. . . .

001༄༅།། (བརྟན་བཞུགས་ཀྱི་སྔོན་དུ།)སྤྱིར་ང་ཚོ་མདོ་སྨད་པ་ཡོངས་རྫོགས་ཕ་ཡུལ་གཅིག་པ་ཡིན་ན་ཡང། ཕ་ཡུལ་གཅིག་པའི་ནང་གི་ཕ་ཡུལ་གཅིག་པ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཅན་བྱེས་འཁོད་མཛོད་དགེ་དང་ཐེ་བོའི་ཕྱོགས་ཀྱི་ཕ་ཡུལ་གཅིག་པ་རྣམས་ཀྱིས་མ་སྐུལ་དང་བླངས་ཀྱི་ཐོག་ནས་དེ་རིང་གི་བརྟན་བཞུགས་འདི་གོ་སྒྲིག་གནང་བ་རེད། 

རྩ་བའི་བྱེས་འཁོད་ཕ་ཡུག་གཅིག་པ་རྣམས་ཀྱིས་བརྟན་བཞུགས་ཤིག་འབུལ་དགོས་ཀྱི་ཡོད་ཅེས་ཟླ་བ་འགའ་ཤས་ཀྱི་གོང་དུ་ང་ལ་བཤད་བྱུང། དགོས་ཀྱི་མ་རེད་ཟེར་ན་མ་འགྲིག་པ་ལྟ་བུར་ཆགས་ཡོད་དུས་ཕྱི་ཟླ་ ཚེས་ ༢༡ ལ་བརྟན་བཞུགས་ཤིག་ཡོད་པ་དེ་དང་མཉམ་དུ་བྱེད་ཀྱི་ཡིན་ནམ། ཡང་ན་ངའི་སྐྱེས་སྐར་དང་བསྟུན་ནས་བྱེད་ང་ལ་ཁྱད་པར་མི་འདུག་ཅེས་བཤད་པའི་སྐབས། མཐའ་མ་གྲོས་བསྡུར་བྱས་ཏེ་ངའི་སྐྱེས་སྐར་ཉིན་ལ་བྱེད་ཀྱི་ཡིན་ཞེས་ཐག་གཅོད་བྱས་འདུག ཐེ་བོ་དང་མཛོད་དགེ་ནི་ངའི་སྐྱེས་ས་སྐྱེས་ཡུལ་ཡིན་པའི་ཆ་ནས་ངའི་སྐྱེས་ཚེས་དང་སྟབས་བསྟུན་ནས་བྱས་ན་ཡག་པོ་རེད་བསམ་བྱུང། 

               དེ་རིང་གི་ངའི་སྐྱེས་ཚེས་ཕྱི་ཟླ་ ཚེས་ ཉིན་འདི་༸རྒྱལ་བ་རིན་པོ་ཆེའི་སྐུའི་བླ་གཟའ་དང་མ་སྒྲིག་རང་འགྲིག་ཆགས་འདུག ལོ་རྗེས་མ་དེ་༸རྒྱལ་བ་རིན་པོ་ཆེའི་དགུང་ཀེག་སྔོན་བསུའི་ལོ་ལ་འཁེལ་ཡོད་སྟབས་ང་ཚོའི་བརྟན་བཞུགས་འདི་༸རྒྱལ་བ་རིན་པོ་ཆེ་ལ་ཕུལ་བ་ཞིག་དང། བསྟན་འཛིན་གྱི་སྐྱེས་བུ་དམ་པ་གང་ན་སུ་བཞུགས་པ་མཐའ་དག་སྐུ་ཚེ་བརྟན་པའི་དོན་དུ་དམིགས་ཏེ། རྒྱ་ཆེ་ས་ལ་བསམ་བློ་བཏང་བ་ཡིན་ན་ང་ཚོ་རང་ཉིད་ལ་ཡང་ཞོར་དུ་ཕན་རྒྱུ་ཡིན་པ་གསལ་པོ་རེད། ང་ཚོས་རྒྱུན་དུ་ཡན་ལག་བདུན་པ་འདོན་གྱི་ཡོད་པ་བཞིན་དེའི་ནང་གི་བརྟན་བཞུགས་གསོལ་འདེབས་ཞུ་སྟངས་དེ་ལ་བསམ་བློ་བཏང་ནས་བརྟན་བཞུགས་ཕུལ་བ་ཡིན་ན་ཕན་ཐོགས་ཆེ་བ་ཡོང་གི་ཡོད་དུས་རྒྱ་ཆེ་ས་ལ་བསམ་བློ་གཏོང་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ཐོག་དང་པོར་ཞུ་འདོད་བྱུང།

