. . . .

01༄༅།། ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་བླ་སྤྲུལ་འདུས་མང་རྣམས་དང་། ཕྱག་འཁྱེར་དང་དགའ་རྟགས་བཞེས་མཁན་རྣམ་པ་ཡོངས་ལ་ཐེངས་དང་པོར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ད་ལྟའི་ཀིརྟིའི་བྱེས་པ་གྲྭ་ཚང་གི་གནས་སྟངས་ལ་ཆ་བཞག་ན་བོད་ནས་ཕེབས་པའི་དགེ་འདུན་པའི་སྡེ་ཚན་ཞིག་དང་།

རྡོར་གླིང་སུ་ཁེ་ཀིརྟིའི་དགོན་པ་ནས་ཕེབས་པའི་དགེ་འདུན་པའི་སྡེ་ཁག་གཅིག་སྟེ་རྩ་བའི་སྡེ་ཁག་གཉིས་དང་། ཆོས་བརྒྱུད་ཀྱི་དབང་དུ་བྱས་ན་ཐོག་མ་ནས་བཟུང་སྟེ་ཆོས་བརྒྱུད་རིས་མེད་ཀྱི་དགེ་འདུན་པ་ཡོད་ལ། རྒྱལ་ཁབ་ཀྱི་དབང་དུ་བྱས་ན་ཡང་རྒྱ་གར་པ་དང་། བོད་པ། བལ་ཡུལ་པ་བཅས་རྒྱལ་ཁབ་གསུམ་གྱི་མི་སྣའང་ཡོད། ཆོལ་ཁའི་དབང་དུ་བྱས་ན་མང་ཆེ་བ་ཨ་མདོ་པ་ཡིན་ཡང་བོད་ཆོལ་ཁ་གསུམ་གྱི་མི་སྣ་ཡོད་པ་བཅས་ལས་གྲུབ་པའི་ཀིརྟིའི་བྱེས་པ་གྲྭ་ཚང་ཞིག་ཡིན།

                དེ་རིང་འདིར་ཕྱག་འཁྱེར་བཞེས་མཁན་ཚོ་ལ་མཚོན་ན་མི་ལོ་ཉེར་ལྔའི་རིང་གྲྭ་ཚང་གི་ཕྱག་ལས་གནང་མཁན་དང་། མི་ལོ་བཅུ་དང་མི་ལོ་ལྔའི་རིང་ལ་ཕྱག་ལས་གནང་མྱོང་མཁན་མང་པོ་ཞིག་འདུག རྩ་བའི་རྒན་པ་ཡོངས་རྫོགས་ཕྱག་འཁྱེར་བཞེས་མྱོང་མཁན་ཤ་སྟག་རེད། མདོར་བསྡུས་ན་ཁྱེད་ཚོར་ལོ་མང་པོའི་རིང་སངས་རྒྱས་ཀྱི་བསྟན་པ་སྤྱིའི་ཞབས་ཕྱི་དང་ཀིརྟི་ཚང་གི་ཞབས་ཕྱི་ཡིན་སྙམ་པའི་ལྷག་བསམ་རྣམ་དག་གི་ཐོག་ནས་དགོན་པ་གྲྭ་ཚང་གི་དོན་དུ་དཀའ་ལས་བརྒྱག་མཁན་གྱི་མི་ཤ་སྟག་ཡིན། རྒན་པའི་རིགས་ཤིག་ལ་མཚོན་ན་རྒྱ་གར་ནང་དུ་སླེབས་ནས་ལོ་བཞི་བཅུ་ཟིན་ལ་ཉེ་བ་རེད། མི་ལོ་བཞི་བཅུ་ནི་མིའི་མི་ཚེའི་ནང་གི་བཟང་ཤོས་དང་དུས་ཚོད་རིང་ཤོས་རེད། མི་ཚེའི་རིང་ཤོས་དེ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཀིརྟི་ཚང་གི་ཞབས་ཕྱིའི་དོན་དུ་བཏང་ཡོད། ཀིརྟི་ཚང་ཟེར་བ་ནི་སྒེར་པའི་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ཞིག་མ་ཡིན་པར་བསྟན་པ་སྤྱི་ལ་བསམ་བློ་བཏང་ནས་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ཞིག་ཡིན་དུས། ཁྱེད་རྣམས་ཀྱིས་ད་ལྟའི་བར་དུ་བསྟན་པ་སྤྱིའི་ཞབས་འདེགས་སྒྲུབ་པའི་དོན་དུ་ནུས་པ་གང་ཡོད་ཀྱིས་འབད་བརྩོན་ལྷོད་མེད་ཞུས་སོང་། ངས་ད་ལྟའི་བར་དུ་སངས་རྒྱས་ཀྱི་བསྟན་པ་དང་བོད་སྤྱི་པའི་བསྟན་སྲིད་གཉིས་ཀྱི་ཞབས་ཕྱི་ཕྲན་བུ་ཞིག་སྒྲུབ་ཐུབ་པ་བྱུང་བ་དེ་ཡང་ཁྱེད་རྣམ་པའི་རོགས་རེམས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་མ་གཏོགས། ང་མི་གཅིག་རྐྱང་པའི་ལག་པ་གཉིས་འགུལ་བསྐྱོད་ཅི་ཙམ་བྱས་ནའང་དེ་ཙམ་གྱི་ནུས་པ་ཐོན་ཐུབ་ཀྱི་མེད་པ་དངོས་ཡོད་གནས་ཚུལ་རེད། ཁྱེད་ཚོས་ཉིན་མཚན་སྦྲེལ་ནས་ལས་ཀ་བྱས་ཏེ་དཀའ་ལས་བརྒྱབས་ཡོད། དེ་ནི་ཀིརྟི་ཚང་གི་བླ་སློབ་གཉིས་ཀའི་གཟི་བརྗིད་ལ་བརྩིས་ཆོག ལྷག་པར་དུ་02ཁྱེད་རྣམས་ནི་ང་དང་ནང་ཚགས་ཐུན་མོང་མ་ཡིན་པའི་ལས་ཀྱི་འབྲེལ་བ་དམ་ཟབ་ཡོད་པའི་མི་ཞིག་རེད། སྤྱིར་ཀིརྟི་ཚང་དང་འབྲེལ་བ་ཡོད་པའི་མི་འབུམ་ཕྲག་མང་པོ་ཡོད་ཀྱང་། དེའི་ནང་གི་མི་ཉུང་ཤས་ཤིག་ང་དང་དམིགས་བསལ་གྱི་འབྲེལ་བ་ཡོད་དང་སྐྱིད་སྡུག་མཉམ་གཤུབ་ཀྱི་ལས་ཀ་བྱེད་མཁན་ཞིག་ཏུ་གྱུར་པ་རེད། ད་བར་དུ་ཁྱེད་ཚོས་ཕྱོགས་གང་ཅིའི་ཐད་ནས་ང་ལ་ཕན་ཐོགས་ཆེན་པོ་བྱུང་ཞེས་ཞུ་འདོད་བྱུང་།

                ཁྱེད་སློབ་གཉེར་པ་ཚོར་མཚོན་ན་ཡང་ངས་ལམ་བསྟན་པ་བཞིན་སློབ་སྦྱོང་ཐོག་དཀའ་ལས་བརྒྱབས་ཏེ་ཕྱག་འཁྱེར་བཞེས་ཐུབ་པ་ཞིག་བྱུང་བ་རེད་ལ། ངས་ཀྱང་ཁྱེད་ཚོ་ལ་ཕན་ཐོགས་ན་སྙམ་པའི་བསམ་བློ་ཁོ་ནའི་ཐོག་ནས་སློབ་སྦྱོང་གི་ཆ་རྐྱེན་མང་པོ་ཞིག་གོ་སྒྲིག་བྱས་པ་བཞིན་ད་ལྟའི་བར་དུ་འབད་བརྩོན་ལྷོད་མེད་གནང་སོང་བས་དེ་རིང་རྣམ་པ་ཚོ་ཡོངས་རྫོགས་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

                དཔེར་ན། ངས་བོད་གཞུང་གི་བཀའ་བློན་གྱི་ལས་འགན་འཁྱེར་བའི་སྐབས་རོགས་པ་གང་དགོས་ཡོངས་རྫོགས་ཞུས་བྱུང་བར་མ་ཟད། ངའི་བདེ་འཇགས་ཀྱི་ཆེད་དུ་སྐོར་གཡེང་བྱ་རྒྱུ་སོགས་ཀྱིས་མཚོན་ཉིན་མཚན་སྦྲེལ་ནས་དཀའ་ལས་བརྒྱབས་བྱུང་། རྒྱུན་གྱི་ངའི་ཟས་གོས་གནས་མལ་དང་། འཕྲོད་བསྟེན་སྨན་བཅོས་སོགས་ཀྱི་དོན་དུ་ཡང་རྒན་གཞོན་ཐམས་ཅད་ཀྱིས་འགན་བླངས་ནས་ཧུར་ཐག་འབད་ཐག་གནང་བྱུང་། བར་ལམ་ང་ཐེ་ཝན་དུ་ན་བའི་སྐབས་སུ་ཡང་ཁྱེད་ཚོས་ཉིན་མཚན་མེད་པར་ཞབས་བརྟན་བསྒྲུབས་ཏེ་ཤ་ཚ་དང་ལྷག་བསམ་རྣམ་དག་ཞུས་པ་ཡིན་དུས། ཕྱི་ལོགས་ཀྱི་མིའི་མཐོང་སྣང་ལ་ཡང་ཀིརྟི་ཚང་གི་འབྲེལ་ཡོད་ཀྱི་མི་དེ་དག་གཞན་དང་མི་འདྲ་བ་ཞིག་འདུག་ཅེས་བཤད་དགོས་པ་ཞིག་བྱུང་ཡོད། གནས་སྟངས་ཛ་དྲག་ས་ཞིག་ལ་ཐུག་པའི་སྐབས་རྒན་གཞོན་ཐམས་ཅད་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་མི་གཞན་ལ་མིག་དཔེ་སྟོན་ཐུབ་པ་ཞིག་གནང་བྱུང་། ང་ཚོའི་ནང་ཁུལ་ནས་བཤད་པ་ཡིན་ན་ཁྱེད་ཚོས་ཁ་ལ་རྒྱ་བཟུང་ནས་ཧུར་ཐག་འབད་ཐག་གནང་བྱུང་ལ། ཕྱི་ལོགས་ཀྱི་མིའི་མཐོང་ཚུལ་ལ་ཡང་ང་ཚོའི་བར་གྱི་དད་པ་དམ་ཚིག་དང་། ལ་ཞེན་བསླད་མེད་པ། གཞན་དང་མ་འདྲ་བ་ཞིག་ཡིན་པ་གསལ་པོར་བསྟན་ཡོད། ཕྱི་ལོགས་ཀྱི་མི་འགའ་ཤས་ཀྱིས་གལ་སྲིད་ཁྱེད་རང་ལ་གནས་ཚུལ་ངན་པ་ཞིག་བྱུང་བ་ཡིན་ན་ཀིརྟིའི་བྱེས་པ་གྲྭ་ཚང་སྐྱབས་མེད་མགོན་མེད་དུ་གྱུར་སོང་སྙམ་པའི་ལྟ་ཚུལ་ཤུགས་ཆེན་པོ་ཞིག་བྱུང་སོང་ཞེས་བཤད་མཁན་ཡོང་མྱོང་།

                ད་སྐབས་ང་རྒན་པར་ཆགས་པ་ནང་བཞིན་ཁྱེད་ཚོ་ཡང་རིམ་གྱིས་རྒན་པར་ཆགས་ཡོང་གི་ཡོད་དུས། ང་ཚོ་ལ་ཚེ་ལྷག་གང་ཡོད་པ་དེ་བསྟན་པ་སྤྱིའི་ལས་དོན་གྱི་ཐོག་ཏུ་སྤུངས་ཐུབ་པ་ཞིག་བྱ་དགོས་པ་དང་། བསྟན་པ་སྤྱིའི་དོན་ལ་ཕན་པའི་ལས་ཀ་བྱ་རྒྱུར་བསམ་བློ་གཏོང་དགོས་པ་མ་གཏོགས། ཀིརྟི་ཚང་གི་ཁ་ལ་རྒྱ་རྐྱང་པའི་ཐོག་ལ་བསམ་བློ་བཏང་ནས་བྱ་བ་བསྒྲུབས་ན་ཕན་ཐོགས་གང་ཡང་མེད། བསྟན་པ་སྤྱིའི་དོན་དུ་བྱ་བ་བསྒྲུབ་པ་ལ་ང་ཚོས་ད་ལྟ་བྱེད་བཞིན་པ་འདི་ལས་ལྷག་པ་ཞིག་ཡོད་པ་མ་རེད་བསམས། དཔེར་ན། ང་ཚོས་འདི་ནས་བོད་ནང་གི་འབྲེལ་ཡོད་དགོན་སྡེ་ཁག་གི་གྲྭ་པ་སྟོང་ཕྲག་བཞི་ལྔ་ལྷག་གིས་འཆད་ཉན་སློབ་གཉེར་གྱི་ཐོག་འབད་བརྩོན་བྱེད་ཀྱི་ཡོད། མཚམས་རེར་འགལ་རྐྱེན་ཕྲན་བུ་ཡོང་གི་ཡོད་པ་མ་གཏོགས། རྩ་བའི་འབྲེལ་ཡོད་དགོན་སྡེ་ཁག་ཡོངས་རྫོགས་ཀྱིས་ངས་འདི་ནས་ལམ་སྟོན་བྱས་པ་བཞིན་ལམ་དེའི་ཐོག་ཕེབས་བཞིན་ཡོད་དུས། མ་འོངས་པར་འགལ་རྐྱེན་གྱི་རིགས་མ་བྱུང་བར་འདི་ལྟར་མུ་མཐུད་ཕྱིན་པ་ཡིན་ན་རིམ་པས་གྲྭ་པ་ཁྲི་ཕྲག་མང་པོ་ཞིག་གི་འཆད་ཉན་སློབ་གཉེར་མཛད་སྟངས་ཀྱི་ལམ་ཁ་ཞིག་ང་ཚོས་འདི་ནས་བསྟན་ཐུབ་ཀྱི་ཡོད། གྲུབ་འབྲས་འདི་དག་ཡོངས་རྫོགས་ང་ཚོས་སྨོན་ལམ་མཉམ་དུ་བརྒྱབས་པ་ལ་བརྟེན་ནས་བྱུང་བའི་བྱས་རྗེས་བླ་ན་མེད་པ་ཞིག་རེད། ད་ཕྱིན་ཆད་ཡིན་ན་ཡང་ཁྱེད་ཚོས་སྔར་བཞིན་འབད་བརྩོན་ལྷོད་མེད་གནང་རོགས་ཞེས་ཞུ་འདོད་བྱུང་།

