2023.2.23 033༄༅།། ཆུ་ཡོས་ལོའི་གནམ་ལོ་གསར་དུ་ཚེས་པར་འབྲེལ་ཡོད་བོད་ཕྱི་ནང་གི་སེར་སྐྱ་ཡོངས་རྫོགས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད། ང་ཚོའི་ཕ་ཡུལ་གྱི་བཤད་སྲོལ་ལྟར་བྱས་ན། ལོ་གསར་ཡག་ཅེས་ཞུ་རྒྱུ་ཡིན།

ང་ལོ་བརྒྱད་ཅུ་གྱ་གཉིས་ལོན་པའི་ལོ་གསར་ལ་མཉམ་དུ་རོལ་རྒྱུའི་དོན་དུ་ཁྱེད་ཅག་ཁག་ཅིག་ཕྱོགས་གང་ས་ནས་འདིར་ཕེབས་འདུག་པ་དང་། དགུང་ལོ་བརྒྱད་ཅུ་དགུ་བཅུ་ཅན་འགའ་ཤས་དང་མཉམ་དུ་ལོ་གསར་གཏོང་རྒྱུ་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

 

ལོ་སྔོན་མའི་ནང་ནད་ཡམས་ཀྱི་རྐྱེན་པས་ཕ་ཡུལ་གྱི་མི་མང་པོ་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་ཡོད། ལོ་གསར་པ་འདིའི་ནང་ནད་ཡམས་དེ་དག་རྩ་བ་ནས་ཞི་བ་དང་ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པ་ཞིག་ཡོང་བའི་དོན་དུ། དེ་རིང་གནམ་ལོ་གསར་དུ་ཚེས་པའི་ཐོག་དང་པོར་གནས་མཆོག་རྡོ་རྗེ་གདན་ནས་བོད་གཞིས་གཉིས་ཀར་ཆེད་དུ་དམིགས་ཏེ་ཚེ་འགུགས་དང་འབྲེལ་ནས་ཚེ་སྒྲུབ་བྱ་རྒྱུ་ཡིན་པས། རྣམ་པ་ཚོས་ཐུགས་སྨོན་ཡག་པོ་གནང་ཐུབ་ན་ཕན་ཐོགས་ཡོང་གི་རེད་ཅེས་དྲན་སྐུལ་གྱི་ཚུལ་དུ་ཞུ་རྒྱུ་ཡིན། ངའི་ངོས་ནས་ལོ་གསར་པ་འདིའི་ནང་འབྲེལ་ཡོད་སེར་སྐྱ་ཡོངས་རྫོགས་ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པ་ཞིག་ཡོང་བའི་སྨོན་ལམ་བྱ་རྒྱུ་ཡིན།

 

ཀིརྟིའི་བྱེས་པ་གྲྭ་ཚང་དང་ཀིརྟིའི་དགེ་རྩ་ཚོགས་པ་གཉིས་ཀྱིས་འགོ་ཁྲིད་པའི་ཐོག་ནས་ང་ལོ་བརྒྱད་ཅུ་གྱ་གཅིག་གི་ལོ་ཀེག་བཟློག་པའི་དགའ་སྟོན་དང་། མ་འོངས་པར་ཚེ་རིང་ནད་མེད་ཡོང་བའི་དོན་དུ་བརྟན་བཞུགས་ཕུལ་བ་ལ་ཐུགས་རྗེ་ཆེ། ལོ་སྔོན་མའི་ནང་ཐེ་ཝན་སྨན་ཁང་དུ་བརྟག་དཔྱད་བྱས་པའི་གྲུབ་འབྲས་ལ་གཟུགས་པོའི་གནས་སྟངས་ཡག་པོ་ཡོད་པ་དང་། བརྟག་དཔྱད་ཀྱི་གྲུབ་འབྲས་ནང་བརྒྱ་ཆ་ཡར་འཕར་དགོས་པའི་རིགས་འཕར་ཐུབ་འདུག་པ་དང་། བརྒྱ་ཆ་མར་ཆག་དགོས་པའི་རིགས་འགའ་ཤས་ཀྱི་བརྒྱ་ཆ་ཁ་ཤས་མར་ཆག་འདུག ཁྱེད་རང་ལོ་ཆེ་རུ་ཕྱིན་པའི་ཚོད་ཀྱིས་གཟུགས་པོ་ཡག་ཏུ་ཕྱིན་འདུག ཅེས་སྨན་པས་ང་ལ་བཤད་ཀྱི་འདུག་པས། ད་ཆ་ངའི་གཟུགས་པོ་བདེ་ཐང་དང་གནས་སྟངས་ཡག་ཏུ་ཕྱིན་ཡོད་པ་གསལ་པོ་རེད། ངའི་གཟུགས་པོའི་གནས་སྟངས་ཇེ་བཟང་དུ་འགྲོ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། འཕྲོད་བསྟེན་བྱས་པ་དང་། བར་ལམ་ལོ་མང་པོའི་རིང་བོད་ཕྱི་ནང་གཉིས་ཀ་ནས་འབྲེལ་ཡོད་སེར་སྐྱ་མང་ཚོགས་ཡོངས་ཀྱིས་དད་འདུན་རྩེ་གཅིག་པའི་ཐོག་ནས་ཞབས་རིམ་རྒྱ་ཆེར་བསྒྲུབས་པ། ངའི་སྐུ་གོང་མ་རྣམ་གཉིས་དགུང་ལོ་ཆེན་པོར་བཞུགས་མེད་པའི་དབང་གིས་ང་ལོ་ཆུང་ཆུང་གི་སྐབས་ནས་བཟུང་སྟེ་འབྲེལ་ཡོད་སེར་སྐྱ་ཡོངས་རྫོགས་དད་འདུན་གཅིག་ཏུ་བསྒྲིལ་ནས་ང་ཚེ་རིང་པོ་ཡོང་བའི་དོན་དུ་དགེ་སྒྲུབ་རྒྱ་ཆེན་པོ་བྱས་པ་བཅས་ཀྱི་བཀའ་དྲིན་ལ་བརྟེན་ནས་ད་ཆ་ང་ལོ་བརྒྱད་ཅུ་གྱ་གཉིས་ལ་སོན་པ་རེད། ད་ལྟ་ཡང་གཟུགས་པོ་ཡག་པོ་འདུག ད་དུང་ཡང་ཚེ་རིང་པོར་གནས་ཐུབ་རྒྱུ་ཡིན་པས་འབྲེལ་ཡོད་ཐམས་ཅད་སེམས་བདེ་པོ་བྱས་ནས་བཞུགས་རོགས་ཞེས་ཞུ་རྒྱུ་ཡིན།

 

ང་ཚོ་བོད་མི་ཡོངས་རྫོགས་མཐུན་ལམ་རྡོག་རྩ་གཅིག་ཏུ་སྒྲིལ་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་རེད། ཆུང་ས་ཁྱིམ་ཚང་ཞིག་ཡིན་ནའང་ནང་ཁུལ་ལ་མཐུན་ལམ་ཡག་པོ་ཡོད་དགོས་པ་ནི་གལ་ཆེན་པོ་རེད། ལྷག་པར་དུ་ཀིརྟི་ཚང་གི་གཞིས་བྱེས་སློབ་བརྒྱུད་ཡོངས་རྫོགས་ད་ལྟ་ལ་ཐུག་གི་བར་དུ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་བྱས་ཏེ་སྡོད་ཐུབ་པ་ལ་བརྟེན་ནས་དགོན་གྲོང་གཉིས་ཀའི་གནས་སྟངས་ཡག་པོ་བྱུང་ཡོད། ད་ཕྱིན་ཆད་ཡིན་ནའང་སྔར་ལས་ལྷག་པའི་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་བྱ་དགོས་པ་དེ་གལ་ཆེན་པོ་ཡིན་དུས། ད་ཕྱིན་ཆད་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་གནང་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན།

 

ཡང་སྒོས་སུ་ཀིརྟིའི་བྱེས་པ་གྲྭ་ཚང་དང་བྱེས་ལ་ཡོད་པའི་འབྲེལ་ཡོད་མང་ཚོགས་ཀྱི་བར་ལ་མཐུན་ལམ་ཡག་པོ་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད་ལ། ཀིརྟིའི་བྱེས་པ་གྲྭ་ཚང་གི་ནང་ཁུལ་ཡིན་ནའང་རིམ་གྱིས་དུམ་བུར་མི་འགྲོ་བ་དང་འཐེན་རྩོད་མི་བྱེད་པ་སོགས། རྐྱེན་མ་ཡོང་གོང་གི་ཟློག་སྒྱུར་དང་། ཆུ་མ་ཡོང་གོང་གི་ཆུ་རགས། ཞེས་པའི་དཔེ་ལྟར་རྣམ་པ་ཚོ་ཡོངས་རྫོགས་ཀྱིས་ཧུར་ཐག་འབད་ཐག་གནང་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད། རྣམ་པ་ཚོས་མ་འོངས་པར་འདིའི་ཐོག་ལ་ཧུར་ཐག་གནང་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན།

 

མཐའ་མ་དེར།བྱམས་དང་བརྩེ་བ་མི་ཚེའི་སྙིང་པོ། །བོད་ཀྱི་སྐད་ཡིག་བོད་མིའི་བླ་སྲོག །ཡ་རབས་བཟང་སྤྱོད་བོད་མིའི་ཁྱད་ཆོས། །ཉམ་ཆུང་ཚུལ་མཐུན་གྲྭ་པའི་སྤྱོད་ལམ། །ཞེས་ངས་རྒྱུན་དུ་བཤད་བཞིན་པ་ལྟར་བོད་མི་སྤྱི་དང་། ལྷག་པར་དུ་ང་ཚོའི་འབྲེལ་ཡོད་རྣམས་ཀྱིས་ད་ལྟ་ལ་ཐུག་གི་བར་དུ་ཡ་རབས་སྤྱོད་བཟང་གིས་མཚོན་པའི་འདི་དག་གི་ཐོག་ཧུར་ཐག་འབད་ཐག་གནང་བྱུང་ལ། མ་འོངས་པར་ཡང་འདི་དག་གི་ཐོག་ལ་ཧུར་ཐག་གནང་རོགས་ཞེས་དྲན་སྐུལ་གྱི་ཚུལ་དུ་རེ་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཕྱི་ལོ་ ༢༠༢༣ ལོའི་ ཟླ་ ༢ ཚེས་ ༢༡ ལ།

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.