སྐབས་ཤིག་ནས་བཟུང་ངའི་སྐྱེས་སྐར་ལ་བོད་ཕྱི་ནང་གཉིས་ཀའི་འབྲེལ་ཡོད་དགོན་གྲོང་སྐྱ་སེར་སྤྱི་སྒེར་མང་པོ་ཞིག་གིས་སྲུང་བརྩི་ཅུང་རྒྱ་ཆེན་པོ་ལྟ་བུ་གནང་གི་ཡོད་དུས་ལོ་འགའ་ཤས་ཀྱི་གོང་ནས་བཟུང་ངས་ང་ཚོས་གང་བྱས་པ་ཐམས་ཅད་གཞན་ལ་ཕན་ཐོགས་པ་ཞིག་གི་ངོ་བོའི་ཐོག་ནས་བྱེད་ཐུབ་ན་ཡག་པོ་འདུག ངའི་སྐྱེས་སྐར་གྱི་དུས་ཚིགས་འདིའང་མང་ཚོགས་ལ་རོགས་རམ་དང་ཕན་འདོགས་བྱེད་པའི་ལས་འགུལ་གྱི་ངོ་བོ་ལ་ཁ་བསྒྱུར་བྱེད་ཐུབ་ན་ཡག་པོ་རེད་ཅེས་ངས་བསམ་འཆར་བཤད་པ་ཡིན།

               ང་ཚོའི་ཕ་ཡུལ་མང་ཚོགས་ལ་གཤིས་ཀ་དང་བསམ་བློ་གཏོང་སྟངས་ལ་མཚོན་ན་དགོན་པ་ཞིག་ལ་མང་ཇ་ཞིག་སྐོལ་དགོས་ཀྱི་འདུག་ཟེར་ན་ཕངས་སེམས་མེད་པར་སྐོལ་གྱི་ཡོད། དགེ་འདུན་པ་ལ་སྐུ་འགྱེད་ཆེན་པོ་ཞིག་འགྱེད་དགོས་ཀྱི་འདུག་ཟེར་དུས་འབུལ་གྱི་ཡོད། སློབ་གྲྭ་དང་མང་ཚོགས་ལ་ཕན་ཐོགས་ཤིག་བྱེད་དགོས་ཀྱི་འདུག་ཟེར་དུས་གོམས་གཤིས་ལ་མེད་པ་ལྟ་བུས་བྱེད་མཁན་ཅུང་དཀོན་པོ་ཡིན་དུས་མ་འོངས་པར་དགོན་པ་གྲྭ་ཚང་དང་མང་ཚོགས་གཉིས་ཀའི་ངོས་ནས་ངའི་སྐྱེས་ཚེས་སྲུང་བརྩིའི་དོན་དུ་བྱ་བ་གང་ཞིག་བྱས་པ་ཡིན་ན་ཡང། ལས་འགུལ་དེ་མང་ཚོགས་ལ་ཁ་ཕྱོགས་ནས་བྱེད་དགོས་པ་དེ་གལ་ཆེན་པོ་ཡིན་པའི་ལམ་སྟོན་ཞུས་པ་ཡིན་དུས་ལོ་ནས་ལོ་བསྟུད་དེ་ངའི་སྐྱེས་སྐར་གྱི་ཉིན་མོར་སོ་སོའི་མང་ཚོགས་ཁྲོད་ཀྱི་ཉམ་ཐག་ལ་རོགས་རམ་དང། ནད་པ་ལ་སྨན་སྦྱིན། སློབ་གྲྭ་པ་སློབ་ཡོན་མེད་མཁན་ཚོ་ལ་སློབ་ཡོན་གྱི་ཞབས་འདེབས་བྱེད་པ་སོགས། ངའི་སྐྱེས་སྐར་ལོ་རེ་བཞིན་མང་ཚོགས་ལ་ཕན་ཐོགས་བྱེད་པའི་ལས་འགུལ་ཞིག་གི་ངོ་བོར་འགྱུར་བཞིན་འདུག་པས་ཐུགས་རྗེ་ཆེ།