                འདི་གའི་བྱེས་པ་གྲྭ་ཚང་གི་ནང་དུ་སུ་ཁེ་ཀིརྟི་དགོན་པའི་གྲྭ་རྒྱུན་ཡང་གང་འཚམས་མང་པོ་ཡོད། ཁྱེད་ཚོ་སུ་ཁེ་ཀིརྟིའི་དགོན་པ་ནས་འདིར་སློབ་གཉེར་བྱེད་པར་ཁྲིད་ཡོང་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ལོ་ཤས་ཀྱིས་གོང་དུ་༸རྒྱལ་བ་རིན་པོ་ཆེར་སུ་ཁེ་ཀིརྟིའི་དགོན་པ་བསྐྱར་གསོ་བྱ་རྒྱུའི་གནས་ཚུལ་སྙན་སེང་ཞུས་པའི་སྐབས། ཀ་རྡོར་སྒང་གསུམ་གྱི་ཁུལ་དུ་འཆད་ཉན་སློབ་གཉེར་ཡག་པོ་ཡོད་སའི་དགོན་པ་ཤིན་ཏུ་དཀོན་པོ་ཡིན་དུས། སུ་ཁེ་དགོན་པ་བསྐྱར་གསོ་བྱེད་པའི་སྐབས་དགེ་འདུན་པའི་སྡེ་གཙང་མ་ཞིག་དང་མཚན་ཉིད་ཀྱི་བཤད་གྲྭ་བཙུགས་ཏེ་གཞུང་ཆེན་ཁག་ལ་འཆད་ཉན་སློབ་གཉེར་བྱ་རྒྱུ་ཡོད་པ་ཞིག་བྱེད་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད་ཅེས་བཀའ་གནང་བྱུང་། ཀ་རྡོར་སྒང་གསུམ་གྱི་ཁུལ་དུ་མཚན་ཉིད་ཀྱི་བཤད་གྲྭ་ཡོད་པའི་དགེ་འདུན་པའི་སྡེ་གཙང་མ་ཞིག་ཡོང་བའི་དོན་དུ་ཁྱེད་ཚོ་ལོ་གཅིག་གཉིས་ཙམ་མ་ཡིན་པར། གཞུང་ཆེན་བཀའ་པོད་ཡོངས་རྫོགས་ལ་སློབ་སྦྱོང་བྱེད་ཐུབ་པའི་ཆེད་དུ་འདིར་ཁྲིད་ཡོང་བ་རེད། ཀ་རྡོར་སྒང་གསུམ་གྱི་ཁུལ་དུ་ནང་ཆོས་ལ་དད་པ་ཡོད་པའི་མི་འབོར་ཤིན་ཏུ་རྒྱ་ཆེན་པོ་ཡོད་དུས། ཁོང་ཚོ་ལ་མ་འོངས་པར་ནང་ཆོས་ངོ་སྤྲོད་དང་སློབ་ཁྲིད་བྱེད་ཐུབ་མཁན་ཞིག་དང་། གྲྭ་ཆས་དམར་པོ་གྱོན་པ་ཙམ་མ་ཡིན་པར་དགོན་པའི་ནང་འཆད་ཉན་སློབ་གཉེར་ཡག་པོ་བྱེད་ཐུབ་མཁན་གྱི་གྲྭ་པ་གཙང་མ་ཞིག་ཡོང་བའི་དོན་དུ་གཞུང་ཆེན་མོའི་སློབ་སྦྱོང་སྤྲོད་ཀྱི་ཡོད། ཁྱེད་ཚོ་སོ་སོའི་ཕ་མ་སོགས་དང་ཁ་བྲལ་ཏེ་འདིར་ཡོང་ནས་སློབ་སྦྱོང་བྱ་རྒྱུར་དཀའ་ངལ་ཡོད་པ་དངོས་ཡོད་གནས་ཚུལ་རེད། སློབ་སྦྱོང་བྱེད་པའི་སྐབས་དཀའ་ངལ་མང་པོ་ཞིག་ཡོང་རྒྱུ་ཡིན་པ་མ་གཏོགས་སྐྱིད་པོ་བདེ་མོ་ཞིག་གི་ཐོག་ནས་སློབ་གཉེར་པ་བཟང་པོ་ཞིག་ཡོང་མི་ཐུབ། དཔེར་ན། ང་རང་ཆུང་ཆུང་ཡིན་པའི་སྐབས་ཡིན་ནའང་འདྲ། འདིར་ཡོད་པའི་གྲྭ་པ་རྒན་པ་ཡོངས་རྫོགས་ཀྱིས་སློབ་སྦྱོང་བྱེད་པའི་སྐབས་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱས་ནས་ཡོང་བ་ཤ་སྟག་རེད། ཁྱེད་ཚོ་ཡིན་ན་ཡང་དཀའ་ངལ་ལ་གདོང་ལེན་བྱས་ཏེ་མ་འོངས་པར་ས་ཁུལ་དེའི་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་མཁན་གྱི་མི་ཞིག་ཡོང་བའི་དོན་དུ་བསམ་བློ་བཏང་ནས་འབད་བརྩོན་བྱ་དགོས་པ་དེ་གལ་ཆེན་པོ་རེད།

                སུ་ཁེ་དགོན་པ་རང་གི་གྲྭ་རྒྱུན་ཚོ་ལ་མཚོན་ན་ནང་ཁུལ་ལའང་མི་རིགས་མ་འདྲ་བ་འགའ་ཤས་ཡོད། དཔེར་ན། ཤར་པ་དང་། རྟ་མང་། དགུ་རོང་ཟེར་བ་ལྟ་བུའི་མི་རིགས་མ་འདྲ་བ་འགའ་ཤས་ཡོད། འོན་ཀྱང་ཁྱེད་ཚོའི་ནང་ཁུལ་ལ་མི་རིགས་གང་ཡིན་གྱི་ཁྱད་པར་མེད་པར་ཐམས་ཅད་སུ་ཁེ་ཀིརྟིའི་དགོན་པའི་གྲྭ་པ་གཅིག་མཚུངས་ཡིན་པར་བསམ་བློ་བཏང་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་ཕན་པ་དང་། ལྷག་པར་དུ་ས་གནས་ས་ཐོག་གི་རྒྱ་གར་པ་དང་བལ་ཡུལ་གྱི་ནང་པའི་དད་ལྡན་མང་ཚོགས་རྒྱ་ཆེན་པོ་ཡོད་པ་དེ་དག་ལ་ཕན་ཐོགས་བྱེད་ཐུབ་མཁན་ཞིག་ཡོང་བའི་དོན་དུ་བསམ་བློ་གཏོང་དགོས་པ་དེ་གལ་ཆེན་པོ་རེད།

                ཁྱེད་ཚོ་རིམ་པས་རྒན་པར་ཆགས་ཡོང་བའི་སྐབས་བྱེས་པ་གྲྭ་ཚང་དང་ཁ་བྲལ་ནས་འགྲོ་དགོས་པའི་རྒྱུ་མཚན་གཏན་ནས་མེད། བྱེས་པ་གྲྭ་ཚང་དང་སུ་ཁེ་ཀིརྟིའི་དགོན་པ་གཉིས་ངོ་བོ་གཅིག་ལ་རྣམ་པ་ཐ་དད་ཡིན་སྙམ་པའི་བསམ་བློ་བཏང་ནས་སློབ་གཉེར་བྱེད་ཐུབ་ན་ཡག་པོ་ཡོད་པ་རེད་བསམས། ཁྱེད་ཚོ་ནང་ཁུལ་གྱི་གྲྭ་པ་རྒན་པ་ཚོས་འགན་བླངས་ནས་གྲྭ་རྒྱུན་ཇེ་མང་དུ་གཏོང་ཐབས་བྱ་དགོས་པ་དེ་གལ་ཆེན་པོ་རེད། གྲྭ་གྲངས་ཅི་ཙམ་མང་པོ་ཡོད་པའི་ནང་ནས་ཉུང་ཉུང་ཞིག་ཡག་པོ་ཡོང་རྒྱུ་ཡིན་པ་མ་གཏོགས། གྲྭ་རྒྱུན་ག་ཚད་ཡོད་པ་ཡོངས་རྫོགས་ཡག་པོ་དང་སྐྱོན་མེད་ཅིག་ཡོང་མི་ཐུབ་པ་དངོས་ཡོད་གནས་ཚུལ་ཡིན།

                སུ་ཁེ་དགོན་པའི་གྲྭ་པ་རྒན་པ་འགའ་ཤས་ཡོད་པ་རྣམས་ཀྱིས་གྲྭ་པ་གཞོན་པ་ཚོ་ལ། ངས་བཤད་པའི་སྐད་ཆའི་ནང་དོན་རྣམས་གོ་བརྡ་སྤྲད་ནས་ཤེས་སུ་འཇུག་དགོས། ཁྱེད་ཚོ་འདིར་ཡོང་བའི་དགོས་དོན་གཙོ་བོ་རང་གི་འཚོ་བའི་དོན་དུ་ཡོང་བ་མ་རེད་ལ། ཁྱིམ་ཚང་གི་དོན་དུ་དཔལ་འབྱོར་ཕྲན་བུ་གསོག་སྒྲུབ་བྱ་བའི་དོན་དུ་ཡོང་བ་ཡང་མ་རེད། མ་འོངས་པར་ཁྱིམ་ཚང་གི་འཚོ་བའི་ཆེད་དུ་གྲོང་ཆོག་ལ་འགྲོ་མཁན་ཞིག་བྱེད་ཐུབ་པའི་ཆེད་དུ་ཡོང་བ་ཡང་མ་རེད། དེ་འདྲ་ཞིག་གི་ཐོག་བསམ་བློ་བཏང་བ་ཡིན་ན་ང་ཚོའི་དམིགས་ཡུལ་གཏན་ནས་འགྲུབ་ཐུབ་ཀྱི་ཡོད་པ་མ་རེད། མ་འོངས་པར་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོགས་མཁན་ཞིག་དང་། ས་གནས་དེའི་རྒྱ་ཆེའི་མང་ཚོགས་ལ་ཆོས་ཕྱོགས་ནས་ཕན་ཐོགས་བྱེད་ཐུབ་མཁན་ཞིག་ཡོང་བའི་དོན་དུ་བསམ་བློ་བཏང་ནས་སློབ་སྦྱོང་བྱ་དགོས་པ་ནི་ཁྱེད་ཚོ་འདིར་སློབ་གཉེར་དུ་ཡོང་བའི་དགོས་དོན་གཙོ་བོ་ཡིན།

                འདི་གའི་གྲྭ་ཚང་རང་དུ་གྲྭ་པ་རྒན་པར་ཆགས་ནས་འགྲོ་མཁན་གང་འཚམས་བྱུང་ཡོད་ཀྱང་ཕྱིར་སུ་ཁེ་ཀིརྟིའི་དགོན་པའི་ནང་དུ་འཁོར་མཁན་ཅུང་དཀོན་པོ་ལྟ་བུར་གྱུར་ཡོད་ཚོད་འདུག ཁོང་ཚོའི་རིགས་ཀྱང་རིམ་པས་དགོན་པའི་ནང་དུ་ཕྱིར་འཁོར་ཐབས་བྱ་དགོས་པ་དེ་གལ་ཆེན་པོ་རེད། དགོན་པའི་མིང་ཞིག་བཏགས་ནས་འདུ་ཁང་རྫིག་པོ་ཞིག་བཞེངས་ཀྱང་དགོན་པའི་ནང་དུ་སྡོད་མཁན་གྱི་གྲྭ་པ་མེད་ན་དགོན་པ་བཞེངས་པའི་དགོས་དོན་མ་འགྲུབ་པ་རེད།

                སུ་ཁེའི་གྲྭ་རྒྱུན་གྱི་གྲས་ནས་དཔེ་ཆ་ལྟ་མཁན་ཡིན་པའི་རིགས་ཤིག་ཀྱང་ས་གནས་གཞན་དུ་ཕྱིན་པ་དེ་འདྲ་ཡང་རེ་ཟུང་ཡོང་གི་ཡོད་ཚོད་འདུག གྲྭ་པ་གཞོན་པ་རྣམས་ལོ་ལོན་ནས་ཆེན་པོར་ཆགས་པའི་རྗེས་མུ་མཐུད་ནས་ཤག་གི་དགེ་རྒན་གྱི་ནང་དུ་སྡོད་དགོས་སམ་མི་དགོས་དེའི་ཐོག་བསམ་བློ་གཏོང་དགོས་ས་རེ་ཡོད་པ་རེད་བསམས། ང་ཚོའི་ཕ་ཡུལ་གྱི་དགོན་པ་ཁག་ཏུ་ཡིན་ན་ཡང་ཕར་ཕྱིན་དམ་བཅའ་བཞག་པའི་རྗེས་སུ་ཤག་གི་དགེ་རྒན་གྱི་ནང་དུ་འདུག་མི་འདུག་སོ་སོའི་རང་དབང་ལྟ་བུ་རེད། འདི་ནས་ཡིན་ན་ཡང་དགེ་ཕྲུག་རྣམས་རྒན་པར་ཆགས་པའི་རྗེས་ཤག་གི་དགེ་རྒན་གྱི་ནང་དུ་འདུག་དགོས་མིན་སོགས་ལ་བསམ་བློ་གཏོང་དགོས་པ་རེད། དེ་ཙམ་མ་གཏོགས་གྲྭ་ཚང་གི་སྐོར་ལ་དམིགས་བསལ་ཞུ་རྒྱུ་གང་ཡང་མེད།

