་མུས་རྣམས་ལ། ཁོང་གི་སྐུ་ཚེའི་ཐོག་མཐའ་བར་གྱི་བྱུང་བ་མཐའ་དག་རྩད་གཅོད་ཞིབ་འདྲིའི་ལམ་ནས། ཁོང་སྙན་གྲགས་ཇི་ལྟར་བྱུང་བ་དང། ཐུགས་ཀྱི་དགོངས་ཚུལ། སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ། རྒྱལ་ཁབ་ཕྱི་ནང་དུ་ཕེབས་བཞུད། ཆོས་དང་ཆབ་སྲིད་ཀྱི་ལྟ་བ་བཅས་ཀྱི་གལ་གནད་ལས་བརྩམས་ཏེ་ཞིབ་འཇུག་ཕྱོགས་བསྡོམས་ཀྱི་ཚུལ་དུ་དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ་ཞེས་པ་མཛད་པར་བོད་ཕྱི་ནང་གི་ཤེས་ལྡན་པ་མང་པོས་གལ་ཆེའི་གནད་ཚང་ཞིང། གཏན་ཚིགས་ཀྱི་ཁུངས་བཙུན་པ། དཔྱད་ཐབས་ངོས་གཙང་བ་སོགས་མཁས་དབང་དགེ་འདུན་ཆོས་འཕེལ་ཞིབ་འཇུག་གི་ལེའུ་གལ་ཆེན་ཞིག་གི་དབུ་འབྱེད་གནང་བར་ངོས་འཛིན་ཐོབ་ཡོད་ལ།
འཁོན་རིགས་བསྟན་པའི་གསལ་བྱེད་༸ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེས་ཀྱང། ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་གསུངས་ཁྲོད་ནས་དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ་སྔར་མེད་ལོ་རྒྱུས་ཀྱི་རེའུ་མིག་གསར་བ་ཞིག་གི་སྣང་བ་འབྱེད་དེ། ཕྱི་ནང་མི་རིགས་ཀྱི་དོན་གཉེར་ཅན་གྱི་སྐྱེ་བོ་སྤྱི་དང། ཕྱི་རབས་མཁས་དབང་གང་གི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ཞིབ་འཇུག་དང་དོ་སྣང། ཡིད་བརྟན་འཕེར་བའི་ཚད་མཐོའི་གདེང་འཇོག་ངེས་ཅན་ཞིག་ཐོབ་པའི་རེ་བ་བཅས། ཞེས་གསུངས་པ་བཞིན་མཁས་དབང་མང་པོས་ཚད་མཐོའི་གདེངས་འཇོག་བྱས་པས་མི་རིགས་གཞན་གྱི་སྐད་ཡིག་ལའང་ཕབ་སྒྱུར་ཞུས་ཏེ་རྒྱ་ཁྱབ་ཏུ་ཕྱིན།
ཉམས་མྱོང་རྒན་པོའི་བསླབ་བྱ་སོ་གཉིས།
འཛམ་གླིང་ཤར་ནུབ་གང་སར་མི་རྣམས་འདོད་རྔམས་ཆེ་དྲགས་པས། མགོ་གཡོག་རྫུན་བསྐོར་དང། ལྐོོག་ཟ་རུལ་སུངས། རྐུ་ཇག་ཆམ་གསུམ། བཙན་གཡེམ་སོགས་སྤྱི་ཚོགས་བདེ་འཇགས་ལ་གནོད་རིགས་དེ་དག་སྤང་ལ་མེ་མཆེད་པ་ལྟར་གང་སར་རྒྱ་ཁྱབ་ཏུ་འགྲོ་བཞིན་པ་འདི། མི་རྣམས་ཀྱིས་རང་གི་མི་ཚེའི་རིན་ཐང་ལྟ་ཚུལ་ལ་ཡང་དག་པའི་ངོས་འཛིན་མ་ཐོབ་པས་ལན་པ་ཡིན།