               སོ་སོའི་མང་ཚོགས་སྐྱོ་པོ་དང་ཉམ་ཐག་གི་རིགས་ལ་སོ་སོའི་ངོས་ནས་རོགས་པ་བྱེད་པའི་བསམ་བློ་དང་གོམས་གཤིས་ཡོད་དགོས་པ་འདི་གལ་ཆེན་པོ་རེད། སྐྱབས་བཅོལ་བའི་སྤྱི་ཚོགས་ནང་དུ་ཡིན་ན་ཡང་ཕྱི་རྒྱལ་ཞིག་ནས་རོགས་སྐྱོར་ཞིག་རེག་ཨེ་ཡོང་སྙམ་པའི་གཞན་བརྟེན་གྱི་བསམ་བློ་སྔོན་མ་ནས་ཤུགས་ཆེན་པོ་ཡོད། ཕྱིས་སུ་འགྱུར་བ་ཕྲན་བུ་འགྲོ་བཞིན་ཡོད་ཀྱང་དེང་སང་ཡང་ང་ཚོའི་ནང་དུ་གཞན་བརྟེན་གྱི་བསམ་བློ་ཤུགས་ཆེན་པོ་རེད། བོད་ནང་དུ་དགོན་པ་གྲྭ་ཚང་གི་སྤྱི་རྫས་དང་མང་ཚོགས་འབྱོར་བ་ཡོད་པ་རྣམས་ཀྱིས། བོད་མི་རིགས་ཀྱི་མང་ཚོགས་ལ་ཕན་ཐོགས་བྱེད་པའི་བསམ་བློ་དང་གོམས་གཤིས་ཡོད་དགོས་ཀྱི་འདུག་ཅེས་འབྲེལ་ཡོད་ཚོ་ལ་བསམ་འཆར་སྔ་ཕྱི་བྱས་ནས་མང་པོ་བཤད་པ་ཡིན། དེ་རིང་ལྟ་བུ་ཡིན་ན་ཡང་བོད་ནང་དུ་འབྲེལ་ཡོད་དགོན་གྲོང་མང་པོ་ཞིག་གིས་ངའི་སྐྱེས་སྐར་སྲུང་བརྩིའི་དོན་དུ་གཞན་ཕན་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་བྱེད་ཀྱི་ཡོད་པའི་གནས་ཚུལ་གོ་ཡོང་གི་ཡོད་དུས་ངའི་སྐྱེས་སྐར་དང་བསྟུན་ནས་མང་ཚོགས་ལ་ཕན་པའི་དགེ་བ་རྒྱ་ཆེན་པོ་བསྒྲུབས་དང་སྒྲུབ་བཞིན་པ་འདི་དག་རྫོགས་བྱང་གི་རྒྱུར་འགྱུར་བ་ལ་ཁྱེད་ཚོའི་ངོས་ནས་ཀྱང་བསྔོ་བ་སྨོན་ལམ་ཡག་པོ་བྱ་དགོས་པ་གལ་ཆེན་པོ་རེད་ལ། ངའི་ངོས་ནས་ཀྱང་བསྔོ་བ་དང་སྨོན་ལམ་བྱེད་ཀྱི་ཡིན།

༸གོང་ས་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་དབུས་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་གང་དུ་ཡིན་ན་ཡང་རུང་རང་རང་གི་བསྟན་པ་དང་སེམས་ཅན་རྒྱ་ཆེན་པོ་པ་ཕན་པའི་སྐྱེས་བུ་དམ་པ་ཤིན་ཏུ་མང་པོ་བཞུགས་ཡོད་དུས། དེ་རིང་གི་ངའི་སྐྱེས་སྐར་དང་འབྲེལ་བའི་དགེ་ཚོགས་གང་བྱས་པ་རྣམས་ཁོང་རྣམ་པའི་སྐུ་ཚེ་བརྟན་པ་དང། མཛད་པ་འཕྲིན་ལས་རྒྱས་པའི་དོན་དུ་བསྔོ་ཐུབ་ན་བསྟན་པ་དང་འགྲོ་བ་སྤྱི་ལ་ཕན་ཐོགས་པ་ཞིག་རང་བཞིན་གྱིས་ཡོང་གི་རེད། དང་པོ་ངའི་སྐྱེས་སྐར་གྱི་མིང་གི་ཐོག་ནས་གང་བྱེད་ཀྱི་ཡོད་པ་དེ་དག་རིམ་པས་སྤྱི་ཚོགས་ལ་ཞབས་ཕྱི་ཞུ་བའི་ལས་འགུལ་གྱི་ངོ་བོ་ཞིག་ལ་འགྱུར་བ་ཡིན་ན་ཡག་པོ་རེད་ཅེས་བཤད་འདོད་བྱུང།