                ངའི་བསམ་ཚུལ་གང་ཡོད་པ་དེ་དག་ལ་འདི་གའི་གྲྭ་མང་གིས་རྒྱུས་ལོན་ཡག་པོ་བྱ་དགོས་པ་དེ་གལ་ཆེན་པོ་རེད། དེའི་སྐོར་ངས་ཕྲན་བུ་ཞིག་བཤད་ན་བསམ་བྱུང་། ངའི་ངོས་ནས་བསམ་ཚུལ་ཡོངས་རྫོགས་ཁྱེད་ཚོ་ལ་འགྲེལ་བཤད་གསལ་པོ་བྱེད་མ་ཐུབ་པ་དེ་འདྲ་ཡང་མཚམས་རེར་ཡོང་གི་ཡོད་ས་རེད། ངའི་ངོས་ནས་ཡིན་ནའང་བསམ་ཚུལ་ཡོངས་རྫོགས་ཁ་སངས་པོ་བྱས་ནས་གསལ་པོར་བཤད་དགོས་པ་དེ་གལ་ཆེན་པོ་རེད་འདུག་ལ། ཁྱེད་ཚོའི་ངོས་ནས་ཡིན་ན་ཡང་ངའི་བསམ་ཚུལ་ངོ་མ་དེ་གང་ཡིན་པ་ཤེས་པར་བྱ་དགོས་པ་དེ་གལ་ཆེན་པོ་རེད། ངའི་ཉེ་འཁྲིས་སུ་ཡོད་པ་ཁྱེད་རྣམས་ཀྱིས་ངའི་བསམ་ཚུལ་ཇི་མ་ཇི་བཞིན་ཤེས་ཐུབ་ཀྱི་མེད་ན། ཕ་ཡུལ་དུ་སྡོད་མཁན་ཚོས་དེ་བས་ཀྱང་གསལ་པོ་ཤེས་ཐུབ་རྒྱུར་རང་བཞིན་གྱིས་དཀའ་ངལ་ཡོང་གི་རེད། ཕ་ཡུལ་ནས་འདི་གར་དྲི་བ་རེ་དྲིས་པའི་སྐབས་འདི་གའི་གྲྭ་པ་མང་པོ་ཞིག་གིས་ངའི་བསམ་ཚུལ་ཇི་ལྟ་བ་བཞིན་བཤད་མ་ཤེས་པའི་དཀའ་ངལ་ཞིག་ཀྱང་ཡོང་གི་ཡོད་ཚོད་འདུག

                དཔེར་ན། གནས་ཚུལ་ཆུང་ཚགས་ཤིག་ལ་མཚོན་ན། ཉེ་ཆར་བརྟན་བཞུགས་སྐབས་ངས་བཤད་པའི་སྐད་ཆ་དུམ་བུ་ཞིག་གི་ནང་དུ། ན་ནིང་གི་ལོ་ལ་ང་གཟུགས་པོ་མ་བདེ་བར་ཆགས་ནས་ཐ་མ་ཛ་དྲག་གི་ནད་གཞི་དེ་བྱུང་བ་རེད། སྐབས་དེར་ང་ན་བའི་རྐྱེན་རྩ་གཙོ་བོ་ག་རེ་ཡིན་མིན་སྐོར་སྐད་ཆ་འདྲི་མཁན་མང་པོ་ཞིག་ཡོང་གི་ཡོད་དུས། རྔ་པ་ཀིརྟིའི་དགོན་པའི་གནས་སྟངས་ལ་དཀའ་ངལ་མཚམས་མ་ཆད་པར་འཕྲད་ཀྱི་ཡོད་དུས། གཞི་རྩ་དེའི་ཐོག་ནས་ང་ན་བའི་གནས་ཚུལ་བྱུང་སོང་ཞེས་བཤད་པའི་སྐབས། རིགས་ཤིག་གིས་ཛ་དྲག་གི་སྙུང་གཞི་དེའི་འབྱུང་རྩ་རྔ་པ་ཀིརྟིའི་དགོན་པའི་ཐོག་ལ་བཀལ་བ་ནི་བཙན་དྲག་པ་མིན་འགྲོ་བསམ་མཁན་དང་ཤོད་མཁན་རེ་ཟུང་ཡོང་གི་ཡོད་ཚོད་རེད། གནས་ཚུལ་འདི་དང་འབྲེལ་བའི་དོན་གནད་འགའ་ཤས་ངས་དེ་རིང་གསལ་བཤད་བྱས་ན་བསམ་བྱུང། ངས་གསལ་བཤད་བྱས་པ་ཡིན་ན་མི་མང་པོ་ཞིག་གིས་དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་ཤེས་ཐུབ་པ་ཡོང་གི་རེད། གནས་ཚུལ་ངོ་མ་གང་ཡིན་པ་དེ་གསལ་པོར་ཤེས་པ་ཡིན་ན། ཁྱེད་ཚོ་བརྒྱུད་ནས་མི་གཞན་དག་གིས་ཀྱང་གནས་ཚུལ་མགོ་མཇུག་ཚང་བ་ཞིག་གསལ་པོར་ཤེས་པ་དང་བསམ་བློ་གཏོང་སྟངས་ལ་ལ་འགྱུར་བ་ཕྲན་བུ་རེ་འགྲོ་གི་རེད་བསམས།

                ཕ་ཡུལ་ལ་ཀིརྟིའི་དགོན་ཁག་མང་པོ་ཡོད་པའི་ནང་ནས་མཚན་ཉིད་ཀྱི་བཤད་གྲྭ་ཡོད་པའི་ཀིརྟི་ཚང་གི་གདན་ས་ཆེན་པོ་བཞི་རེད། གདན་ས་ཆེ་ཁག་འདི་དག་གནའ་སྔ་མོའི་འཆད་ཉན་སློབ་གཉེར་བྱེད་སྟངས་ཀྱི་ལམ་སྲོལ་རྐྱང་པའིི་ཐོག་ནས་ཕྱིན་པ་ཡིན་ན་དེང་དུས་དང་འཚམས་པའི་སློབ་སྦྱོང་ཡག་པོ་ཞིག་ཡོང་ཐུབ་ཀྱི་མེད་དུས། གདན་ས་ཆེ་ཁག་བཞི་ལ་རྒྱ་གར་ནང་དུ་ཉམས་མྱོང་ལོ་མང་པོར་བསགས་པའི་དེང་དུས་ཀྱི་སློབ་སྦྱོང་བྱེད་སྟངས་ལྟར་སློབ་སྦྱོང་བྱེད་སྟངས་འཐུས་སྒོ་ཚང་བ་ཞིག་ལག་ལེན་དུ་བསྟར་དགོས་ཀྱི་འདུག་ཅེས་བསམ་བློ་བཏང་སྟེ་བཅའ་ཡིག་བློ་གསལ་འཇུག་ངོགས་ཞེས་པ་འདི་རྩོམ་སྒྲིག་བྱས་པ་ཡིན། བཅའ་ཡིག་བློ་གསལ་འཇུག་ངོགས་འདི་རྩོམ་སྒྲིག་བྱས་པའི་སྐབས་གདན་ས་ཆེན་པོ་སེར་འབྲས་དགེ་གསུམ་དང་རྒྱུད་གྲྭ་སྟོད་སྨད། ཆོས་བརྒྱུད་གཞན་དག་གི་སློབ་གཉེར་ལྟེ་གནས་གཙོ་གྲས་ཡོངས་རྫོགས་ཀྱི་སློབ་གཉེར་གནང་སྟངས་ལ་ཞིབ་འཇུག་བྱས་ཏེ་ང་ཚོ་དང་འཚམས་པའི་དགེ་མཚན་གང་ཡོད་བླངས་ཏེ་མདོ་སྔགས་ཀྱི་ལམ་ཡོངས་རྫོགས་ལ་འཆད་ཉན་བྱེད་པའི་ལམ་སྲོལ་གྱིི་འཆར་གཞི་གསར་པ་ཞིག་བསྒྲིགས་ཏེ། ད་ལྟ་ལ་ཐུག་གི་བར་དུ་བཅའ་ཡིག་བློ་གསལ་འཇུག་ངོགས་ཟུར་རྒྱན་དང་བཅས་པ་དེབ་བདུན་བཟོས་ཏེ་ཕ་ཡུལ་གྱི་འབྲེལ་ཡོད་དགོན་པ་སོ་སོ་ལ་བསྐུར་བ་ཡིན།

                བཅའ་ཡིག་བློ་གསལ་འཇུག་ངོགས་འདི་ཐོག་མར་ཕ་ཡུལ་གྱི་དགོན་པ་ཁག་ཏུ་འབྱོར་བའི་སྐབས་དགོན་པ་ཡོངས་རྫོགས་ཀྱིས་དགའ་བསུ་རྒྱ་ཆེན་པོ་ཐོབ་སྟེ་སེར་ཕྲེང་དང་བཅས་ཕེབས་བསུ་བླ་ན་མེད་པ་ཞུས་སོང་། བཅའ་ཡིག་ལ་ཕྱག་འཚལ་ནས་ང་ཚོ་ལ་ལམ་ཁ་ཡང་དག་པ་འདི་འདྲ་ཞིག་བསྟན་འདུག་པས་ཐུགས་རྗེ་ཆེ། ལམ་ཁ་དེའི་སྟེང་ངེས་པར་འགྲོ་ཐུབ་པར་བྱ་རྒྱུ་ཡིན་ཞེས་གསུངས་པའི་སྐབས། ངའི་བསམ་པར་ཁོང་ཚོའི་ཡིད་ཆེས་དང་ཐག་གཅོད་འདིའི་ཐོག་ནས་བཅའ་ཡིག་བློ་གསལ་འཇུག་ངོགས་ཟུར་རྒྱན་དང་བཅས་པ་ཚུལ་བཞིན་ལག་བསྟར་བྱས་པ་ཡིན་ན། དགོན་པའི་འཆད་ཉན་སློབ་གཉེར་དང་འགྲིག་ལམ་ཀུན་སྤྱོད་གང་ཅིར་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམས་ནས་ལས་དོན་གྱི་མཇུག་སྐྱོང་ཡོང་བར་ཉིན་མཚན་ལྟོས་མེད་ཀྱིས་དཀའ་ལས་བརྒྱབས་པ་ཡིན།

                ཐ་ན་ཕ་ཡུལ་ནས་ཕྲུ་གུ་ཅིག་ལ་མིང་ཞིག་གནང་རོགས་ཞེས་ཞུ་མཁན་བྱུང་བའི་སྐབས་ལྟ་བུ་ཡིན་ན་ཡང་། ཕྲུ་གུ་མང་ཆེ་བར་གྲྭ་མིང་ཞིག་སྤྲོད་ཀྱི་ཡོད། སྤྱིར་གྲྭ་མིང་སྤྲད་པ་ཙམ་གྱིས་གྲྭ་པ་བྱ་དགོས་པའི་ཁྱབ་པ་མེད་ཀྱང་གྲྭ་མིང་ཞིག་ཐོགས་པ་ཡིན་ན་བསོད་ནམས་ཆེན་པོ་རེད་བསམས་ནས་ཕྲུ་གུ་མང་ཆེ་བ་ལ་གྲྭ་མིང་རེ་སྤྲོད་ཀྱི་ཡོད། བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་མང་པོ་ཡོང་བ་ལ་དགེ་འདུན་པའི་སྡེ་རྒྱས་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་ཡིན་དུས། གྲྭ་རྒྱུན་འཕེལ་ཐབས་ལ་ཕྱོགས་མང་པོ་ནས་ཐབས་ཤེས་བྱས་པ་ཡིན། རིན་པོ་ཆེའི་ཞབས་བརྟན་དུ་ཕྲུ་གུ་གྲྭ་པ་བྱ་རྒྱུ་ཡིན་ཟེར་མཁན་ཡང་མང་པོ་ཡོང་གི་ཡོད། གང་ལྟར་ཡང་གནས་ཚུལ་འདྲ་མིན་གྱི་ཐོག་ནས་གྲྭ་རྒྱུན་འཕེལ་རྒྱས་ཆེན་པོ་ཕྱིན་ཏེ་དེང་སྐབས་ཀིརྟིའི་དགོན་ཁག་རྣམས་སུ་འཆད་ཉན་སློབ་གཉེར་བྱེད་མཁན་གྲྭ་པ་སྟོང་ཕྲག་བཞི་ལྔ་ཞིག་ཡོད་པ་རེད་ལ། མ་འོངས་པའི་གྲྭ་རྒྱུན་གྱི་ཡོང་ཁུངས་ཀྱང་གང་འཚམས་བརྟན་པོ་ལྟ་བུར་གྱུར་ཡོད་པ་འདི་ང་ཚོ་ཀུན་གྱིས་དཀའ་ལས་བརྒྱབས་ནས་གཞི་རྩ་བརྟན་པོ་དང་ཡག་པོ་ཞིག་ཏུ་གྱུར་པ་ཞིག་རེད།

                བཅའ་ཡིག་བློ་གསལ་འཇུག་ངོགས་ལག་བསྟར་བྱས་ཏེ་ཕར་ཕྱིན་ལོ་རིམ་དང་པོ་ནས་བཞི་པ་བར་དུ་རྒྱུགས་སྤྲོད་ཀྱི་ལམ་ནས་ཕྱིན་པ་རེད། འདིའི་བརྒྱུད་རིམ་གྱི་ནང་དུ་དཀའ་ངལ་མང་པོ་འཕྲད་སོང་། ལྷག་པར་དུ་རྔ་པ་ཀིརྟིའི་དགོན་པའི་གྲྭ་པ་གཞོན་པ་རྣམས་ཀྱིས་སློབ་གཉེར་ཡག་པོ་བྱེད་ཀྱི་མི་འདུག སྤྱོད་པ་མ་རབས་བྱེད་ཀྱི་འདུག་ཅེས་པའི་གནས་ཚུལ་གོ་རྒྱུ་ཤིན་ཏུ་མང་པོ་ཡོད་དུས་རྔ་པ་ཀིརྟིའི་དགོན་པའི་ལས་སྣེ་དང་གྲྭ་མང་ཡོངས་རྫོགས་ལ་གསལ་བཤད་མཐིལ་ཕྱིན་པར་བྱས་ཏེ། འགྲིག་ལམ་བསྡམ་སྟངས་འདི་འདྲ་བྱེད་དགོས་ཀྱི་འདུག སློབ་སྦྱོང་བྱེད་སྟངས་འདི་འདྲ་བྱེད་དགོས་ཀྱི་འདུག གྲྭ་གཞོན་རྣམས་སློབ་གཉེར་ལ་ཁྲིད་པའི་ཐབས་ཤེས་འདི་དང་འདི་འདྲ་བྱེད་དགོས་ཀྱི་འདུག་ཟེར་བ་ལ་སོགས་པའི་ཡིག་ཆ་སྔ་ཕྱི་མང་པོ་ཞིག་བསྐུར་ཡོད། འོན་ཀྱང་བར་སྐབས་ཤིག་ལ་རྔ་པ་ཀིརྟིའི་དགོན་པའི་ལས་སྣེའི་ནང་ཁུལ་ལ་འཆམ་པོ་མེད་པར་གྱུར་ཏེ། ལས་སྣེའི་ནང་ཁུལ་དུ་ཕན་ཚུན་ལྡོག་ཕྱོགས་དང་དགག་པ་རྒྱག་རེས་བཤད་པ་མ་གཏོགས། སྤྱི་བའི་ལས་དོན་ཐོག་ལ་ལྷག་བསམ་རྣམ་དག་གིས་བསམ་བློ་བཏང་ནས་ལས་ཀ་བྱེད་མི་ཐུབ་མཁན་ཞིག་ཏུ་གྱུར་པ་རེད།