རང་རེའི་ནོར་འཁྲུལ་མཐའ་དག་ཆགས་སྡང་རྨོངས་གསུམ་གྱི་དབང་དུ་ཤོར་བར་ཤེས་ནས་ཉེས་སྐྱོན་ལས་ལྡོག་པའི་ཐབས་ལ་འབད་དེ། སྐྱེ་འགྲོ་ཐམས་ཅད་བདེ་སྒྲུབ་སྡུག་འདོར་གྱི་ཐོབ་ཐང་འདྲ་མཉམ་ཡིན་པའི་འདུ་ཤེས་འཁྲུངས་ནས་གཞི་རྩའི་བསམ་བློ་རིམ་གྱིས་མཐོར་འདེགས་བྱས་ན། མི་སྡེའི་སྤྱི་ཚོགས་འདིར་དོན་དམ་པའི་ཞི་བདེ་སྔ་ན་མེད་པ་ཞིག་བསྐྲུན་རྒྱུ་གདོན་མི་ཟ་བས།
༸རིན་པོ་ཆེ་མཆོག་གིས་འགྲོ་བ་མིའི་བྱམས་བརྩེ་དང་ཀུན་སྤྱོད་གོང་མཐོར་འདེགས་པ་ལ། ཆོས་ལུགས་དང་གྲུབ་མཐར་རག་ལས་པའི་ལྟ་ཚུལ་རྐྱང་པ་ཙམ་མ་ཡིན་པར་འཇིག་རྟེན་མི་ཆོས་རིག་གནས་ལ་འབྲེལ་བ་ཟབ་པའི་མཛུབ་ཁྲིད་རྩལ་དུ་བཏོན་ཏེ། ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་བརྗོད་བྱར་བཟུང་ནས་ཉམས་མྱོང་རྒན་པོའི་བསླབ་བྱ་སོ་གཉིས་ཞེས་པ་མཛད།
བསྟན་བཅོས་འདིས་དགེ་སྡིག་ངོ་སྤྲོད་དང། སྤང་བླང་གི་རྣམ་བཞག དམ་པའི་ཆོས་ཀྱི་གོ་དོན། འཇིག་རྟེན་མི་ཡི་འགྲོ་ལུགས། ཤེས་ཡོན་སློབ་གསོ། ཁོར་ཡུག་སྲུང་སྐྱོབ། དཔལ་འབྱོར་གོང་འཕེལ་གཏོང་སྟངས་སོགས་བསྟན་དོན་རྒྱ་ཆེ་ལ། གསུང་གི་འགྲོས་གོ་སླ་བས་རྒྱ་ཆེའི་གཞི་རིམ་མང་ཚོགས་ལ་ཤིན་ཏུ་སྨན་པས། བོད་ཕྱི་ནང་གཉིས་ནས་ཐེངས་དུ་མར་བསྐྱར་དཔར་དང། སློབ་གྲྭ་འགའི་སློབ་ཚན་ལ་ཡང་བཞག་པར་གྲགས་ཤིང། མི་རིགས་གཞན་གྱི་སྐད་ཡིག་ཏུའང་ཕབ་སྒྱུར་གྱིས་ཡུལ་གྲུ་གང་སར་ཕན་བདེའི་འཕྲིན་ལས་རྒྱས་བཞིན་ཡོད།
བཅའ་ཡིག་བློ་གསལ་འཇུག་ངོགས།
དགེ་འདུན་པའི་སྡེ་ཐམས་ཅད་ལ་ཐུན་མོང་གི་བགོ་སྐལ་དུ་བབས་པ་ནི། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན། ལམ་བསླབ་པ་གསུམ་གྱི་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བ་དེ་ཡིན་ནའང། གནང་བཀག་གི་སྒྲིག་གཞི་ཚད་ལྡན་ཞིག་མེད་ཚེ། ལས་སུ་བྱ་བ་དེ་ལྟ་བུར་ཞུགས་དཀའ་ཞིང་ཐུགས་མཐུན་ཁྲིམས་གཙང་གི་འདུས་སྡེའི་འཛིན་སྐྱོང་འཐུས་སྒོ་ཚང་བ། དགེ་འདུན་པ་སྤུས་གཙང་ཞིང་དང་བ་འདྲེན་པའི་མིག་གི་རྒྱན་ཞིག་དེ་བས་ཀྱང་འོང་དཀའ་བར་མ་ཟད། དེ་ལས་ལྡོག་སྟེ་ཁྱིམ་པ་སུན་བྱུང་ནས་ལོག་ལྟ་དྲངས་ཏེ་དགེ་འདུན་པའི་སྡེ་སྤྱི་ཚོགས་ཀྱི་ཁུར་བོ་དང་ཡར་རྒྱས་ཀྱི་བཀག་རྡོའི་ལྟ་སྟངས་འབྱུང་བཞིན་པ་འདི་ཚབས་ཆེ་བའི་ཉེན་ཁའི་གནས་ཤིག་ཡིན་པས།