༄༅།། ཕ་ཡུལ་གྱི་འབྲེལ་ཡོད་ཚོ་ཁོར་ཡུག་དང་གནས་སྟངས་མང་པོ་ཞིག་གི་ཐོག་ནས་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་དུས་ལས་ཀ་བྱེད་བདེ་པོ་ཞིག་གཏན་ནས་མ་རེད། ཡིན་ན་ཡང་དད་པ་དམ་ཚིག་ལ་ཞེན་རྩེ་གཅིག་པའི་ཐོག་ནས་དཀའ་ལས་བརྒྱབས་ཏེ་ངའི་སྐྱེས་སྐར་སྲུང་བརྩི་ཞུ་བཞིན་པ་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

               ཕ་ཡུལ་གཅིག་པའི་ནང་གི་ཕ་ཡུལ་གཅིག་པ་མཛོད་དགེ་དང་ཐེ་བོ་ཡོངས་རྫོགས་ང་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་མཁན་ཞིག་ཏུ་གྱུར་ཡོད། ངའི་སྐུ་ཕྲེང་དང་པོ་དེ་ཚ་ཁོ་ནས་འཁྲུངས་པ་ཡིན་ན་ཡང་སྐུ་ཕྲེང་ལྔ་པ་གྲུབ་དབང་བསྟན་པའི་རྒྱལ་མཚན་གྱི་སྐུ་དུས་ནས་བཟུང་སྟེ་མཛོད་དགེའི་ཕྱོགས་དང་ཐེ་བོའི་རོང་འབྲོག་(ངས་འདིར་ཐེ་བོ་རོང་འབྲོག་ཅེས་བཤད་པ་ནི་སྔ་མོའི་བརྩི་སྟངས་མ་གཏོགས་དེང་སང་གི་རྫོང་ཁག་དབྱེ་བའི་བརྩི་སྟངས་མིན།) སོགས་ལ་དམིགས་བསལ་ཆོས་དང་དམ་ཚིག་གི་འབྲེལ་བ་ཤིན་ཏུ་གཏིང་ཟབ་པོ་བྱུང་སྟེ། ཀིརྟི་སྐུ་ཕྲེང་རིམ་བྱོན་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཅན་ཞིག་ཏུ་གྱུར་པ་རེད།

               ང་ཚོའི་ཕ་ཡུལ་གྱི་ལུང་པ་དང་མང་ཚོགས་འདི་དག་ཤིན་ཏུ་རྒྱ་ཆེན་པོ་ཡིན་ལ། ཀིརྟི་ཚང་གི་གདུལ་བྱའི་ཞིང་ཁམས་ཀྱི་ནང་གི་དམིགས་བསལ་བ་དང་ཐུན་མོང་མ་ཡིན་པ་ཡིན་དུས། དེ་རིང་འདིར་ཕ་ཡུལ་གཅིག་པའི་ཕྱོགས་སྣ་ཚོགས་པའི་སྐུ་ཚབ་ལྟ་བུ་མང་པོ་ཞིག་འཛོམས་ཐུབ་པ་བྱུང་འདུག ཆོས་བརྒྱུད་མ་འདྲ་བ་སྣ་ཚོགས་དང། ལུང་ཚན་འདྲ་མིན་གྱི་མི་སྣ་མང་པོ་ཞིག་ཆེད་དུ་གཉེར་ནས་ཕེབས་འདུག ཁྱེད་ཚོས་ངའི་སྐྱེས་སྐར་དང་བསྟུན་ནས་བརྟན་བཞུགས་འདི་འདྲ་ཞིག་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ། ཉེ་ཆར་ང་ཐེ་ཝན་གྱི་སྨན་ཁང་དུ་ན་ནས་ཡོད་པའི་སྐབས་སུ་ཡང་ཁོང་ཚོའི་ཐོག་ནས་ནད་འདྲི་ཞུ་བར་ཡོང་རྒྱུའི་བསམ་བློ་བཏང་སྟེ་གྲ་སྒྲིག་ཞུས་འདུག་ཀྱང་ཡིག་ཆའི་ཐོག་ནས་དཀའ་ངལ་འཕྲད་དེ་ཡོང་མ་ཐུབ་པ་རེད།