                གནས་ཚུལ་གཞན་པ་ཞིག་ནི། གྲྭ་གཞོན་རྣམས་ཀྱིས་སེམས་ཤེས་ཀྱི་མེད་པས་རང་བཞིན་གྱིས་རྣམ་གཡེང་བྱ་རྒྱུར་དགའ་བོ་ཡོད་དུས། རྒན་པ་འགའ་ཤས་ཀྱིས་གོ་སྐབས་དེ་དང་བསྟུན་ནས་གྲྭ་གཞོན་ཚོར་རྣམ་གཡེང་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་ཟོལ་གྱིས། ཁྱེད་ཚོ་གུ་ཡངས་པོ་བྱ་དགོས་པ་རེད། འདི་འདྲའི་འགྲིག་ལམ་བཙན་པོ་དང་དམ་པོ་ཞིག་བཟོས་པས་ཕན་ཐོགས་ཡོད་པ་མ་རེད་ཟེར་བ་སོགས་ཀྱི་དཀྲོག་གཏམ་སྣ་ཚོགས་ཤོད་མཁན་ཡང་རྒན་པའི་གྲས་ནས་འགའ་ཤས་ཡོད། གྲྭ་གཞོན་དེ་ཚོས་རྒན་པ་དེ་དག་གིས་གང་བཤད་པ་དེ་ཤ་ཚ་རེད་སྙམ་ནས་རང་རང་གིས་གང་བསམ་གྱི་རྣམ་གཡེང་ཤ་སྟག་བྱས་ནས་བསྡད་པས། ཕར་ཕྱིན་ལོ་རིམ་དང་པོ་ནས་ཕར་ཕྱིན་ལོ་རིམ་བཞི་པའི་བར་གྱི་གྲྭ་གཞོན་མང་ཆེ་བའི་སློབ་སྦྱོང་དང་ཀུན་སྤྱོད་འཕྲོ་བརླག་ཏུ་བཏང་བ་རེད།

                ཀིརྟི་ཚང་གི་གདན་ས་ཆེ་ཁག་བཞིའི་ཕར་ཕྱིན་ལོ་རིམ་དང་པོ་ནས་བཞི་པའི་བར་གྱི་སློབ་གཉེར་པ་རྣམས་ཀྱི་སློབ་སྦྱོང་གི་གནས་སྟངས་དངོས་ཡོད་གནས་ཚུལ་ངོ་མ་གང་འདྲ་ཡིན་མིན་རྒྱུས་ལོན་བྱ་བའི་ཆེད་དུ། དོན་ཚན་བཅུ་བཞི་ཅན་གྱི་དྲི་བ་ཞིག་བསྐུར་ཏེ་འདིའི་ཐོག་དངོས་ཡོད་གནས་ཚུལ་གྱི་ལན་འདེབས་དྲང་པོ་བྱ་དགོས་ཞེས། ཕྱི་ལོ་ ༢༠༡༧ ལོའི་ཟླ་ ཚེས་ ནས་བཟུང་སྟེ། སློབ་གཉེར་པ་སྒེར་སོ་སོའི་སློབ་སྦྱོང་གི་གནས་སྟངས་ངོ་མ་གང་འདྲ་ཡིན་མིན་ལན་འདེབས་བྱ་དགོས་པའི་ཡི་གེ་སྔ་ཕྱི་མང་པོ་བཏང་བའི་མཐའ་མ་ལན་འབྱོར་བ་རེད། ཁོ་ཚོའི་ཡིག་ལན་ལ་ཞིབ་འཇུག་བྱེད་པའི་སྐབས་རྔ་པ་ཀིརྟིའི་དགོན་གྱི་ཕར་ཕྱིན་ལོ་རིམ་དང་པོ་ནས་བཟུང་སྟེ་ཕར་ཕྱིན་ལོ་རིམ་བཞི་པའི་བར་གྱི་སློབ་གཉེར་པ་རྣམས་ཀྱི་སློབ་སྦྱོང་དང་ཀུན་སྤྱོད་ཀྱི་གནས་སྟངས་ཤིན་ཏུ་སྐྱོ་པོ་ཡིན་པ་ར་འཕྲོད་གསལ་པོ་བྱུང་བ་རེད།

                དཔེར་ན། རྔ་པ་ཀིརྟིའི་དགོན་གྱི་སྐབས་དེའི་ཕར་ཕྱིན་ལོ་རིམ་བཞི་པའི་སྐྱོར་དཔོན་བློ་བཟང་ཆོས་འཛིན་གྱིས་ལན་འདེབས་བྱས་པའི་ནང་དུ། ལོ་དང་པོར་རྒྱུགས་ཆ་ཚང་འཕྲོད། ལོ་གཉིས་པའི་ནང་ལ་བྲིས་རྒྱུགས་དང་བློ་རྒྱུགས་མ་འཕྲོད། རྩོད་རྒྱུགས་འཕྲོད། ལོ་གསུམ་པའི་ནང་རྒྱུགས་ཆ་ཚང་མ་འཕྲོད། ལོ་བཞི་གའི་ནང་ཆོས་ར་ལ་ཉིན་གྲངས་ལྔ་བཅུ་ཡས་མས་ཤིག་སོང་བ་ཡིན། རང་དགོན་དུ་སྔ་ཕྱི་བསྡོམས་པའི་དཔེ་ཁྲིད་ཐེངས་ལྔ་བཅུ་ཙམ་སོང་བ་ཡིན། དབྱར་ཆོས་ཆེན་པོ་ཐེངས་བཞི་ཚོགས་པ་ལས་ཐེངས་གཅིག་ལ་སོང་བ་ཡིན། དགུན་ཆོས་ཆེན་པོ་བཞི་ལས་གཉིས་ལ་སོང་བ་ཡིན་ཞེས་གནས་སྟངས་ངོ་མ་དེ་བྲིས་ཡོད། ཕར་ཕྱིན་ལོ་རིམ་བཞི་པའི་སྐྱོར་དཔོན་གྱི་ལན་འདེབས་དེས་སློབ་གཉེར་པའི་སློབ་སྦྱོང་གི་དངོས་ཡོད་གནས་སྟངས་ངོ་མ་འདིས་མཚོན་པར་བྱས་ཡོད། འཛིན་གྲྭ་བཞི་པའི་སྐྱོར་དཔོན་གྱི་གནས་སྟངས་དེ་འདྲ་ཞིག་ཡིན་ན་འཛིན་གྲྭ་གསུམ་པ་དང་གཉིས་པ་དང་པོ་བཅས་ཀྱི་གནས་སྟངས་དེ་ལས་ཀྱང་སྐྱོ་པོ་ཡིན་པར་རང་བཞིན་གྱིས་ཚོད་དཔག་ཐུབ་པ་ཞིག་རེད། འཛིན་གྲྭ་སོ་སོའི་ནང་གི་སྐྱོར་དཔོན་ནི་སློབ་སྦྱོང་དང་ཀུན་སྤྱོད་གང་ཅིའི་ཐད་ནས་ཡག་ཤོས་ཀྱི་ཚད་དུ་བྱེད་ས་ཞིག་རེད། དེའི་འོག་དཔེ་ཁྲིད་ལ་རྩ་བ་ནས་མ་སོང་མཁན་དང། ཆོས་ར་ལ་རྩ་བ་ནས་མ་སོང་མཁན། རྒྱུགས་གཅིག་ཙམ་ཡང་མི་སྤྲོད་མཁན་གྱི་སློབ་གཉེར་པ་མང་པོ་ཡོད། གྲྭ་པ་འདི་ཚོའི་གྲས་ནས་མཱ་ཅང་རྩེད་སར་འགྲོ་མཁན་དང་། མཱ་ཅང་རྩེད་སའི་སྦྱིན་བདག་བྱེད་མཁན། ལྒང་བུ་རྒྱག་མཁན་མང་པོ་ཡོད་པ་ཙམ་དུ་མ་ཟད་ལྒང་བུ་རྩེད་མཁན་གྱི་ཚོགས་པ་འདྲ་མིན་མང་པོ་ཞིག་བཙུགས་ཡོད། རྒྱུན་དུ་འཆད་ཉན་སློབ་གཉེར་མི་བྱེད་པར་རྩེད་མོ་རྩེ་རྒྱུ་དང་བྱ་སྤྱོད་ངན་པ་རྐྱང་པ་ལ་མགོ་འཁོར་ནས་སྡོད་ཀྱི་ཡོད་སྟབས། རྔ་པ་ཀིརྟིའི་དགོན་པའི་གྲྭ་གཞོན་ཚོའི་འཆད་ཉན་སློབ་གཉེར་ལ་ལོ་ཤས་རིང་ཉམས་ཆག་བསམ་ཡུལ་ལས་འདས་པ་ཞིག་ཕྱིན་པ་རེད།

                རྔ་པ་ཀིརྟིའི་དགོན་པ་ཟེར་དུས་ཕྱི་ལྟར་དུ་དགོན་པའི་ཁང་པ་འཇིག་མེད། གྲྭ་ཚོགས་ཀྱང་འཇིག་མེད། གྲྭ་ཆས་དམར་པོ་གྱོན་བསྡད་མཁན་ཤིན་ཏུ་མང་པོ་ཡོད་ནའང་ནང་ལྟར་དུ་འཆད་ཉན་སློབ་གཉེར་འཇིག་ནས་མ་འོངས་པའི་རེ་བ་རྒྱག་ས་མེད་པ་ཞིག་ཏུ་གྱུར་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ངས་འདི་ནས་དགོན་པའི་འཆད་ཉན་སློབ་གཉེར་ལ་ཤིན་ཏུ་ཉམས་ཆག་ཆེན་པོ་བྱུང་འདུག་པས་ཞིབ་འཇུག་བྱེད་དགོས་ཀྱི་འདུག་ཅེས་ལས་སྣེ་ལ་ཡི་གེ་ཅུང་རྩུབ་ཙམ་ཞིག་བསྐུར་བ་ཡིན། ངས་ཡི་གེ་བསྐུར་བ་དེ་ལས་སྣེ་རེ་ཟུང་གིས་བསྐུངས་ཏེ་ཕྱི་ལ་ཐོན་གྱི་མེད་པར་གནན་ནས་བཞག་པ་རེད། དེར་བརྟེན་ཤེས་ཡོན་འགན་འཛིན་ལྷན་ཚོགས་ལ་ལས་སྣེ་ལ་ཡི་གེ་འདི་འདྲ་ཞིག་བསྐུར་ཡོད་ཅེས་ལས་སྣེར་བསྐུར་བའི་ཡི་གེའི་ངོ་བཤུས་དེ་བསྐུར་བ་ཡིན། ང་ལ་དེ་མ་གཏོགས་ཐབས་ཤེས་གཞན་མ་ཡོད་པ་རེད། གཞི་ནས་ཤེས་ཡོན་འགན་འཛིན་ལྷན་ཚོགས་ཀྱིས་གནས་ཚུལ་དེ་བསྒུལ་ནས་ལས་སྣེའི་ལག་ཏུ་ཡོད་པའི་ཡི་གེ་དེ་ཕྱི་ལ་འཐོན་པ་རེད། རྔ་པ་ཀིརྟིའི་དགོན་པའི་གནས་སྟངས་འདི་ལྟ་བུའི་སྐྱོ་པོ་ཞིག་ཏུ་གྱུར་སོང། རེ་ས་ནས་བསླུས་ཟེར་བ་འདི་མ་རེད་དམ། ངས་རེ་བ་ཆེན་པོ་བྱས་ཀྱང་རེ་བ་བྱེད་ས་དེ་ཚོས་ལས་ཀ་ཡག་པོ་ཞིག་གཏན་ནས་བྱས་མེད། འཆད་ཉན་སློབ་གཉེར་བྱེད་མཁན་དང་། བསླབ་པ་སློབ་གཉེར་བྱེད་མཁན། འགྲིག་ལམ་གྱི་མགོ་ལ་སྡོད་མཁན། འགྲིག་ལམ་ལ་ལྟ་རྟོག་བྱེད་མཁན་སོགས་མང་པོ་ཞིག་གིས་སྤྱི་དོན་རྒྱབ་ལ་བོར་ནས་ཡལ་ཡོལ་འདི་འདྲ་བྱས་པའི་སྐབས་རེ་ས་ནས་བསླུས་ཟེར་བ་དེ་རེད། འདི་འདྲ་བྱས་དུས་ང་བློ་བདེ་པོ་ཡོང་གི་རེད་མ་རེད། ང་སེམས་པ་སྐྱིད་པོ་ཡོང་གི་རེད་མ་རེད།