༸རིན་པོ་ཆེ་མཆོག་གིས་དམ་ཆོས་འདུལ་བའི་དགོངས་དོན་གྱི་སྙིང་པོ་འདྲིལ་ཞིང་ད་ལྟའི་དུས་རབས་དང་འཚམས་པའི་འགན་འཁྲིའི་སྣེ་ཁྲེད་དེ། ཀིརྟིའི་གདན་ས་ཁག་གི་འཆད་ཉན་སློབ་གཉེར་དང་སྒྲིག་ལམ་གཅིག་གྱུར་ཡོང་བའི་ཕན་བདེའི་རྩ་ལག་བཅའ་ཡིག་ཆེན་མོ་བློ་གསལ་འཇུག་ངོགས་ཞེས་པ་ཟུར་རྒྱན་དང་བཅས་མཛད།
སྒྲིག་གཞི་འདིས་ཀིརྟིའི་གདན་ས་ཁག་གི་དགེ་འདུན་པ་རྣམས་ཀྱིས་སློབ་གཉེར་གྱི་རིམ་པ་ཇི་ལྟར་བྱེད་ཚུལ། འཛིན་གྲྭ་སོ་སོའི་འཁྲིད་གཞུང་དང་རྩོད་གཞུང། ཟུར་བལྟའི་གཞུང་སྟེ་བཀའ་བསྟན་སྤྱི་དང་ཡང་སྒོས་བོད་གངས་ཅན་པའི་ཆོས་བརྒྱུད་རིས་མེད་ཀྱི་མཁས་པའི་དབང་པོ་དག་གིས་མཛད་པའི་གཞུང་ཆེན་མོ་རྣམས་ལ་སློབ་གཉེར་མཐར་ཕྱིན་པ་མཛད་དེ། དགེ་བཤེས་ལྷ་རམས་པ་དང་། རྡོ་རམས་པ། བཀའ་བཅུ་པ། སྔགས་རམས་པ་བཅས་སོ་སོའི་གང་འཇོན་གྱི་ལས་ལ་བརྩོན་དགོས་པའི་ལམ་སྟོན་གནང་བར་མ་ཟད། བྱམས་ཆོས་སྡེ་ལྔ་དང་དྲང་ངེས་ལེགས་བཤད་སྙིང་པོ་སོགས་སྦས་དོན་མངོན་རྟོགས་ཀྱི་རིམ་པ་འཆད་ཉན་གྱི་གཞི་རྩར་བཟུང་བའི་ཕར་ཕྱིན་དབྱར་ཆོས་དང། སྡེ་བདུན་མདོ་དང་བཅས་པར་བརྒལ་བརྟག་ལེགས་པར་མཛད་པའི་ཚད་མའི་དགུན་ཆོས་ཆེན་མོ་ཞེས་པ་སྟེ་ཀིརྟིའི་གདན་ས་བཞི་སོགས་འབྲེལ་ཡོད་དགོན་མ་ལག་སོགས་མཉམ་འདུས་ཀྱིས་རྩོད་སྒྲུབ་ཀྱི་རིག་པའི་སྒོ་འཕར་ཡངས་པོར་ཕྱེས།
བོད་རང་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་དམིགས། བློ་རྟགས་བསྡུས་གསུམ་དང། སུམ་རྟག་དག་གསུམ། སྒྲ་སྙན་སྨན་རྩིས་སོགས་རང་གི་རིག་གཞུང་གཙོ་བོར་བཟུང་སྟེ། དབྱིན་རྒྱའི་སྐད་ཡིག་སོགས་གཞན་གྱི་རིག་གནས་ལེགས་པར་སྦྱངས་པས་བསྟན་པ་ཕྱོགས་བཅུར་སྤེལ་ཞིང་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་པའི་ཆ་རྐྱེན་དུ་དགོངས་ཏེ་ཀིརྟིའི་གདན་ས་ཁག་ཏུ་སྔོན་འགྲོའི་ནང་བསྟན་སློབ་གྲྭ་རེ་ཡང་ཟུར་དུ་བཙུགས།