               མདོ་སྨད་པ་སྤྱི་དང་མི་མང་གཉིས་ཀའི་ངོས་ནས་ང་ལ་རྒྱུན་དུ་སེམས་ཁུར་ཆེན་པོ་གནང་གི་འདུག ངའི་ངོས་ནས་ཁྱེད་ཚོ་ལ་ཕན་ཐོགས་པའི་ལས་ཀ་དམིགས་བསལ་བ་གང་ཡང་བྱེད་ཐུབ་མེད་ཀྱང། བོད་སྤྱི་པ་ལ་སེམས་པ་དཀར་པོ་ཞིག་གི་ཐོག་ནས་རྒྱུན་དུ་སྡོད་ཀྱི་ཡོད། ངའི་ཕ་ཡུལ་གཅིག་པ་ཚོར་མཚོན་ནའང་ངའི་ངོས་ནས་ཕ་ཡུལ་གཅིག་པ་ཡིན་པ་རྒྱུ་མཚན་དུ་བྱས་ཏེ་ཁྱེད་ཚོ་ལ་ཕན་ཐོགས་གང་ཡང་བྱེད་ཐུབ་མེད། རྒྱུ་མཚན་གཙོ་བོ་ནི། ང་ཆུང་དུས་ལོ་གསུམ་བཞི་ནས་བཟུང་སྟེ་ཕ་མ་སྤུན་མཆེད་དང་ཁ་བྲལ་ནས་གྲྭ་པའི་སྤྱི་ཚོགས་ཁོ་ནའི་ནང་དུ་གསོ་སྐྱོང་བྱས་པ་རེད། དགོན་པའི་ནང་དུ་གསོ་སྐྱོང་བྱས་པའི་དབང་གིས་ཕ་མ་དང་སྤུན་མཆེད། ཕ་ཡུལ་གཅིག་པ། ལུང་པ་གཅིག་པ་ཟེར་བ་ལྟ་བུའི་ལ་རྒྱ་ཞེན་ཁོག་རྩ་བ་ནས་མེད་མཁན་ཞིག་ཏུ་གསོ་སྐྱོང་བྱས་པ་ཡིན་དུས་ངའི་ངོས་ནས་ང་ཚོ་ཕ་ཡུལ་གཅིག་པ་ཚོ་ལ་དམིགས་བསལ་ཕན་ཐོགས་བྱས་པ་གང་ཡང་ཡོད་པ་མ་རེད། ཡིན་ན་ཡང་ཁྱེད་ཚོའི་ངོས་ནས་ངའི་བླ་རབས་ནས་བླ་རབས་དང། ཁྱེད་ཚོའི་ཕ་རབས་རྒྱུད་པ་ནས་བཟུང་སྟེ་དམིགས་བསལ་ཆོས་དང་དམ་ཚིག་གི་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་ཡོད་པའི་འབྲེལ་བ་ཟབ་མོ་དེའི་རྒྱུན་བཟུང་ནས་རྒྱུན་དུ་ང་ལ་དགའ་ཞན་བྱེད་པ་དང། དེ་རིང་གི་བརྟན་བཞུགས་འདི་ཡང་གོ་སྒྲིག་བྱས་པ་རེད། ང་ཚོའི་མི་རབས་མང་པོ་བརྒྱུད་པའི་འབྲེལ་བ་ཟབ་པོ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དེ་རྒྱུན་འཁྱོང་བྱ་དགོས་པ་དེ་གལ་ཆེན་པོ་རེད། འབྲེལ་བ་ངན་པ་དང་ཕྱོགས་རིས་ཞེན་ཁོག་གི་རིགས་ང་ཚོས་རྒྱུན་སྐྱོང་བྱེད་དགོས་པའི་རྒྱུ་མཚན་མེད། འབྲེལ་བ་ངན་པ་དེ་རིགས་རྒྱུན་འཛིན་བྱས་པས་རང་གཞན་སུ་ལ་ཡང་ཕན་ཐོགས་མེད། ཨ་མདོའི་ནང་དུ་ས་རྩོད་ཆུ་རྩོད་དང་དགོན་པ་ཕན་ཚུན་སོགས་ཀྱི་བར་འགལ་ཟླ་མང་པོ་ཞིག་མི་ཐོག་རྙིང་པའི་རིང་ཡོད་པ་རེད། ནང་ཁུལ་གྱི་འགལ་ཟླ་དང་ཞེན་འཁོན་ངན་པ་དེ་རིགས་རིག་གནས་གསར་བརྗེ་བྱས་པ་དང་མཉམ་དུ་གསར་བརྗེ་བྱས་ཏེ་རྩ་གཏོར་གཏོང་དགོས་པ་དེ་གལ་ཆེན་པོ་རེད། གནའ་སྔ་མོའི་འགལ་ཟླ་དང་འཁོན་འཛིན་གྱི་རིགས་ང་ཚོས་དྲན་གསོ་དང་རྒྱུན་འཛིན་བྱ་དགོས་པའི་རྒྱུ་མཚན་གཏན་ནས་མེད་ཅེས་ངས་རྒྱུན་དུ་ཤོད་ཀྱི་ཡོད། འབྲེལ་བ་བཟང་པོ་དང་ལེགས་པའི་ཕྱོགས་ལ་མཉམ་འབྲེལ་དང་མཐུན་སྒྲིལ་ཡོད་པ་དེ་ང་ཚོས་ངེས་པར་རྒྱུན་འཛིན་དང་མཇུག་སྐྱོང་བྱ་དགོས་པ་དེ་གལ་ཆེན་པོ་རེད། དེ་རིང་འདིར་མི་སྣ་མང་པོ་ཞིག་འབྱོར་ཡོད་དུས་སྐད་ཆ་འདི་སྐད་བསྐུར་གྱི་ཚུལ་དུ་ཁྱེད་ཚོ་ལ་བཤད་ན་བསམ་པ་ཡིན།

ང་ཚོའི་ཕ་ཡུལ་ཐེ་བོ་དང་མཛོད་དགེའི་ཕྱོགས་ཀྱི་མང་ཚོགས་རྣམས་གནའ་སྔ་མོའི་ཆོས་རྒྱལ་བཙན་པོ་གོང་མ་ཚོའི་སྐབས་ནས་བཟུང་སྟེ་བོད་སྤྱི་པའི་དོན་དུ་དཀའ་ལས་མང་པོ་བརྒྱབས་མྱོང་མཁན་གྱི་མི་རྒྱུད་ཅིག་ཡིན། ང་ཚོའི་ཕ་ཡུལ་གཅིག་པ་འདི་ཐེངས་དང་པོའི་འབྱུང་ཁུངས་བོད་ཀྱི་དམག་མིའི་རྒྱུད་པ་དང། རྒྱ་བོད་ཀྱི་མཐའ་མཚམས་སྲུང་མཁན་གྱི་དམག་སྣ་ཚོགས་ལས་ཆད་པ་ཞིག་ཡིན། ང་ཚོའི་ཡབ་མེས་གོང་མ་རྣམས་ཀྱིས་བོད་ཀྱི་མངའ་ཁོངས་རྒྱ་བསྐྱེད་བྱས་ཏེ་བྱས་རྗེས་རྒྱ་ཆེན་པོ་བཞག་མྱོང་མཁན་གྱི་མི་རྒྱུད་ཅིག་ཡིན། བོད་སིལ་བུར་འཐོར་བའི་རྗེས་སུ་ང་ཚོའི་ཕ་གཅིག་པའི་ཕྱོགས་ནས་དམིགས་བསལ་མཛད་རྗེས་གཟེངས་སུ་ཐོན་པ་འཇོག་མཁན་དེ་འདྲ་བྱུང་མེད་ཀྱང། དུས་ཕྱིས་སུ་ང་ཚོའི་ཕ་ཡུལ་གཅིག་པའི་ནང་དུ་ཆོོས་ཕྱོགས་ནས་དགའ་ལྡན་ཁྲི་ལ་ཕེབས་མཁན་སྔ་ཕྱི་བྱས་ཏེ་མང་པོ་བྱུང་ཡོད་ལ། ཆབ་སྲིད་ཀྱི་ཕྱོགས་ནས་ཀྱང་བོད་ཀྱི་རྒྱལ་པོ་བྱེད་མཁན་གཉིས་བྱོན་ཡོད། ད་ལྟའི་སྐབས་ལ་ང་ཚོའི་ཕ་ཡུལ་གཅིག་པའི་ཕྱོགས་ནས་བོད་སྤྱི་པའི་དོན་དུ་ཞབས་འདེགས་ཕྲན་བུ་སྒྲུབ་མཁན་ང་རང་ཡིན་པའི་ཁུལ་ཡིན། མདོར་བསྡུས་ན། ང་ཚོའི་ཕ་ཡུལ་གྱི་ཕྱོགས་ནས་བོད་ཀྱི་ལོ་རྒྱུས་གསར་རྙིང་གཉིས་ཀའི་ནང་བོད་ཀྱི་ཆོས་སྲིད་གཉིས་ཀའི་ཐོག་འགན་ཁུར་ལེན་མཁན་མང་པོ་བྱུང་ཡོད། མ་འོངས་པར་ཡིན་ན་ཡང་ཁྱེད་ཚོ་བྱེས་འཁོད་སྐྱ་སེར་ཡོངས་རྫོགས་ཀྱིས་སྔར་བཞིན་ཧུར་ཐག་འབད་ཐག་གནང་རོགས་ཞུ་འདོད་བྱུང།