                ལོ་སྔོན་མའི་ལོ་ཧྲིལ་པོའི་ནང་སེམས་པ་སྐྱིད་པོ་གཏན་ནས་མ་བྱུང་། སྙིང་ན་བ་དང་། མགོ་ཡུ་འཁོར་བ་སོགས་ན་ཚ་མང་པོ་ཞིག་རང་བཞིན་གྱིས་འཕར་ཡོང་གི་འདུག རྐྱེན་ངན་འདི་འདྲ་ཞིག་གི་ཐོག་ནས་ངའི་ནད་གཞི་འཕར་ནས་རིམ་གྱིས་ཛ་དྲག་གི་གནས་སྟངས་སུ་གྱུར་པ་རེད། གནས་ཚུལ་འདིའི་མགོ་མཇུག་བར་གསུམ་ཇི་བཞིན་གསལ་པོ་ཞིག་མ་ཤེས་ན་ན་ཚ་ཛ་དྲག་དེ་ལྟ་བུ་ཞིག་གློ་བུར་དུ་འཕར་དགོས་པའི་རྒྱུ་མཚན་ཅི་ཡིན་བསམ་པ་ཡོང་སྲིད་པ་རེད། ངས་ཐོག་མཐའ་བར་གསུམ་དུ་ཀིརྟིའི་དགོན་ཁག་ཡོངས་རྫོགས་ལ་ཤ་ཚ་བ་དང་ལྷག་བསམ་རྣམ་དག་བྱེད་ཀྱི་ཡོད་ལ། ལྷག་པར་དུ་རྔ་པ་ཀིརྟིའི་དགོན་པ་ལྟ་བུར་མཚོན་ན་གྲྭ་ཚོགས་ཤིན་ཏུ་ཆེན་པོ་ཡོད་པས་དགོན་པ་འདིའི་འཆད་ཉན་སློབ་གཉེར་དང་འགྲིག་ལམ་ཀུན་སྤྱོད་ཆོས་དང་མཐུན་པ་ཡག་པོ་ཞིག་བྱུང་ན། སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་ཕན་ཐོགས་ཆེ་བ་ཞིག་ཡོང་གི་རེད་བསམས་ནས་ཉིན་མཚན་མེད་པར་དཀའ་ལས་བརྒྱབས་པ་ཡིན། བཅའ་ཡིག་བློ་གསལ་འཇུག་ངོགས་ཟུར་རྒྱན་དང་བཅས་པར་དེབ་བདུན་ཡོད་པ་དེ་དག་ཉིན་མཚན་སྦྲེལ་ནས་དཀའ་ལས་ཆེན་པོ་བརྒྱབས་ཏེ་རྩོམ་སྒྲིག་བྱས་པ་ཡིན།

    དེ་བཞིན་དུ་ང་ཚོའི་དགོན་སྡེ་ཁག་ལ་སྔོན་འགྲོའི་ནང་བསྟན་སློབ་གཉེར་ཁང་རེ་ཡོད་པ་དེ་དག་གི་ཤེས་ཡོན་ཚད་ལོངས་པ་ཡག་པོ་བྱུང་ན་བསམ་པའི་ཐོག་ནས་ལོ་མང་པོའི་རིང་དཀའ་ལས་བརྒྱབས་ཏེ་སློབ་དེབ་བློ་གསལ་མགུ་རྒྱན་ཞེས་པ་བསྒྲིགས་པ་ཡིན། སློབ་དེབ་སྔོན་འགྲོ་ནས་འཛིན་གྲྭ་དགུ་པའི་བར་གྱི་དེབ་གྲངས་བདུན་ཅུ་མ་ཟིན་ཙམ་རྩོམ་སྒྲིག་བྱས་ཏེ་དཔར་བསྐྲུན་བྱས་ཟིན་ཡོད། ཞོགས་པ་ནམ་གསལ་ནས་བཟུང་དགོང་མོ་ས་རུབ་པའི་བར་དུ་དབྱར་ཁའི་ཚ་བ་དང་དགུན་ཁའི་གྲང་ངལ་ལ་མ་འཛེམས་པར་དཀའ་ལས་བརྒྱབས་ནས་བསྒྲིགས་པ་ཡིན། ཡིན་ན་ཡང་རྔ་པ་ཀིརྟིའི་དགོན་པའི་སློབ་གྲྭའི་ནང་གི་གྲྭ་གཞོན་རྣམས་སློབ་གྲྭ་ནས་ཡར་ཐོན་ཡོང་བའི་སྐབས། ཚད་མའི་སློབ་གཉེར་ཁང་ཟེར་བ་ཞིག་ཟུར་དུ་བཙུགས་ཏེ་གྲྭ་གཞོན་གཉིས་བརྒྱ་ལྷག་ཅིག་དེའི་ནང་དུ་བསྡུས་ཡོད། གྲྭ་གཞོན་འདི་དག་ནི་ནང་བསྟན་སྔོན་འགྲོའི་སློབ་གཉེར་ཁང་དུ་ཤེས་ཡོན་གྱི་རྨང་གཞི་གང་འཚམས་ཡག་པོ་བཙུགས་ཡོད་པ་ཤ་སྟག་ཡིན་དུས། མ་འོངས་པར་རྔ་པ་ཀིརྟི་དགོན་པའི་སློབ་གཉེར་པའི་རྐང་འཛིན་མཁན་ཞིག་ཡོང་རྒྱུའི་རེ་བ་རྒྱག་ས་གཙོ་བོ་ཞིག་ཏུ་གྱུར་ཡོད་ནའང་། ཚད་མའི་སློབ་གཉེར་ཁང་ཟེར་བ་དེ་ཕྱིས་སུ་འགྲིག་ལམ་མེད་ས་དང་། སློབ་སྦྱོང་མི་བྱེད་ས། དགེ་རྒན་གྱི་འཐེན་འཁྱེར་བྱེད་ས། ཕྱོགས་གཉིས་བར་གྱི་འགལ་ཟླ་དང་ཕྱོགས་རིས་འཐེན་འཁྱེར་ཡོང་སའི་ལྟེ་བ་ཞིག་ཏུ་བསྒྱུར་པ་རེད། རེ་བ་ཆེན་པོ་བྱེད་སའི་གྲྭ་གཞོན་དེ་ཚོ་སློབ་སྦྱོང་གཏན་ནས་མི་བྱེད་མཁན་དང་སྤྱོད་པ་མ་རབས་བྱེད་མཁན་ཞིག་ཏུ་གྱུར་ཏེ། ལྒང་བུ་རྒྱག་པར་འགྲོ་མཁན་མང་ཤོས་གྲྭ་གཞོན་དེ་ཚོའི་གྲས་ནས་ཡོང་བ་རེད། འདི་གྲས་སུ་གྲྭ་གཞོན་གཉིས་བརྒྱ་དང་གཉིས་ཡོད་པ་མི་གྲངས་ཀ་ཉུང་ཉུང་ཞིག་གཏན་ནས་མིན། གྲྭ་གཞོན་གཉིས་བརྒྱ་དང་གཉིས་ཀྱི་སློབ་སྦྱོང་གི་མདུན་ལམ་འཕྲོ་བརླག་ཏུ་བཏང་བར་མ་ཟད། མི་གཤིས་ཀྱང་འཕྲོ་བརླག་ཏུ་ཏུ་བཏང་བ་རེད། དགོན་པའི་འགན་ཡོད་མི་སྣ་ཚོས་འདི་འདྲ་བྱས་ན་ང་བློ་བདེ་པོ་ཡོང་གི་རེད་དམ་ཡོང་གི་མ་རེད། ངས་དཀའ་ལས་བརྒྱབས་པ་དེ་ཚོས་ཕན་ཐོགས་བྱུང་ཡོད་པ་རེད་དམ་མ་རེད། མི་འགའ་ཤས་ཀྱིས་དགོན་པའི་སྐུ་དོན་ལ་བསམ་བློ་གཏོང་མི་ཤེས་པའི་དབང་དུ་བྱས་ཀྱང་། ཕྲུ་གུ་དེ་འདྲ་མང་པོ་ཞིག་གི་མདུན་ལམ་འཕྲོ་བརླག་བཏང་བ་དེ་མི་རིགས་ཀྱི་གྱོང་གུད་ཆེན་པོ་ཞིག་རེད།

                ཕར་ཕྱིན་ལོ་རིམ་དང་པོ་ནས་ཕར་ཕྱིན་ལོ་རིམ་བཞི་པའི་བར་དུ་གྲྭ་པ་གཉིས་བརྒྱ་དང་བཅུ་མེད་ལྔ་འདུག གྲྭ་པ་གཉིས་བརྒྱ་དང་བཅུ་མེད་ལྔ་ཡོད་པ་དེ་དག་མང་ཆེ་བས་ཆོས་འཆད་ཉན་བྱེད་ཀྱི་མེད་ལ། རྒྱུགས་བརྩི་བཞག་ཀྱང་བློ་འཛིན་བྱེད་ཀྱི་མེད། ཚོགས་ཆོས་ར་ལ་ཡང་གཏན་ནས་འགྲོ་མི་དགོས་པའི་ཐབས་ཤེས་བྱེེད་ཀྱི་ཡོད། བསྡོམས་པས་རྔ་པ་ཀིརྟིའི་དགོན་པའི་གྲྭ་གཞོན་རེ་བ་བརྒྱག་ས་བཞི་བརྒྱ་ལྷག་ཅིག་གི་འཆད་ཉན་སློབ་གཉེར་གྱི་མདུན་ལམ་ཡག་པོ་མེད་པ་ཤ་སྟག་ཏུ་བསྒྱུར་པ་རེད། འདིའི་རིགས་ལ་རྒྱབ་སྐྱོར་བྱེད་མཁན་རྒན་པའི་གྲས་ནས་རེ་ཟུང་ཡོད། དགོན་པའི་ནང་དུ་ཡང་ལྒང་བུ་རྒྱག་སའི་ཐང་ཁ་བཟོ་དགོས་ཀྱི་འདུག་ཟེར་མཁན་ཡང་གྲྭ་པ་རྒན་པའི་གྲས་ནས་རེད། འདི་ལྟ་བུའི་གནས་ཚུལ་མང་པོ་བྱུང་བའི་སྐབས་ལ་ང་བློ་མ་བདེ་བ་ཆེན་པོ་བྱུང་།

                རྔ་པ་ཀིརྟིའི་དགོན་པའི་མ་འོངས་པའི་མདུན་ལམ་དེ་སྔ་འཕྲོ་བརླག་ཏུ་སོང་ཚར་བ་འདི་དང་། སློབ་གཉེར་པ་བཞི་བརྒྱ་ལྷག་གི་མི་ཚེ་འཕྲོ་བརླག་ཏུ་ཕྱིན་ཚར་བ་དེ་ཚོར་བཅོས་ཐབས་མེད་ནའང་། ད་ཕྱིན་ཆད་ཀྱི་དགོན་པའི་མདུན་ལམ་དང་གྲྭ་གཞོན་རྣམས་འཕྲོ་བརླག་ཏུ་མི་འགྲོ་བའི་ལམ་ཁ་མ་ནོར་བ་ཞིག་བསྩལ་དགོས་ཀྱི་འདུག་བསམས་ནས། ཕྱི་ལོ་ ༢༠༡༦ ལོར་དམིགས་བསལ་ཞལ་ངོ་བསྐོ་བཞག་བྱ་རྒྱུ་དང་ཞལ་ངོ་གསར་པ་བསྐོ་བཞག་བྱེད་སྟངས་ཀྱི་སྒྲིག་གཞིའི་ཟིན་བྲིས་བཟོ་རྒྱུ་སོགས་ཀྱི་དོན་དུ་ལོ་གཅིག་པོར་དཀའ་ལས་བརྒྱབས་པ་ཡིན།

                སྐབས་དེར་བོད་ནང་གི་འབྲེལ་ཡོད་དགོན་པ་སོ་སོའི་སློབ་གཉེར་པ་ཚོ་ལ་འབྲེལ་བ་བྱས་ཏེ་བསམ་ཚུལ་གང་འདྲ་འདུག་ཅེས་རྒྱུས་ལོན་བྱེད་པའི་སྐབས། ཁོ་ཚོས་བྲིས་པའི་བསམ་ཚུལ་ནང་དུ་འདི་འདྲ་འདུག

                བཅའ་ཡིག་གསར་པ་ལག་བསྟར་བྱས་ནས་ལོ་བཞི་འགོར་ལ་ཉེ་ན་ཡང། དེ་ལ་བརྟེན་ནས་རང་དགོན་དུ་ཐོས་བསམ་སློབ་གཉེར་ལ་དོན་དམ་པའི་ཡར་རྒྱས་བྱུང་མེད་པར་མ་ཟད། ཕུགས་རྒུད་པ་ནས་རྒུད་པའི་ཕྱོགས་སུ་བསྐྱོད་བཞིན་ཡོད། ཅེས་བྲིས་པ་འདི་སློབ་གཉེར་པ་ཚོའི་བསམ་ཚུལ་ཡིན་པ་ལས་ལས་སྣེ་དང་གྲྭ་པ་རྒན་པ་ཚོས་དེ་འདྲ་བའི་གནས་ཚུལ་ཤེས་ཀྱི་མེད། སློབ་གཉེར་པ་གང་ལེགས་དང་འགྲིག་ལམ་ཡར་རྒྱས་ཡོད་ཅེས་ཞུ་གི་ཡོད། སློབ་གཉེར་པ་ཚོའི་བསམ་འཆར་གྱི་ནང་དུ།