གདན་ས་སོ་སོའི་ཁྲི་རིན་པོ་ཆེ་སོགས་ལས་ཀྱི་སྣེ་མོ་བས་འཛིན་སྐྱོང་བྱེད་ཚུལ་གྱི་ལམ་ལུགས་ཀྱང་དེང་དུས་མང་གཙོའི་འགྲོ་ལུགས་དང་མཐུན་ཞིང། ཡུལ་དུས་དང་མི་འཚམ་པའི་སྔ་སྲོལ་མང་པོ་ཞིག་ལེགས་བཅོས་མཛད་པའི་བཅའ་ཡིག་རིན་པོ་ཆེ་འདི་ཉིད་གཞིས་བྱེས་ཀྱི་དགོན་སྡེའི་འཛིན་སྐྱོང་ལམ་ལུགས་ལེགས་བཅོས་གཏོང་འདུན་ཡོད་རིགས་ཀྱི་དཔྱོད་ལྡན་དག་ལ་མིག་དཔེའི་རམ་འདེགས་སུ་ཕན་པ་རྒྱ་ཆེར་བྱུང།
ཀིརྟིའི་དགེ་རྩ་ཚོགས་པའི་སྒྲིག་གཞི།
ཕྱི་ལོའི་སྔོན་གྷི་རི་སི་ནས་གྲལ་རིམ་མང་གཙོའི་རིང་ལུགས་ཤིག་གི་གོམ་ཁ་དང་པོ་འཛམ་བུ་གླིང་བར་སྤོས་ཏེ། ཀྱག་ཀྱོག་གི་ལམ་འཕྲང་རིམ་པར་བརྒྱུད་ནས་དམངས་ཀྱི་ཐོབ་ཐང་དང་རང་དབང་གཞི་རྩར་བཟུང་བའི་དེང་དུས་ཀྱི་མང་གཙོའི་ལམ་སྲོལ་བཟང་པོ་འདི་མིག་སྔར་མཐོང་བཞིན་པའི་ཚད་དུ་སླེབས་ཟིན་ལ། ཆེ་བ་རྒྱལ་ཁབ་དང་ཆུང་བ་ཚོགས་སྡེ་ཡན་ཆད་རང་དབང་མང་གཙོའི་ཁེ་ཕན་རྩོད་ལེན་བྱེད་བཞིན་པ་མཐོང་ཆོས་སུ་གྲུབ་མོད།
༸རིན་པོ་ཆེ་མཆོག་གིས་རྒྱལ་བསྟན་སྤྱི་དང་ལྷག་པར་ད་ལྟའི་སྤྱི་ཚོགས་ཀྱི་དགོས་མཁོར་གཟིགས་ཏེ། མི་ལོ་བརྒྱ་ཕྲག་དུ་མའི་ལོ་རྒྱུས་ལྡན་པའི་ས་གནས་སྡེ་གཞུང་གི་ལུགས་ཟུང་སྐྱོང་བའི་ཀིརྟིའི་བླ་བྲང་ཁམས་གསུམ་ཟིལ་གནོན་ཞེས་པ་དེ་ཡང་ཆོས་ཕྱོགས་ཁོ་ནའི་གཞན་ཕན་གྱི་མང་གཙོའི་ཁྱད་ཆོས་ལྡན་པའི་ཀིརྟིའི་དགེ་རྩ་ཚོགས་པའི་ངོ་བོར་བསྒྱུར་ཏེ། ལེའུ་བཅུ་གསུམ་ལ་དོན་ཚན་བརྒྱ་ཡི་བདག་ཉིད་ཅན་ཕྲ་ཞིང་ཞིབ་པའི་ཀིརྟིའི་དགེ་རྩ་ཚོགས་པའི་སྒྲིག་གཞི་མཛད་དེ་འབྲེལ་ཡོད་མངའ་རིས་ཞིང་ཁམས་ཀུན་ཏུ་མང་གཙོའི་ཁེ་དབང་ལོངས་སྤྱོད་པའི་སྐལ་བ་བསྩལ།
སྤྱིར་མང་གཙོ་ནི་རང་དབང་དང་ཐོབ་ཐང་གི་རྩ་དོན་ལས་མ་བརྒལ་བ་ཞིག་ངེས་པར་དགོས་ཏེ། ནུབ་ཕྱོགས་མང་གཙོའི་རང་དབང་རྩོད་ལེན་མཁན་གྱི་ཡབ་མེས་ཚོས་གསུང་རྒྱུན་ལ་ཚོད་འཛིན་གང་ཡང་མེད་པའི་མང་གཙོ་དང་རང་དབང་ནི་འཁྲུག་སློང་གི་རྒྱུ་རུ་འགྱུར་སྲིད་པས་གཟབ་ནན་དགོས་ཞེས་ཞལ་ཆེམས་ལྟ་བུ་བཞག་པ་བཞིན། མང་གཙོའི་འགྲོས་དང་བསྟུན་པའི་ཚོགས་པ་འདི་ལའང་བབ་བརླིང་བརྟན་གསུམ་ཆེད་མི་མང་གི་འཐུས་མི་ལས་གྲུབ་པའི་འགན་འཛིན་གྲོས་ཚོགས་དང། སྤྱི་ཁྱབ་རྒྱུན་ལས་ལྷན་ཚོགས་སོགས་ཀྱི་གཤམ་དུ་དཔལ་འབྱོར་དང། ཤེས་ཡོན། རྩིས་ཞིབ། རོགས་སྐྱོར་སོགས་སྡེ་ཚན་སོ་སོའི་རང་འཁྲིས་ལས་འགན་ཚགས་ཚུད་ངོས་སློབ་བརྒྱུད་དུ་གཏོགས་པའི་སེར་སྐྱ་མང་ཚོགས་ཀྱིས་བསླབ་པ་སློབ་གཉེར་དང། སྒྲིག་ལམ་ཀུན་སྤྱོད། ཤེས་ཡོན་འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ། སྤྱི་ཚོགས་ཞབས་ཞུ། ཡ་རབས་གོམས་སྲོལ་སོགས་ལེགས་པའི་ཆ་ཐམས་ཅད་སྲུང་སྐྱོབ་རྒྱུན་འཛིན་བྱེད་པ།
རྒྱ་མཚོའི་རྦ་རླབས་རྒྱ་མཚོར་ཐིམ་པའི་དཔེ་བཞིན་དད་འབུལ་དངོས་རྫས་གང་བྱུང་ཆུད་མི་ཟ་བར་ནད་པ་ཉམ་ཐག་དང། རྒས་གཅོང་བདག་མེད། སློབ་ཡོན་རོགས་སྐྱོར་སོགས་བསྟན་འགྲོའི་བདེ་དོན་ཁོ་ནར་གཏོང་བའི་ལམ་སྲོལ་ཡང་བཏོད་པས། སྤྱི་ཚོགས་འདིར་ཐོད་བརྒལ་གྱིས་སྔར་མེད་གསར་བཏོད་གནང་བའི་མཛད་རྗེས་འདི་ལ་ཆེ་དགུ་ཀུན་ཀྱིས་ཡི་རང་གི་བསྔགས་པ་ཆེས་ཆེར་མཛད།
བླ་སྤྲུལ་རྣམས་ལ་ཉེ་བར་མཁོ་བའི་བརྗེད་བྱང།
སྐུ་སྐྱེ་བསྟན་དོན་དུ་བྱོན་པའི་དགོས་པ་ཐུབ་པའི་བསྟན་པ་རིན་པོ་ཆེར་བཤད་པ་དང་སྒྲུབ་པའི་སྒོ་ནས་མཛད་རྗེས་ཤིག་ཅིས་ཀྱང་འཇོག་རྒྱུ་ལས། གང་ཟག་རང་ག་བ་བཞིན་ཟང་ཟིང་གི་བྱ་བའི་རྗེས་སུ་བསྙེགས་ཏེ་མི་ཚེ་ཆུད་ཟོས་སུ་བཏང་བ་ཤིན་ཏུ་ཕངས་པའི་གནས་ཡིན་པས།
༸རིན་པོ་ཆེ་མཆོག་གིས་བླ་སྤྲུལ་རྣམས་ལ་ཉེ་བར་མཁོ་བའི་བརྗེད་བྱང་མཛད་དེ། རྗེ་གསེར་ཁང་པ་ཡབ་སྲས་ནས་ཉེ་བར་བརྒྱུད་པའི་ཟབ་ཅིང་ཕྲ་བའི་མན་ངག་རྣམས་ཀྱི་གནད་བསྡུས་ཏེ། བླ་སྤྲུལ་ཚོས་རྒྱུན་དུ་ཉམས་བཞེས་ཇི་ལྟར་མཛད་དགོས་མཛུབ་མོ་རི་སྟོན་བཞིིན། མཛད་པ་དང་པོ་ལེགས་ཚོགས་ཀུན་གྱི་རྩ་བར་མཚན་ལྡན་གྱི་དགེ་བའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཡོངས་འཛིན་དུ་ལེགས་པར་བསྟེན་ཏེ་གཞུང་ཆེན་མོ་ལ་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་པར་མཛད་ནས་རང་རང་གི་གདུལ་བྱའི་མོས་ཁམས་དང་འཚམས་པའི་ཟབ་ཆོས་དབང་ཁྲིད་ལུང་གསུམ་སོགས་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་དུ་བསྐོར་དགོས་པ་ལས། དཀོར་ཟས་ལ་བག་མེད་དུ་ལོངས་སྤྱད་དེ་ཟས་གོས་གནས་མལ་རྒྱས་སྤྲོས་ཀྱིས་དུས་འདའ་བའི་བྱ་སྤྱོད་ངན་ལང་གིས་བདག་གཞན་གཉིས་ཀ་ཕུང་ལ་སྦྱོར་ཚུལ་སོགས་ལམ་གྱི་རིམ་པའི་གནད་ཡོངས་སུ་འདྲིལ་བ། རྗོད་བྱེད་གོ་བདེ་ཞིང་ཞལ་གསལ་བ། ཡིད་འཁུལ་བས་ཕན་རླབས་ཆེ་བ། རྒྱས་བསྡུས་འཚམས་པས་ལག་ཏུ་བླངས་བདེ་བ་བཅས་ལེགས་ཚོགས་ཆེ་བར་བརྟེན་བོད་ཕྱི་ནང་གང་སར་ཕྱག་དཔེ་འདི་བསྐྱར་དཔར་གྱིས་འཕྲིན་ལས་ཆེས་ཆེར་འཕེལ།
མཇུག་གི་གཏམ།
ད་དུང་༸རིན་པོ་ཆེ་མཆོག་གིས་མཛད་པའི་དྲུག་ཅུ་རྒན་པོའི་རེ་འདུན་སོགས་རྩ་ཆེའི་རིན་ཐང་བྲལ་བའི་ལེགས་བཤད་ཇི་སྙེད་ཅིག་བཞུགས་པ་རྣམས་རེ་རེ་བཞིན་གླེང་འདུན་ཆེ་ནའང་པོད་གྲངས་མང་ཞིང་ཁོམ་ལོང་ཉུང་བས་རེ་ཞིག་དེ་ཙམ་བྱ།
སླད་མར་ཆོས་དང་རིག་གནས་ལ་རྩེ་གཅིག་ཏུ་མོས་པའི་གཟུར་གནས་བློ་ལྡན་རྣམས་ཀྱིས་༸ཁོང་རིན་པོ་ཆེ་མཆོག་གི་རྩ་ཆེའི་ལེགས་བཤད་དག་འཚོལ་ཞིབ་ཀྱིས་དཔེ་གཟིགས་ལ་དངོས་སུ་ཞུགས་ན་རང་ལ་མཁོ་བའི་མི་ཚེའི་རིན་ཐང་དོན་ལྡན་ཞིག་རྙེད་ངེས་པ་ཡིན་པའི་གསལ་འདེབས་བཅས།
ཁོ་བོས་གང་གླེང་བ་དེ་བླ་སློབ་ཀྱི་འབྲེལ་བ་ཙམ་རྒྱུ་མཚན་དུ་བྱས་ཏེ་སྨྲས་པ་མིན་ལ། བླ་མའི་ཡོན་ཏན་བརྗོད་པའི་རྣམ་དཀར་ལ་དམིགས་ནས་བསྒྲགས་པ་དེ་བས་ཀྱང་མ་ཡིན་པར། ཀུན་ལ་སྙོམས་པའི་ཕན་སེམས་ཀྱིས་བསླངས་ཏེ་སྐུའི་འཁྲུངས་ཚེས་ཉིན་སྟག་ལུང་སྤྲུལ་མིང་པ་བློ་བཟང་ཤེས་རབ་རྒྱ་མཚོས་གླེང་བས་ཡིད་ཀྱི་སྨོན་པ་འགྲུབ་པའི་རྒྱུ་རུ་གྱུར་ཅིག་གུ།
བསྟོད་ཚིག
༄།།རྒྱལ་ཀུན་བརྩེ་བའི་རང་གཟུགས་སྤྱན་རས་གཟིགས།།ངུར་སྨྲིག་གར་རོལ་འཁོར་ལོ་རྣམ་གསུམ་གྱིས།།
ཐུབ་བསྟན་གླིང་བཞིའི་ཁྱོན་ལ་འདོད་རྒུ་རུ།།དབང་བསྒྱུར་རོང་ཆེན་ཆོས་ཀྱི་རྒྱལ་བོར་འདུད།།
དམིགས་མེད་བརྩེ་བ་མཆོག་གི་ཡེ་ཤེས་དང་།།གཞན་ཕན་ཐུགས་སྨོན་ལེགས་པའི་ཉེར་ལེན་གྱིས།།
གངས་ལྗོངས་ནོར་འཛིན་ཡངས་པའི་བ་གམ་དུ།།རྒྱལ་པའི་མྱུག་གུ་གཞོན་ནུའི་མེ་ཏོག་འཛུམ།།