               ན་ནིང་གི་ལོ་ལ་ང་ཚོའི་ཕ་ཡུལ་གཅིག་པ་ཤིན་ཏུ་མང་པོ་ཞིག་རྒྱ་གར་ལ་གནས་སྐོར་དུ་སླེབས་པ་ ཡོངས་རྫོགས་ཀྱིས་ཁ་གཅིག་གྲག་གིས། རིན་པོ་ཆེས་བསླབ་བྱ་སོ་གཉིས་གནང་བ་དེས་ང་ཚོར་ཕན་ཐོགས་ཆེན་པོ་བྱུང་སོང། རིན་པོ་ཆེས་བསླབ་བྱ་གནང་བ་ནང་བཞིན་ང་ཚོས་ལག་བསྟར་བྱེད་ཐུབ་པར་འབད་བརྩོན་ལྷོད་མེད་བྱས་ཡོད། མང་ཚོགས་ཀྱི་བྱ་སྤྱོད་ལ་སྔོན་དང་མ་འདྲ་བའི་འགྱུར་བ་ཆེན་པོ་ཐེབས་བྱུང། ཞེས་ཁོང་ཚོས་ཁ་གཅིག་གྲག་གིས་བཤད་ཀྱི་འདུག་པས་ང་ཡང་ཤིན་ཏུ་དགའ་པོ་བྱུང། ངའི་ཐོག་ལ་ལྷག་བསམ་རྣམ་དག་དང་སེམས་པའི་གཏིང་ནས་དགའ་པོ་ཡོད་པའི་རྣམ་པ་ཤུགས་ཆེན་པོ་དང། མི་ཐུག་ཚད་ཡོངས་རྫོགས་ཀྱིས་ང་དང་འཕྲད་པའི་སྐབས་མིག་ནས་མཆི་མ་འདོན་གྱི་འདུག འདི་ལྟ་བུའི་བརྩེ་བ་དང་ཤ་ཚ་རྨ་མེད་པ་ཞིག་ཡོད་པ་འདི་ཤིན་ཏུ་ཡག་པོ་རེད། ངས་རྒྱུན་དུ་ང་ཚོའི་འབྲེལ་ཡོད་རྣམས་ཀྱི་ཚོང་ཁང་ནང་དུ་ཆང་དང་ཐ་མག སྨྱོ་རྫས་ཀྱི་རིགས་སུ་གྱུར་པ་ཉོ་ཚོང་བྱེད་མ་དགོས་ན་ཡག་པོ་འདུག་ཅེས་བཤད་པ་ལྟར། འབྲེལ་ཡོད་མང་པོ་ཞིག་གིས་ཚོང་ཁང་ནང་དུ་ཆང་དང་ཐ་མག་སོགས་སྨྱོ་རྫས་རིགས་ཉོ་ཚོང་གཏན་ནས་བྱེད་ཀྱི་མི་འདུག་པ་སོགས། ངས་གང་བཤད་པ་ལ་ཉན་ནས་སྤང་བླངས་ཤིན་ཏུ་ཡག་པོ་བྱེད་ཀྱི་འདུག ངས་འདི་ནས་གང་བཤད་པ་དེ་ང་མཁས་པ་ཡིན་པ་དང་ཤེས་ཡོན་ཆེན་པོ་ཡིན་པའི་ཟོལ་གྱིས་བཤད་པ་དེ་འདྲ་མིན། ངས་༸རྒྱལ་བ་རིན་པོ་ཆེས་གསུངས་པ་ལ་ལད་ཟློས་བྱས་ནས་ཁྱེད་ཚོ་ལ་ལན་བསྐྱེལ་བ་ཙམ་ཡིན་དུས་༸རྒྱལ་བ་རིན་པོ་ཆེའི་བཀའ་སྒྲུབ་ཀྱི་ཡོད་པ་རེད་ལ་སྒྲུབ་དགོས་པ་ཞིག་ཀྱང་རེད། ༸རྒྱལ་བ་རིན་པོ་ཆེའི་བཀའ་གསུང་ཅི་སྒྲུབ་ཞུ་དགོས་པ་ནི་ང་ཚོ་བོད་མི་ཡོངས་རྫོགས་ཀྱི་ལས་འགན་རེད། ༸རྒྱལ་བ་རིན་པོ་ཆེའི་ཐུགས་དགྱེས་པའི་ཞབས་ཕྱི་ཉི་མ་གཅིག་ལ་བྱེད་ཐུབ་ན་རེད། དུས་ཚོད་སྐར་མ་གཅིག་གི་རིང་བྱེད་ཐུབ་ནའང་དེ་ང་ཚོའི་བསོད་ནམས་རེད། མ་འོངས་པར་ཡང་ཕ་ཡུལ་གཅིག་པ་རྣམས་ཀྱིས་འདིའི་ཐོག་ལ་ཧུར་ཐག་འབད་ཐག་བྱེད་རོགས་བྱོས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན།