                ད་ལྟའི་རང་དགོན་གྱི་གནད་དོན་གཙོ་བོ་ནི། དགོན་པའི་འགྲིག་ལམ་ཡག་བཙོག་གི་གནད་དོན་མིན་པར། མ་གཞི་ནས་དགོན་པར་མིང་དོན་མཚུངས་པའི་སྒྲིག་ལམ་ཞིག་ཡོད་མེད་ཀྱི་གནད་དོན་ཡིན། ཅེས་བྲིས་པ་འདི་ཡང་དངོས་ཡོད་གནས་ཚུལ་ཡིན། ཀིརྟིའི་དགོན་པ་ལ་འགྲིག་ལམ་ཡོད་མེད་ཀྱི་གནད་དོན་ཙམ་མ་ཡིན་པར་འགྲིག་ལམ་ཚུལ་བཞིན་ལག་བསྟར་བྱེད་ཀྱི་ཡོད་མེད་ལ་རག་ལུས་པ་ཡིན། འགྲིག་ལམ་ཚུལ་བཞིན་མ་བསྡམས་པར་འགྲིག་ལམ་ཁ་ལ་འཁྱེར་བ་ཙམ་གྱིས་ཕན་ཐོགས་གང་ཡང་འབྱུང་མི་ཐུབ། དངོས་ཡོད་གནས་ཚུལ་ལ་ལས་སྣེ་འགའ་ཤས་ཀྱིས་འགྲིག་ལམ་ཡག་པོ་ཞིག་གཏན་ནས་བསྡམས་མེད། སོ་སོའི་དུས་ཚོད་འཁྱོལ་ཐབས་ཁོ་ན་བྱས་ཡོད། འགྲིག་ལམ་བསྡམ་སྟངས་ལ་ཕྱོགས་རིས་ཀྱི་གནས་ཚུལ་ཡང་ཤིན་ཏུ་མང་པོ་བྱུང་ཡོད། ཐ་ན་ཆོས་རའི་ནང་གི་ཆོས་ཆད་ཚུན་ཆད་ལོ་རེ་བཞིན་གུ་ཇེ་ཡངས་སུ་བཏང་ནས་ཆོས་རར་མ་སོང་བ་ཡིན་ན་ཡང་རྩ་ཆད་ཕོག་རྒྱུ་མེད་པ་ལྟ་བུ་བཟོས་ཡོད། དཔེར་ན། ལོ་དང་པོའི་ནང་རྩ་ཆད་ལྔ་བཅུ་ལས་བརྒལ་མི་ཆོད་པ་ལྟ་བུ་ཡིན་ན། ལོ་རྗེས་མའི་ནང་ཡོང་བའི་ཞལ་ངོ་གསར་པ་དེས་དེ་ལས་ཀྱང་གུ་ཇེ་ཡངས་སུ་བཏང་སྟེ་རྩ་ཆད་ཅི་ཙམ་མང་པོ་ཡོད་ཀྱང་ཆད་པ་ཕོག་རྒྱུ་མེད་པའི་གུ་ཡངས་ཀྱི་ལམ་ཁ་བཟོས་ཡོད་པར་མ་ཟད། དེའི་སྟེང་ལ་ནད་དགོངས་དང་ལས་དོན་གྱི་དགོངས་ཤོག་མིང་ཙམ་ཞིག་འབུལ་རྒྱུའི་གོ་སྐབས་ཤིག་ཡོད་སྟབས་ལོ་གཅིག་པོར་ཉིན་གཅིག་ཀྱང་ཆོས་རར་མ་སོང་ན་ཡང་སྐྱོན་མེད་པ་ལྟ་བུ་བཟོས་ཡོད། འགྲིག་བདག་འགའ་ཤས་ཀྱིས་སློབ་གཉེར་པ་ཚོ་ཆོས་ར་ལ་ཡོང་དགོས་པའི་ཐབས་ཤེས་གཙོ་འདོན་བྱ་རྒྱུའི་ཚབ་ཏུ། ཆོས་ར་ལ་ཡོང་མི་དགོས་པའི་གུ་ཡངས་གཏོང་ཐབས་ལ་ཞལ་ངོ་སྔ་ཕྱི་འགའ་ཤས་ཀྱིས་རྒྱུ་མཚན་ལྟར་སྣང་རེ་བགྲངས་ནས་གུ་ཡངས་གཏོང་ཐབས་བྱས་ཡོད།

                སྐབས་ཤིག་ལ་ངས་འདི་ནས་འགྲིག་ལམ་སྐོར་བསམ་ཚུལ་གྱི་ཡི་གེ་ཞིག་ལས་སྣེ་ལ་བསྐུར་བ་ཡིན་ན། ངའི་ཡི་གེའི་ནང་དོན་དེ་ལག་ལེན་ཇི་ལྟར་བྱ་དགོས་མིན་དང་ལག་བསྟར་བྱེད་སྟངས་ལ་གྲོས་བསྡུར་མི་བྱེད་པར་ཐོག་མ་ནས་རིན་པོ་ཆེ་ལ་ཡིག་ལན་འབྲི་རྒྱུའི་ཐོག་གྲོས་བསྡུར་གཙོ་བོར་བྱེད་པའི་སྐབས་ཀྱང་བྱུང་མྱོང་ཡོད། སློབ་གཉེར་པའི་བསམ་འཆར་གྱི་ཡི་གེ་ཞིག་གི་ནང་དུ།

                ད་ལྟ་རང་དགོན་དུ་གྲྭ་གཞོན་སློབ་གཉེར་པ་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་ཡོད་པར་མ་ཟད། ཀུན་སྤྱོད་ཀྱི་ཐད་ནས་ཀྱང་ཡིད་ཤིན་ཏུ་སྐྱོ་པོར་ཆགས་ཀྱི་འདུག ཅེས་བྲིས་ཡོད། འདི་ཡང་དགོན་པའི་ནང་གི་སློབ་གཉེར་པའི་བསམ་ཚུལ་ཡིན་པ་མ་གཏོགས་ང་ཚོས་འདི་ནས་མར་བཤད་པ་ཞིག་མིན་ལ། ལས་སྣེ་ཚོས་སློབ་གཉེར་དང་ཀུན་སྤྱོད་ཐད་བསམ་བློ་གཏིང་གི་མེད་པ་དེ་དངོས་ཡོད་གནས་ཚུལ་རེད། དམིགས་བསལ་ཞལ་ངོ་གཉིས་ཀྱི་རིང་ལ་གྲྭ་པ་ཚོའི་ཤག་ནས་སྐྱ་ཆས་ཤིན་ཏུ་མང་པོ་དྲ་ཐོག་ནས་ཕྱི་ལ་བཏོན་ཡོད་པ་ཀུན་གྱིས་མཐོང་བ་དེ་རེད། གྲྭ་པ་ཚོས་སྐྱ་ཆས་འདི་འདྲ་མང་པོ་ཞིག་གང་གི་ཆེད་དུ་བསྒྲུབས་ཀྱི་ཡོད་པ་རེད། དགོན་པ་འདིའི་ནང་ནས་སྐྱ་ཆས་འདི་འདྲའི་མང་པོ་ཞིག་ག་རེ་བྱས་ནས་ཐོན་པ་རེད། འདིའི་ཐོག་ནས་གྲྭ་པ་གཞོན་པ་ཚོའི་སྤྱོད་ལམ་གང་འདྲ་ཞིག་ཡོད་པ་གསལ་པོར་བསྟན་པ་རེད། ཡང་སློབ་གཉེར་པའི་བསམ་ཚུལ་ཞིག་ཏུ།

                རྒྱུགས་འབྲས་ཞན་པ་དང་སློབ་གཉེར་ཡག་པོ་གནང་གི་མེད་པ་ཙམ་ལ་ཆད་པ་གཅོད་རྒྱུ་ཡིན་ནི། རང་དགོན་གྱི་གྲྭ་པ་ཕྱེད་ཀ་ལ་ཆད་པ་གཅོད་དགོས་པར་མི་ཐལ་ལམ། ཞེས་བྲིས་པ་འདི་བདེན་པ་རེད།

                རྔ་པ་ཀིརྟིའི་དགོན་པའི་གནས་སྟངས་འདི་འདྲའི་ཐབས་སྐྱོ་པོ་ཞིག་ལ་བསྒྱུར་ཚར་བ་ཡིན་དུས་ཛ་དྲག་གིས་སྐྱོབ་ཐབས་ག་འདྲ་བྱེད་དགོས་ཞེས་བསམ་བློ་གཏོང་བའི་སྐབས། གལ་སྲིད་མི་ནད་པ་ཛ་དྲག་ཅན་ཞིག་ཡིན་ན་སྨན་ཁང་ནང་བཤའ་བཅོས་གཏོང་དགོས་པ་ལྟ་བུའི་མཚམས་སུ་སླེབས་པ་ལྟར་དགོན་པའི་གནས་སྟངས་ལ་ཛ་དྲག་ཅན་གྱིས་སྐྱོབ་ཐབས་ཤིག་མ་བྱས་ན། མ་འོངས་པའི་རྔ་པ་ཀིརྟིའི་དགོན་པའི་འཆད་ཉན་སློབ་གཉེར་དང་འགྲིག་ལམ་ཀུན་སྤྱོད་ཟེར་བ་དེ་ཉེན་ཁ་ཆེན་པོའི་མཚམས་སུ་བརྫངས་ཚར་ཡོད་དུས། ལོ་སྔོན་མའི་ནང་ཨ་ཁུ་བཀྲ་ཤིས་དང་ཨ་ཁུ་བརྩོན་འགྲུས་གཉིས་མཁན་ཟུར་ཡིན་ནའང་དམིགས་བསལ་ཞལ་ངོ་ལ་བསྐོ་བཞག་བྱས་ཏེ། ཁོང་གཉིས་ཀ་འདི་ནས་ཐད་ཀར་ཞལ་ངོ་ལ་བསྐོ་བཞག་བྱས་ན་སྡོད་རྒྱུར་ཁས་ལེན་མིན་གྱི་དཀའ་ངལ་ཡོང་སྲིད་པ་ཡིན་དུས། གྲྭ་མང་གི་འོས་འཕེན་གྱི་ལམ་ནས་བསྐོ་བཞག་བྱ་རྒྱུར་ཐག་གཅོད་བྱས་པ་ཡིན། འོས་བསྡུའི་སྒྲིག་གཞི་ཆ་ཚང་བ་གསར་དུ་བཟོས་པ་ཡིན། ཨ་ཁུ་བཀྲ་ཤིས་དང་ཨ་ཁུ་བརྩོན་འགྲུས་གཉིས་ཀྱིས་ཞལ་ངོ་གནང་རྒྱུ་གཏན་འཁེལ་བྱུང་བའི་སྐབས་འདི་ནས་ཁོང་རྣམ་པ་གཉིས་ཀ་རེ་རེ་ལ་རེ་སྐུལ་གྱི་ཡི་གེ་རེ་ཕུལ་བ་ཡིན་ལ། ཕྱོགས་གཉིས་ཀའི་དགེ་ཕྲུག་ཚོ་ལ་ཡང་ད་ལྟའི་བར་དུ་གནས་ཚུལ་འདྲ་མིན་བྱུང་ཡོད་ཀྱང་ཕྱིན་ཆད་དགེ་རྒན་ཁོང་གཉིས་ཀྱིས་ཞལ་ངོ་གནང་བའི་སྐབས་སུ་མཐུན་ལམ་སོགས་ཀྱི་ཐོག་འབད་བརྩོན་བྱེད་རོགས་ཞེས་རེ་སྐུལ་གྱི་ཡི་གེ་རེ་བསྐུར་ནས་ཐབས་ཤེས་གང་ཡོང་བྱས་པ་ཡིན། ཁོང་གཉིས་ཀྱིས་ཞལ་ངོ་གནང་བའི་རྗེས་སུ་འགྲིག་ལམ་ཡར་རྒྱས་ཀྱི་ཕྱོགས་སུ་འགྲོ་བཞིན་ཡོད། ཡིན་ན་ཡང་དེའི་བར་དུ་ཚད་མའི་སློབ་གཉེར་ཁང་གི་གྲྭ་གཞོན་ཚོར་འགྱུར་བ་གཏོང་རྒྱུར་དཀའ་ངལ་གང་འཚམས་འཕྲད་བྱུང་། དེའི་དབང་གིས་ངས་བརྟན་བཞུགས་སྐབས་སུ་བཤད་པ་ལྟར་ང་ལ་ཛ་དྲག་གི་ནད་གཞི་འབྱུང་ཁ་དེར་ལས་སྣེ་ལ་ཡི་གེ་ཞིག་བཏང་བ་ཡིན། ཡི་གེ་དེ་བཏང་ནས་ཉིན་འགའ་ཤས་ལས་མ་ཕྱིན་པར་ང་ལ་ཛ་དྲག་གི་ནད་གཞི་དེ་ཕོག་པ་རེད། འཕྲལ་གྱི་ཡོང་རྐྱེན་དེ་ང་རང་གི་སྤྱོད་ལམ་གྱི་གནས་ཚུལ་ཞིག་གི་ཐོག་ནས་བྱུང་བ་མ་གཏོགས་སེམས་ཁྲལ་ལ་བརྟེན་ནས་བྱུང་བ་མིན་ཡང། རྒྱུ་ཚོགས་མང་པོ་ཞིག་རིམ་གྱིས་བསགས་པའི་རྐྱེན་རྩ་ལ་བརྟེན་ནས་ལོ་འཁོར་མོར་སེམས་མ་བདེ་བ་དང་དེའི་རྐྱེན་གྱིས་ལུས་མ་བདེ་བ་བྱུང་བ་རེད།

                ངས་བྱུང་རྐྱེན་འདིའི་གནས་ཚུལ་ཡོངས་རྫོགས་གསལ་པོར་བཤད་པ་ཡིན་ན་ཁྱེད་ཚོ་ལ་ཡང་གཞི་ནས་བསམ་བློ་གཏོང་སྟངས་ལ་འགྱུར་བ་ཞིག་ཡོང་གི་རེད་བསམས། ཁྱེད་ཚོས་མགོ་དང་མཇུག་གི་གནས་ཚུལ་ཙམ་མ་གཏོགས་བར་གྱི་བྱུང་རིམ་ངོ་མ་གསལ་པོ་མ་ཤེས་པ་དང་རྒྱུས་མངའ་མེད་ན་གནས་ཚུལ་ངོ་མ་ཇི་བཞིན་རྟོགས་མི་ཐུབ་པས། བར་ལམ་བྱུང་སྟངས་ཀྱི་རིམ་པ་ཡོངས་རྫོགས་ཞིབ་ཏུ་བཤད་པ་ཡིན་ན། ཡི་གེ་འདི་དང་འདི་བཏང་བ་ཡིན། དཀའ་ལས་འདི་དང་འདི་བརྒྱབས་འདུག ཐབས་ཤེས་འདི་དང་འདི་གནང་འདུག་བསམས་ནས་སེམས་ཁྲལ་ཡོང་བ་ལ་ཁག་མི་འདུག་སྙམ་པ་ཞིག་རང་བཞིན་གྱིས་སེམས་ལ་ཤར་གྱི་རེད་བསམས། ཚིག་དམར་མོ་ཞིག་གི་ཐོག་ནས་བཤད་ན་ང་ལ་སྙིང་རྗེ་དགོས་པ་ཞིག་ཡོང་གི་རེད། དངོས་གནས་ཀིརྟིའི་དགོན་པའི་དོན་དུ་དཀའ་ལས་བརྒྱབས་འདུག་བསམ་པ་ཞིག་ཡོང་གི་རེད། དེ་འདྲའི་རྐྱེན་རྩ་དང་རྒྱུ་ཚོགས་མང་པོ་ཚོགས་པ་ལ་བརྟེན་ནས་ལུས་ཁམས་མི་བདེ་བའི་གནས་ཚུལ་བྱུང་བ་དངོས་འབྲེལ་ཡིན་པ་མ་གཏོགས། ངས་མ་ཡིན་པ་ཞིག་བཙན་གྱིས་བཀལ་ནས་བཤད་པ་ཞིག་གཏན་ནས་མིན། ༸རྒྱལ་བ་རིན་པོ་ཆེས་རྒྱུན་དུ་གསུང་བཞིན་པ་ལྟར་སེམས་མ་བདེ་ན་ལུས་མ་བདེ་བ་ཡོང་རྒྱུ་ཡིན་པ་ཆོས་ཉིད་རེད།