འཕགས་ཆེན་རྟག་ཏུ་ངུ་ཡི་རྣམ་ཐར་ལྟར།།སྨྲ་མཁས་ཡོངས་འཛིན་དུ་མའི་ཞབས་པད་རྡུལ།།
བསམ་སྦྱོར་དག་པས་གཙུག་ཏུ་ལེགས་བཀུར་དེ།།ལྔ་ཟུང་རིག་པའི་གནས་ཀུན་ལྷག་མེད་སྦྱངས།།
རྣམ་མང་འགྲོ་བའི་ཕན་བདེའི་གཞི་གཅིག་པུ།།ཐུབ་པའི་ལུགས་མཆོག་མདོ་སྔགས་ཟུང་འབྲེལ་བསྟན།།
བཤད་སྒྲུབ་ཟུང་གིས་བསྐྱངས་པའི་རྣམ་ཐར་ཆེ།།ས་སྟེང་འདི་ན་དོ་དང་ཟླ་ཡིས་དབེན།།
ཨེ་མ་འགྲོ་བའི་སྐྱབས་གཅིག་མཁྱེན་བརྩེའི་གཏེར།།མགོན་ཁྱོད་བདག་ཅག་གདུལ་བྱའི་མགོན་སྐྱབས་སུ།།
ཞབས་པད་རྟག་བརྟན་མཛད་འཕྲིན་ཕན་བདེའི་དཔལ།།ཕྱོགས་ཀྱི་མཐའ་དང་འགྲོག་སྟེ་རྒྱས་གྱུར་ཅིག།
སངས་རྒྱས་བསྟན་པ་མི་ཉམས་གོང་དུ་འཕེལ།།དེ་འཛིན་རིག་གྲོལ་སྡེ་ཀུན་གེགས་མེད་རྒྱས།།
མཁའ་མཉམ་འགྲོ་ཀུན་བདེ་ཞིང་སྐྱིད་པ་ཡི།།དགེ་མཚན་སྲིད་མཐའི་བར་དུ་རབ་རྒྱས་ཤོག།
ཅེས་པ་འདི་ནི་སྙོམས་ལས་པ་བློ་བཟང་དཀོན་མཆོག་རྒྱ་མཚོས་ཕྱི་ལོ་༢༠༡༧ཟླ་༨ཚེས་༨ལ་བྲིས་པ་དགེ
~དྲི་མེད་དད་པའི་རང་སྒྲ།
བདག་ཡིད་དྲི་མེད་དར་དཀར་རིང་མོ།།རོང་ཆེན་སྐྱབས་མགོན་ཀིརྟིའི་མདུན་སར།།
མི་ཕྱེད་དད་སེམས་རླུང་གིས་སྐྱོད་བཞིན།།ལན་གཅིག་འབུལ་ལ་ཐུགས་ཀྱིས་དགོངས་མཛོད།།
གང་གི་མཛེས་ཞལ་ཉི་མའི་དཀྱིལ་འཁོར།།ཆོལ་གསུམ་འཛིན་མའི་ཞིང་ལས་བརྒལ་ཏེ།།
རྒྱུས་མེད་ས་མཐར་ཕྱོགས་པའི་ངང་ཚུལ།།བསམ་ན་སྙིང་རླུང་ལྡང་བའི་གཞི་རེད།།
དེང་རབས་འཕྲུལ་བཟོས་མཛེས་སྐུའི་བརྙན་རིས།།ནམ་ཡང་དད་པའི་རྟེན་དུ་བཞེངས་ཏེ།།
སྙིང་ནས་ཐུན་གསུམ་གསོལ་འདེབས་བྱས་པ།།དྲི་མེད་སྙན་གྱིས་གསན་པ་བྱུང་ངམ།།
བྱམས་བརྩེའི་རང་མདངས་འགྱུར་བ་མེད་རྟགས།།ཟབ་གསུང་ཚིག་གི་ཟུར་ལས་རྟོགས་པས།།
བསམ་ཞིང་བསམ་བཞིན་དད་པའི་ཚོར་བ།།སེམས་ཀྱི་མཁའ་རུ་ཡལ་ཐབས་བྲལ་འདུག།
ཆོས་འདུལ་ཉམས་ལེན་གནད་ཀུན་ཚང་བའི།།སྙན་སྒྲོན་དོན་ཚན་བཅུ་གསུམ་ཅན་གྱི།།
སྔོན་མེད་ལེགས་བཤད་གསར་བའི་སྐྱེས་ཀྱིས།།རིས་མེད་བསྟན་པའི་མགོན་དུ་བཀུར་སོང་།།
དྲུག་ཅུ་རྒན་པོའི་རེ་ཞིང་འདུན་པའི།།ཟབ་གསལ་ཚིག་གི་ཟེགས་མ་རེ་རེས།།