               (བརྟན་བཞུགས་ཀྱི་མཇུག་ཏུ།) མཇུག་ཏུ་སྐད་ཆ་ཚིག་གཅིག་གཉིས་ཤིག་ཞུ་འདོད་བྱུང། དེ་རིང་གི་བརྟན་བཞུགས་འདི་གོང་དུ་བཤད་པ་ལྟར། བྱེས་འཁོད་ཕ་ཡུལ་གཅིག་པ་ཐེ་བོ་དང་མཛོད་དགེའི་ཕྱོགས་སོགས་ཕ་ཡུལ་གཅིག་པ་རྣམས་དང། ངའི་སྐྱེས་ཡུལ་གཟའ་རུ་དགོན་གྲོང་བཅས་ཐུན་མོང་ནས་བརྟན་བཞུགས་ཕུལ་བ་ཞིག་རེད། བརྟན་བཞུགས་ཀྱི་ཆོ་ག་དང་མགོ་མཇུག་ཆ་ཚང་བ་ཤིན་ཏུ་ཡག་པོ་བྱུང་སོང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་གི་འབུལ་མཚོན་གྱི་ནང་ལ་སྒོར་མོ་འབུམ་ཁ་ཤས་ཤིག་འདུག ཕ་ཡུལ་གཅིག་པ་ཆོའི་ངོས་ནས་སློབ་གྲྭ་པས་མཚོན་པའི་དཀའ་ངལ་ཅན་གྱི་རིགས་ལ་རོགས་པ་བྱ་རྒྱུའི་འཆར་གཞི་ཞིག་ཡོད་ཅེས་ཁོ་ཚོས་བཤད་ཀྱི་འདུག་པས་དེ་རིང་གི་འབུལ་མཚོན་གྱི་སྒོར་མོ་གང་ཡོད་པ་དེ་ཁྱེད་ཚོའི་རོགས་སྐྱོར་གྱི་མ་རྩ་ལ་བཞག་རོགས་ཞེས་བཤད་རྒྱུ་ཡིན། དེ་མིན་གཞན་ཞུ་རྒྱུ་གང་ཡང་མེད། ཐུགས་རྗེ་ཆེ།

 

ཕྱི་ལོ་༢༠༡༨ལོའི་ཟླ་ཚེས་ཉིན།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.