                དེང་སང་རྔ་པ་ཀིརྟིའི་དགོན་པ་འགྲིག་ལམ་དང་སློབ་གཉེར་གང་ཅིའི་ཐད་ནས་ཡར་རྒྱས་འགྲོ་བཞིན་པའི་སྐབས་ཡིན། སྤྱིར་རྔ་པ་ཀིརྟིའི་དགོན་པ་ལ་གྲྭ་པ་གྲངས་དེ་ཙམ་མང་པོ་ཡོད་པས་འགྲིག་ལམ་སྡོམ་རྒྱུར་དཀའ་ངལ་ཡོང་གི་རེད་བསམས་ནས་སེམས་ཁྲལ་ཕྲན་བུ་བྱུང་ནའང། ན་ནིང་འགྲིག་ལམ་བསྐྱར་དུ་བསྡམས་ཡོང་བའི་སྐབས། གྲྭ་པ་བརྒྱ་ཆ་དགུ་བཅུ་གོ་དགུ་འགྲིག་ལམ་ཁུར་རྒྱུ་དང་སློབ་གཉེར་བྱེད་པར་དགའ་མཁན་ཡིན་པ་མ་གཏོགས། འགྲིག་ལམ་མི་ཁུར་མཁན་བརྒྱ་ཆ་ནང་གི་ཤིན་ཏུ་ཉུང་ངུ་ལས་མི་འདུག མི་འགའ་ཤས་ཤིག་གིས་གཡོ་འཁྲབ་ཀྱིས་སོ་སོའི་རང་ཕྱོགས་སུ་འཐེན་རྒྱུའི་ཆེད་དུ་དགོན་པའི་ནང་དཀྲུགས་པ་ཞིག་ཡིན་པར་གསལ་པོ་ཆགས་སོང་། དེང་སང་གྲྭ་གཞོན་མང་པོ་ཞིག་གིས་དེ་སྔོན་གནས་ཚུལ་ངོ་མ་ཇི་བཞིན་མ་ཤེས་པའི་དབང་གིས་མགོ་སྐོར་འོག་ཏུ་ཚུད་འདུག་བསམ་པ་ཞིག་གཞི་ནས་ཤེས་ཡོང་གི་ཡོད་ཚོད་འདུག

                ང་ཆབ་སྲིད་པ་མིན། ངས་༸རྒྱལ་བ་རིན་པོ་ཆེའི་ཞབས་ཕྱི་ཞུས་པ་དེ་སྤྱི་པའི་ཐོག་ལ་ཕན་ན་སྙམ་པའི་ཐོག་ནས་ཞབས་ཕྱི་ཞུས་པ་མ་གཏོགས་ཆབ་སྲིད་པ་བྱས་ནས་ཞབས་ཕྱི་ཞུས་པ་མིན། གྲྭ་པ་རྒན་པ་རེ་ཟུང་གིས་རང་གི་ཁེ་ཕན་ཐེབ་ཆ་ཁོ་ནའི་དོན་དུ་དགོན་པ་དང་སྤྱི་ཚོགས་དཀྲུགས་པ་དེ་ཡག་པོ་ཞིག་གཏན་ནས་མ་རེད། རྒྱུན་དུ་གོ་སྐབས་བཟུང་ནས་སྐད་ཆ་འདྲ་མིན་ཤོད་མཁན་གྱི་མི་ཉུང་ཤས་ཤིག་རེད་འདུག རྒན་པ་འདི་རིགས་འགའ་ཤས་ཀྱིས་རང་གིས་འགྲིག་ལམ་ཁུར་མ་མྱོང་བའི་དབང་གིས་གཞན་ལ་ཡང་འགྲིག་ལམ་མི་ཁུར་རྒྱུའི་སློབ་གསོ་ངན་པ་ལྐོག་ནས་བྱེད་ཀྱི་འདུག རྒན་པ་རང་ཉིད་ལ་ཆོས་འཆད་ཉན་དང་བསླབ་པ་སློབ་གཉེར་སོགས་ཡོན་ཏན་གྱི་གནས་ཚད་མེད་པའི་ཐོག་ལ། གྲྭ་གཞོན་གཞན་དག་ཀྱང་རང་ཉིད་འགྲོ་སའི་ལམ་ཁ་ངན་པ་དེའི་ཐོག་ཏུ་ཡོང་བའི་བསླུ་བྲིད་བྱས་པ་དེ་གཏན་ནས་ཡག་པོ་མ་རེད།

                དགོན་པ་སྤྱི་ཡོངས་ཀྱི་ཆ་ནས་བཤད་ན་དགོན་པའི་མགོ་ཁྲིད་མཁན་དང་འགན་ཁུར་མཁན་ཚོ་ཁ་འཆམ་པོ་དང་ཡག་པོ་ཞིག་ཡོད་ན། གྲྭ་པ་མང་ཆེ་བ་འགྲིག་ལམ་ཁུར་མཁན་ཤ་སྟག་ཡིན་པ་ད་ལྟའི་ཆར་གསལ་པོར་གྱུར་སོང་། མ་འོངས་པར་རྔ་པ་ཀིརྟིའི་དགོན་པའི་ལས་སྣེ་རྣམ་པ་ཁ་འཆམ་གྲོས་འགྲིག་ཡོང་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད།

                ཡང། མི་རེ་ཟུང་གིས་དགོན་པ་ལ་དགོན་བདག་མི་དགོས། དགོན་བདག་བླ་མ་མི་དགོས་ཞེས་བསམ་ཚུལ་འབྲི་མཁན་དང་ཤོད་མཁན་ཡང་བྱུང་མྱོང་ཡོད། ཁོ་ཚོས་གནས་ཚུལ་ངོ་མ་གང་ཡིན་ཇི་བཞིན་ཤེས་ཀྱི་ཡོད་ན་བསམ་ཚུལ་འདི་འདྲ་འབྲི་དོན་གཏན་ནས་མེད། དཔེར་ན། ང་ལྟ་བུར་མཚོན་ན་ལོ་བརྒྱད་ཅུ་ཟིན་ལ་ཉེ་ནས་ཡོད་པས་དགོན་པ་བདག་པོ་བརྒྱབས་ནས་ང་སྒེར་ལ་ཁེ་ཕན་ཞིག་ཨེ་ཡོང་སྙམ་པའི་བསམ་བློ་གཏན་ནས་གཏོང་སྲིད་ཀྱི་མ་རེད་ལ། རྒྱ་གུང་ཁྲན་གྱིས་ཀྱང་ང་ཕྱིར་སོ་སོའི་དགོན་པའི་ནང་དུ་ཡོང་འཇུག་གི་མེད། གྲོང་པ་མི་ནག་ཡིན་པའི་བླ་མ་སྐྱ་པོ་དེ་འདྲ་རེ་ཟུང་གིས་དགོན་བདག་གི་བླ་མའི་མིང་ཐོག་ནས་སྒེར་ལ་ཁེ་ཕན་ཆུང་ངུ་རེ་ཐོབ་ཐབས་བྱེད་མཁན་རེ་ཟུང་ཡོང་སྲིད་ཀྱང་། ངས་ནམ་ཡིན་ཡང་རུང་དབང་ཤེད་ཀྱི་ཐོག་ནས་བཀའ་བཏང་བ་ལྟ་བུ་གཏན་ནས་བྱས་མྱོང་མེད། དཔེར་ན། ལས་སྣེ་ཞིག་བསྐོ་བཞག་བྱེད་དགོས་ཀྱི་འདུག་ཅེས་འོས་གཞི་ཕུལ་བའི་སྐབས། མོ་བརྒྱབས་ནས་མོ་འབྲས་བཟང་པོ་སུ་ལ་འབབ་ཀྱི་ཡོད་ན། མི་འདི་དང་འདི་ཞེས་བྱ་བ་ལ་མོ་བཟང་པོ་འབབ་ཀྱི་འདུག འོན་ཀྱང་བསྐོ་བཞག་བྱེད་མིན་ཁྱེད་ཚོས་དེ་ནས་ཐག་གཅོད་བྱོས་ཞེས་ཤོད་ཀྱི་ཡོད། དེ་བཞིན་དུ་འགྲིག་གཞི་ལྟ་བུ་ཞིག་བསྐུར་བ་ཡིན་ནའང་ངའི་བསམ་ཚུལ་བཤད་པ་མ་གཏོགས་མཐའ་མའི་གཏན་འབེབས་ཀྱི་ངོ་བོའི་ཐོག་ནས་བསྐུར་མེད། ཟིན་བྲིས་ཀྱི་རྣམ་པའི་ཐོག་ནས་བསྐུར་ཏེ་མཐའ་མའི་ཐག་གཅོད་དང་ལག་བསྟར་གང་འདྲ་བྱ་དགོས་མིན་འབྲེལ་ཡོད་ཁྱེད་ཚོས་ཐག་གཅོད་བྱེད་དགོས་ཞེས་བཤད་ཀྱི་ཡོད། ངས་དགོན་བདག་བླ་མའི་དབང་ཆ་བཟུང་ནས་བཀོད་པ་བཏང་བ་གཅིག་ཀྱང་མེད། མ་འོངས་པར་དགོན་པའི་ལས་སྣེ་ཚོས་ཡག་པོ་གནང་རྒྱུའི་རེ་བ་ཡོད།

                གྲྭ་པ་གཞོན་པ་མང་པོ་ཞིག་གིས་སྔོན་མ་དང་བསྡུར་ན་སེམས་ཤེས་བཞིན་ཡོད་པའི་མཐོང་ཚུལ་ཞིག་ཡོང་གི་འདུག དེ་བཞིན་རྒན་པ་ཚོ་ཡིན་ནའང་དེང་སང་སེམས་ཕྲན་བུ་ཤེས་ཀྱོ་ཡོད་པའི་རྣམ་འགྱུར་གསལ་པོ་ཞིག་ཡོང་གི་འདུག དེ་སྔོན་རྒན་གཞོན་གཉིས་ཀས་སེམས་ཤེས་ཀྱི་མི་འདུག དཔེར་ན། དགོན་པའི་ནང་འཆད་ཉན་སློབ་གཉེར་ཡག་པོ་མི་འདུག་ཅེས་བཤད་པའི་སྐབས། སྔོན་མ་ལྔ་བཅུ་ང་དགུའི་གོང་གི་གནས་ཚུལ་དང་བསྡུར་ན་ཡག་པོ་འདུག ལྔ་བཅུ་ང་དགུའི་ལོའི་གོང་དུ་འཛིན་གྲྭ་གཅིག་ལ་སློབ་གཉེར་པ་གྲངས་+++ཡོད་པ་ལས་དཔེ་ཆར་ལྟ་མཁན་སློབ་གཉེར་པ་གྲངས་+++ཙམ་མ་གཏོགས་ཡོད་པ་མ་རེད། འོན་ཀྱང་དེང་སང་འཛིན་གྲྭ་གཅིག་ལ་གྲྭ་གྲངས་+++ཡོད་པ་རྣམས་སློབ་གཉེར་བཟང་ངན་གྱི་ཁྱད་པར་ཙམ་མ་གཏོགས་ཡོངས་རྫོགས་ཀྱིས་དཔེ་ཆར་བལྟ་གི་ཡོད་ཅེས་རྒན་པ་འགས་ང་ལ་ལན་འདེབས་བྱས་ཡོང་གི་འདུག

                བར་སྐབས་ཤིག་ལ་ཕར་ཕྱིན་དབྱར་ཆོས་དང་ཚད་མའི་དགུན་ཆོས་ཆེན་མོ་འཚོགས་པའི་སྐབས་རྔ་པ་ཀིརྟིའི་དགོན་པའི་སློབ་གཉེར་པ་ཚོ་ཡག་པོ་འགྲོ་རོགས་བྱེད་ཀྱི་མེད་ལ། གལ་སྲིད་འགྲོ་བ་ཡིན་ན་ཡང་གཤིས་ཀ་ལོག་ནས་ཚུལ་མཐུན་ཞིག་གཏན་ནས་བྱེད་ཀྱི་མེད། འདི་ལྟར་གཤིས་ཀ་ལོག་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ་སྙམ་པ་ཞིག་རྒྱུན་དུ་ཡོང་གི་ཡོད། ན་ནིང་ད་ལོ་སློབ་གཉེར་པའི་རྒྱུགས་འབྲས་དང་སློབ་སྦྱོང་གི་གནས་སྟངས་གསལ་པོར་ཤེས་པའི་སྐབས། དགོན་པ་གཞན་དག་ཚོ་དང་མཉམ་དུ་འཛོམས་ནས་ཁྱེད་ཙོས་རྩོད་པ་བྱེད་དགོས་ཀྱི་ཡོད་དུས། ཁོང་ཚོས་རྒྱུན་དུ་སློབ་སྦྱོང་བྱེད་ཀྱི་མེད་དུས་རྩོད་པ་བྱེད་ཐུབ་ཀྱི་མེད་པས་གཤིས་ཀ་ལོག་ནས་སྡོད་རྒྱུ་མ་གཏོགས་གཞན་པའི་ཐབས་ཤེས་མ་རྙེད་པ་ལྟ་བུ་ཡིན་ས་རེད། ཐ་ན་ཁྱབ་སྐོར་གཅིག་གི་རང་མགོ་ཙམ་ཡང་ཐོན་གྱི་མེད། རྒྱུགས་འོག་ཏུ་རྒྱུགས་སྤྲོད་རྒྱུ་མེད་ནའང་རྒྱུགས་འོག་ཏུ་སྒུར་ཙམ་བྱས་ནས་བསྡད་ན་རྒྱུགས་འཕྲོད་པར་ལས་སྣེས་རྒྱབ་སྐྱོར་བྱས་པ་རེད། དེ་ལ་བསྟོད་པ་བཏང་བ་རེད། དེའི་རྐྱེན་པས་གྲྭ་གཞོན་ཚོ་ཆོས་རར་མི་འགྲོ་བར་རྒྱ་གྲོང་མྱུལ་ནས་སྡོད་པ་དང། ཁོ་ཚོས་བགྲོ་གླེང་ཡིན་ནམ་ཅིག་བྱེད་དགོས་ཀྱི་ཡོད་ཅེས་ཇ་ཁང་ནང་དུ་འགྲོ་རྒྱུ་སོགས་ཁ་འདྲ་མི་འདྲ་ལ་གཡར་ནས་ཆོས་ར་ལ་མི་འགྲོ་བར་སྡོད་ཀྱི་ཡོད། དེང་སང་སྔོན་མའི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཡག་པོ་ཕྱིན་འདུག དཔེར་ན། ད་ལོའི་ཕར་ཕྱིན་དབྱར་ཆོས་ཀྱི་སྐབས་སུ་འགྲིག་ལམ་ཡག་པོ་ཁུར་གྱི་འདུག་ལ་རྩོད་པ་ཡང་རྩོད་ཀྱི་འདུག གནས་སྟངས་འདིའི་ཐོག་ནས་མུ་མཐུད་ཕྱིན་པ་ཡིན་ན་ང་ལ་ཡང་རེ་བ་གསར་པ་ཞིག་སྐྱེས་ཡོང་གི་འདུག