སློབ་ཚོགས་ཡིད་ཀྱི་ཞིང་ས་གཤིན་པོར།།ལེགས་པའི་མྱུ་གུ་སྟོང་གིས་མཛེས་པ།།
ཉམས་མྱོང་རྒན་པོའི་བསླབ་བྱ་སོ་གཉིས།།བདེན་པའི་ལེགས་བཤད་ཕུལ་དུ་བྱུང་བས།།
དད་ལྡན་ཞིང་འབྲོག་མི་མང་དག་གིས།།ནོར་མེད་མདུན་ལམ་འོད་ཀྱིས་ཁེངས་ཡོད།།
བཅའ་ཡིག་བློ་གསལ་འཇུག་པའི་ངོགས་ན།།ཡུན་གྱིས་བསགས་པའི་ལམ་ལུགས་མང་བོས།།
ཟུར་གྱིས་མཛེས་པའི་སྔོན་མེད་གསུང་གིས།།གཞོན་སྐྱེས་མདུན་ལམ་མཁའ་ལས་ཆེ་བ།།
འབྲེལ་ཡོད་གདན་ས་ཆེན་མོ་བཞི་ལ།།འཇང་དགུན་ཚད་མའི་ཆོས་ཚོགས་བཙུགས་ཤིང་།།
ཕར་ཕྱིན་དབྱར་ཆོས་གསར་དུ་སྤེལ་བས།།བཀའ་དྲིན་རི་བོའི་གཏོས་དང་མཉམ་ཡོད།།
འཛམ་གླིང་ཞི་བའི་དེད་དཔོན་ཆེན་མོའི།།ཆོས་ཀྱི་མདུན་ན་འདོན་དུ་བཞུགས་ཏེ།།
མཛད་འཕྲིན་ཕྱོགས་ནས་ཕྱོགས་སུ་སྤེལ་པ།།ཆོལ་གསུམ་མི་ཡི་སེམས་སུ་བརྣག་འདུག།
བགྲང་བྱ་གཅིག་དགུ་གྱ་བཞི་ལོ་རུ།།རང་ཡུལ་ཕྱོགས་ལ་ཞབས་ཀྱིས་བཅགས་ཤིང་།།
ལྷ་ལྡན་རབ་གནས་བསྐྱར་གསོ་མཛད་སོགས།།བསིལ་ལྗོངས་ཞིང་ལ་སྐུ་དྲིན་དཔག་དཀའ།།
ལྷོ་ཕྱོགས་གདན་ས་སེ་འབྲས་སོགས་སུ།།རབ་འབྱམས་དམ་བཅའི་འབྲས་རྟགས་བཞག་ལ།།
ཝཱར་ཎཱ་མཐོ་རིམ་སློབ་མཐར་ཕྱིན་པས།།འཆད་རྩོད་རྩོམ་པའི་སྐུ་ཡོན་ཆེ་བ།།
ད་སྐབས་དགུང་གྲངས་དོན་དྲུག་སོན་པ།།གསུབ་བྲལ་རྣམ་ཐར་དོན་དྲུག་ཡིན་ལ།།
བླ་མེད་མཛད་རྗེས་དོན་དྲུག་དེ་ཡང་།།ཕྱི་རབས་མིག་དཔེ་དོན་དྲུག་བགྲང་ཆོག།
དད་ལྡན་གདུལ་བྱའི་བསོད་ནམས་དཔལ་དུ།།དགྱེས་པའི་ཞལ་འཛུམ་འོད་ཀྱིས་འཁྱུད་བཞིན།།
སྐུ་ཚེ་བསྐལ་བ་རྒྱ་མཚོའི་བར་དུ།།བརྟན་པར་བཞུགས་པའི་སྨོན་ལམ་ཞུ་འོ།།
རེ་ཞིག་ངལ་གསོའི་བརྟུལ་ཞུགས་འཇོག་ལ།།མི་རྟག་འཆི་བའི་བསུ་མ་མེད་ན།།
ལོ་ནས་ལོ་རུ་བསྟོད་པའི་མཆོད་ཚིག།ངལ་མེད་བྲི་བའི་སྨོན་ལམ་འདེབས་སོ།།
ཞེས་པ་འདི་ནི་ལོ་སྔོན་མར་བྲིས་ཤིང་དེ་ལ་བསྐྱར་བཅོས་ཅུང་ཟད་བྱས་ཏེ་རབ་བྱུང་བཅུ་བདུན་པའི་གསེར་འཕྱང་མེ་མོ་བྱ་ཡི་ལོ་གསར་བ་སྟེ།
ཕྱི་ལོ་༢༠༡༧ལོའི་༨ཚེས་༨ཉིན་ལ་གུས་ཕྲན་བཀྲ་ཤིས་དུང་གིས་ལག་སོར་པདྨོའི་འདབ་མ་སྙིང་ཁར་ཟིམ་ནས་དད་པའི་རང་སྒྲ་གཟུགས་སུ་འཕོས་པའོ།།