                ངས་འདིར་གང་བཤད་པ་དེ་རྔ་པ་ཀིརྟིའི་དགོན་པ་ལ་སྐྱོན་བརྗོད་བྱ་བ་དང་ནང་མཚང་ཕྱི་ལ་བཏོན་ནས་སྨོད་ར་གཏོང་བའི་ཆེད་དུ་བཤད་པ་ཞིག་གཏན་ནས་མིན། ཤ་ཚ་བའི་ཐོག་ནས་སྐྱོན་བཤད་པ་ཞིག་ཡིན། ས་གནས་ས་ཐོག་གི་དངོས་ཡོད་གནས་ཚུལ་གཞི་ལ་བཞག་ནས་དངོས་ཡོད་ཀྱི་ཞན་ཆའི་རིགས་ལ་བསྒྱུར་བཅོས་བྱས་ཏེ་དཀྱོག་མཚམས་གསར་པ་ཞིག་གི་ཐོག་ལ་འགྲོ་ཐུབ་ན་བསམས་ནས་གོ་བརྡ་སྤྲད་པ་ཞིག་ཡིན། རྣམ་གཡེང་ལ་འགྱུར་བ་བཏང་སྟེ་འབད་བརྩོན་བྱས་པ་ཡིན་ན་མ་འོངས་པར་དགོན་པ་དེ་དགོན་པ་ངོ་མ་ཞིག་ཏུ་འགྱུར་བའི་རེ་བ་ཡོད་ཀྱང་། ལོ་གཅིག་གཉིས་ཀྱི་གོང་གི་གནས་ཚུལ་དེ་དག་ལ་འགྱུར་བ་ཞིག་གཏོང་མ་ཐུབ་པ་ཡིན་ན་དགོན་པ་དངོས་གནས་ཤིག་ཏུ་འགྱུར་ཐུབ་ཀྱི་མེད། འཆད་ཉན་སློབ་གཉེར་ནི་མི་འདུག དགོན་པའི་འགྲིག་ལམ་དང་ཀུན་སྤྱོད་ནི་ཚུལ་བཞིན་སྲུང་གི་མེད། ཚོང་བརྒྱག་པར་ནི་དགའ་བོ་བྱེད་ཀྱི་འདུག དགོན་པའི་སྤྱི་རྫས་ལ་ཆ་བཞག་ན་དགོན་པའི་སྤྱི་རྫས་ཅི་ཙམ་མང་པོ་ལྐོག་ཟས་བྱས་སོང་། སྤྱི་རྫས་གང་འདྲའི་མང་པོ་ཞིག་འཕྲོ་བརླག་ཏུ་བཏང་སོང་། དགོན་པའི་སྤྱི་རྫས་བཀོལ་སྤྱོད་དང་བདག་ཉར་བྱེད་སྟངས་ཀྱི་ཐོག་ལ་ཡང་ངས་སྒྲིག་གཞི་གསར་པ་ཞིག་བཟོས་ཡོད་ནའང་ལག་ལེན་དུ་བསྟར་ཐུབ་ཀྱི་མེད། ཕྱོགས་གང་ཅིའི་ཐད་ནས་ཤིན་ཏུ་སྐྱོ་པོར་གྱུར་པ་རེད། ལྷ་ཁང་གསེར་ཁང་བཞེངས་ཀྱི་ཡིན་ཟེར་མཁན་དེ་ཚོས་ཀྱང་སློང་བརྒྱབས་ནས་བཞེངས་ཀྱི་འདུག འཕེལ་ནག་བཞག་ནས་ལྷ་ཁང་གསེར་ཁང་བཞེངས་མཁན་ཡང་ཡོང་གི་ཡོད། འཕེལ་ནག་འཇོག་མཁན་ལོ་ཆུང་བའི་གྲས་སུ་རེ་ཟུང་ཡོད་པ་མང་ཆེ་བ་གྲྭ་པ་རྒན་པའི་གྲས་ནས་རེད། གྲྭ་པ་གཞོན་པའི་གྲས་ནས་ཚོང་རྒྱག་མཁན་རེ་ཟུང་ཡོད་པ་དེ་ཚོས་མིག་ལྟོས་བྱེད་ས་རང་རང་གི་ཤག་གི་དགེ་རྒན་རྒན་པ་ཚོང་པ་ཚོ་རེད་འདུག གྲྭ་གཞོན་ཚོང་པ་དེ་ཚོ་ལ་དགེ་རྒན་ཚོང་པ་ཚོའི་བྱིན་རླབས་ཞུགས་པ་ཞིག་རེད་འདུག

                དེ་རིང་འདིར་བྱུང་རིམ་འདི་གསལ་པོར་བྱས་ཏེ་བཤད་དགོས་པའི་རྒྱུ་མཚན་ནི། གནས་ཚུལ་ཡོངས་རྫོགས་གསལ་པོར་ཤེས་ཐུབ་པའི་ཆེད་དུ་ཡིན། མཚམས་རེར་ང་ཚོའི་འདི་ནས་མི་འགའ་ཤས་ཀྱིས་གནས་ཚུལ་ལ་ངོས་འཛིན་ཅི་ཡིན་ཤེས་མ་ཤེས་ཀྱི་བར་ནས་སྐད་ཆ་བཤད་པ་ལ་བརྟེན་ནས་ཕ་ཡུལ་ལ་ཡང་ཤུགས་རྐྱེན་ངན་པ་ཐེབས་ཀྱི་འདུག དེ་སྔོན་ཡང་ཀིརྟིའི་བྱེས་པ་གྲྭ་ཚང་གི་གྲྭ་པ་འགའ་ཤས་ཀྱིས་རང་གི་བསམ་ཚུལ་ཕ་ཡུལ་གྱི་འབྲེལ་ཡོད་ཚོ་ལ་བཤད་པ་ལ་བརྟེན་ནས། ཕ་ཡུལ་ལ་ཡང་གུ་ཡངས་ཀྱི་སྲིད་བྱུས་ཟེར་བ་ལྟ་བུའི་བསམ་ཚུལ་ངན་པ་འདིའི་རིགས་ཡོང་གི་འདུག་ཅེས་ཕ་ཡུལ་ནས་ཡར་ཞུ་མཁན་ཡང་འགའ་ཤས་བྱུང། ང་ཚོའི་འདི་ནས་བསམ་ཚུལ་གང་འདྲ་ཞིག་བཤད་པ་ཡིན་ན་སྔ་འདང་ཕྱི་འདང་མང་པོ་བརྒྱབས་ནས་གནས་ཚུལ་ཇི་ལྟ་བ་བཞིན་ཤེས་པའི་ཐོག་ནས་བཤད་དགོས་པ་དེ་གལ་ཆེན་པོ་འདུག་ཅེས་ཞུ་འདོད་བྱུང་།

                ངས་གོང་དུ་བཤད་པའི་སྐད་ཆ་རྣམས་དེ་རིང་གི་མཛད་སྒོ་དང་འབྲེལ་བ་མེད་ནའང་ང་ལ་སྐད་ཆ་ཤོད་པའི་གོ་སྐབས་ཤིག་རག་པ་ཡིན་དུས་གོ་སྐབས་དེ་བཟུང་ནས་ནང་ཚགས་བྱས་ཏེ་གསལ་བཤད་བྱས་པ་ཡིན། བྱེས་པ་གྲྭ་ཚང་གི་ངོས་ནས་ཡིན་ན་ཡང་ངས་བཅའ་ཡིག་བློ་གསལ་འཇུག་ངོགས་བཟོས་ཡོད་པ་དེ་དང་ཆ་མཐུན་པ་ཞིག་གི་ཐོག་ཏུ་འགྲོ་ཐུབ་པར་ཧུར་ཐག་འབད་ཐག་བྱེད་ཀྱི་འདུག དཔེར་ན། ཁ་སང་རྗེས་སུ་ངས་གོ་བ་ལྟར་བྱས་ན། གྲྭ་ཚང་གི་སྤྲོ་སྐྱིད་ཀྱི་སྐབས་སུ་ལྒང་བུ་རྩེ་བ་ལ་སོགས་པ་མ་བྱས་པར་ངའི་བསམ་ཚུལ་ལ་རྒྱབ་སྐྱོར་ཞུས་པ་ཤིན་ཏུ་ཡག་པོ་རེད་དགའ་པོ་བྱུང་། དེང་སང་ང་ཚོ་ལ་གྲྭ་ཚོགས་དེ་ཙམ་ཆེན་པོ་མེད་ཀྱང་མི་རེ་རེས་ལས་འགན་མང་པོ་ཞིག་ཁུར་ནས་ད་ལྟའི་བར་དུ་བྱེེས་པ་གྲྭ་ཚང་གི་སྤྱི་པའི་ལས་དོན་ལ་འགན་མཉམ་ཁུར་བྱས་ཡོད། ང་ཚོའི་འདི་ཁྱིམ་ཚང་ཞིག་གི་བྱ་བ་ཆུང་ཆུང་ཞིག་མ་ཡིན་པར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་འབྲེལ་བ་ཡོད་པའི་ལས་དོན་གལ་ཆེན་པོ་ཞིག་ཡིན་དུས། མ་འོངས་པར་ཡིན་ན་ཡང་འབད་བརྩོན་ལྷོད་མེད་གནང་རོགས་བྱོས་ཞེས་ཞུ་རྒྱུ་ཡིན།

                ཁ་སང་ཀརྨ་པ་རིན་པོ་ཆེས་འདི་འདྲ་ཞིག་གསུང་འདུག མི་རེ་རེས་མཐུན་ལམ་གྱི་ཐོག་ལ་ཤུགས་བརྒྱབས་ནའང་དེ་ཙམ་ཤུགས་རྐྱེན་ཐེབས་ཀྱི་མི་འདུག་ཀྱང་། མཐུན་ལམ་གཏོར་བཤིག་གཏོང་དགོས་ན་མི་རེ་རེ་ལ་ཤུགས་ཆེ་ཐག་ཆོད་ཅིག་ཡོད་པ་རེད། དེ་ཡིན་དུས་ལས་དོན་འདི་མི་ཡོངས་རྫོགས་ལ་འགན་འཁྲི་བའི་ལས་འགན་ཞིག་རེད་ཅེས་གསུངས་པ་ལྟར་རེད། འགྲིག་ལམ་གཏོར་བཤིག་གཏོང་བའི་སྐབས་མི་རེ་ཟུང་གིས་འགྲིག་ལམ་གཏོར་ཐུབ་ཀྱི་ཡོད། དཔེར་ན། རྔ་པ་ཀིརྟིའི་དགོན་པ་ལྟ་བུར་མཚོན་ན། མི་རེ་ཟུང་གིས་འགྲིག་ལམ་དང་མཐུན་ལམ་བཤིག་པ་རེད་ལ། འཆད་ཉན་སློབ་གཉེར་ཡག་པོ་དེ་མི་རེ་ཟུང་གིས་གཏོར་བཤིག་གཏོང་ཐུབ་ཡོད། འོན་ཀྱང་འགྲིག་ལམ་ཀུན་སྤྱོད་དང་སློབ་སྦྱོང་ཡར་རྒྱས་གཏོང་བ་ལ་ཀིརྟིའི་དགོན་པའི་གྲྭ་རྒན་གཞོན་ཡོངས་རྫོགས་མཉམ་རུབ་བྱས་ན་མ་གཏོགས་མི་རེ་ཟུང་གིས་ནུས་པ་དེ་ཙམ་ཐོན་ཐུབ་ཀྱི་མེད། དེ་ཡིན་དུས་ང་ཚོ་ཡོངས་རྫོགས་ཀྱིས་མ་འོངས་པར་ང་དང་མཉམ་རུབ་ཀྱི་ཐོག་ནས་འབད་བརྩོན་བྱེད་རོགས་ཞེས་ཞུ་འདོད་བྱུང་།

                ངས་གོང་དུ་ཞུས་པ་བཞིན་མཚམས་རེར་སྙིང་གི་ན་ཚ་ཕྲན་བུ་འཕར་གྱི་འདུག་པ་མ་གཏོགས། ན་ཚ་གཞན་དག་དེ་ཉིན་རེ་བཞིན་དྲག་བསྐྱེད་ཡག་པོ་ཡོང་གི་འདུག གཟུགས་པོ་སྤྱི་ཡོངས་ཀྱི་གནས་སྟངས་གསོས་ཡོང་གི་འདུག་པས་ཁྱེད་ཚོས་སེམས་མ་བདེ་བ་བྱེད་མི་དགོས། ང་ཚོ་ཡོངས་རྫོགས་དུས་ཐོག་གཅིག་ལ་སྐྱེས་པ་དང་ལས་དང་སྨོན་ལམ་གཅིག་གིས་ས་གནས་གཅིག་ལ་འཛོམས་པ་ཞིག་ཡིན་དུས། ད་ལྟའི་བར་དུ་ང་ཚོ་སྐྱིད་སྡུག་མཉམ་གཤིབ་བྱས་ནས་ཡོང་བ་རེད་ལ། མ་འོངས་པར་ང་ཚོ་ཡོངས་རྫོགས་སྐྱིད་སྡུག་མཉམ་གཤིབ་ཀྱི་ཐོག་གནས་ཐུབ་པ་དགོས་པ་དེ་གལ་ཆེན་པོ་རེད། ཐུགས་རྗེ་ཆེ།

ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༨ ཚེས་ ༧ ཉིན།

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.