2022.4.18 01༸ཕྱི་ལོ་ ༢༠༢༢ ཟླ་  ཚེས་ ༡༨ ཉིན་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོར་དཔལ་ལྡན་སྲིད་སྐྱོང་མི་རྗེ་སྤེན་པ་ཚེ་རིང་མཆོག་དང་།  དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོགདེ་བཞིན་བོད་ཀྱི་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་རྣམ་གཉིས་བཅས་གདན་ཞུས་ཐོག་བདག་ཅག་གི་འདྲེན་པ་ཆེན་པོ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་<<མི་ཚེ་གཅིག་ལ་སྐྱེ་བ་གསུམ།>>ཞེས་པའི་བོད་འགྱུར་མ་དབུ་འབྱེད་མཛད་སྒོ་བསྡུས་ཡོད་ལ། སྐབས་དེའི་གནས་ཚུལ་རྣམས་གཤམ་གྱི་བརྙན་པར་དག་ལས་གསལ་པོ་གཟིགས་ཐུབ་པ་དང་། འདིར་མཛད་རྣམ་དཔེ་དེབ་གསར་པའི་ངོ་སྤྲོད་དུ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་གང་ཉིད་ཀྱིས་བྲིས་གནང་བའི་དེབ་ཀྱི་སྔོན་གླེང་འདིར་བཀོད་ཡོད་པ་ལགས་ན། དགྱེས་གཟིགས་ཡོང་བ་དང་། གལ་སྲིད་བླུ་ཡོན་ཞུ་འདོད་ཡོད་ན། ཀིརྟིའི་དགེ་རྩ་ཚོགས་པའི་ལས་ཁུངས་ལ་འབྲེལ་བ་གནང་ན་འཐུས་པ་བཅས་དགོངས་འཇགས་འཚལ།

 

སྔོན་གླེང་།

༄༅།། ལོ་མང་པོའི་གོང་ནས་ངས་རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་ཤིག་འབྲི་འདུན་བཅངས་པ་ཡིན།  ད་ལྟ་བསམ་སྐབས་ངའི་མི་ཚེ་འདིར་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཐུབ་ཡོད་སྙམ།ང་བོད་མི་རིགས་འདིའི་དུས་རབས་མ་འདྲ་བ་གཉིས་ཀྱི་བར་མཚམས་སུ་སྐྱེས་པ་ཡིན་སྟབས།  ཤེས་ཡོན་གྱིས་རབ་ཏུ་ཕྱུག་པའི་རླབས་ཆེན་གྱི་རྒན་རབས་པ་མང་པོ་ཞིག་མཇལ་བའི་གོ་སྐབས་བྱུང་ཡོད་ལ། མཐོང་ཐོས་ཤེས་རྒྱ་ཡངས་ཤིང་དུས་རབས་ཀྱི་སྣེ་ཁྲིད་པའི་གཞོན་རབས་པ་མང་པོ་ཞིག་ཀྱང་མཇལ་རྒྱུ་བྱུང་ཡོད།

 

ངའི་མི་ཚེ་འདིར་སྐྱིད་སྡུག་དར་རྒུད་ཀྱི་མྱོང་བ་ཅི་བྱུང་ལ་བསམས་ཚེ། མི་ཚེ་གཅིག་ལ་སྐྱེ་བ་གསུམ་བླངས་པ་ལྟ་བུར་གྱུར་ཡོད།  སྐྱེ་བ་དང་པོ་ནི། ང་སོ་ནམ་པའི་ཁྱིམ་ཚང་དབུལ་པོ་ཞིག་ཏུ་སྐྱེས་ནའང་། ལོ་ན་ཆུང་ངུའི་སྐབས་ནས་ཀིརྟི་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་བསྟན་པ་ལ་རབ་ཏུ་བྱུང་ཞིང་།  མཚན་གནས་མཐོ་བའི་བླ་ཆེན་ཞིག་ཏུ་གྱུར། སྐྱེ་བ་གཉིས་པ་ནི། ༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེས་བཀའ་འགུག་མཛད་པ་བཞིན།  བོད་ཀྱི་ཤར་མཐའི་ཡུལ་ནས་ཡུལ་དབུས་ཀྱི་རྒྱལ་ས་ལྷ་སར་བསྐྱོད་དེ་འབྲས་སྤུངས་བློ་གསལ་གླིང་དུ་སྒྲིག་ཞུགས་བྱས། མཁས་པའི་དབང་པོ་དུ་མའི་ཞབས་ལ་གཏུགས་ཏེ་ནང་ཆོས་སློབ་གཉེར་བགྱིས།  སྐྱེ་བ་གསུམ་པ་ནི། རང་ཡུལ་གཞན་ལག་ཏུ་ཤོར་བའི་སྐྱབས་བཅོལ་བ་ཞིག་ཏུ་གྱུར་ཏེ་ལྷ་ས་ནས་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་བ་དང་། ཡོད་ཚད་བསྐྱར་དུ་འགོ་བཙུགས་ཏེ་དེང་རབས་ཀྱི་སློབ་གྲྭར་ཞུགས་ཤིང་།  དེང་རབས་ཀྱི་རིག་གནས་ཤེས་ཡོན་ལ་སྦྱངས་བརྩོན་ཞུས་རྗེས།བཙན་བྱོལ་བོད་གཞུང་ལ་སྲི་ཞུ་ཞབས་འདེགས་བསྒྲུབས་པ་ཡིན།

 

སྐྱེ་བ་དང་པོ་བླངས་པའི་སྐབས་སུ། ང་ལ་གཉོར་སྐྱོང་ལྟ་རྟོག་བྱེད་མཁན་གཙོ་བོ་ནི་གསོལ་ཐབ་པ་ཨ་ཁུ་སྦྱིན་པ་རྒྱ་མཚོ་ལགས་ཡིན་ཞིང་།  ང་གདན་ས་སྟག་ཚང་ལྷ་མོ་ཀིརྟི་དགོན་དུ་ཁྲི་འདོན་སྐབས་ཨ་ཁུ་སྦྱིན་པ་རྒྱ་མཚོ་ནི་ལོ་ན་སུམ་ཅུ་ཙམ་ཡིན། ཁོང་གིས་ང་ལ་བྱམས་བརྩེས་གཅེས་སྐྱོང་དང་། བློ་སེམས་རྩེ་གཅིག་པས་ཕ་མའི་ཚབ་ཏུ་ང་ལ་གཉོར་སྐྱོང་གནང་ཞིང་།  ངའི་ཉིན་རེའི་འགྲོ་འཆག་ཉལ་འདུག་དང་། བཟའ་བཏུང་སྐོར་ཆ་ཚང་ཁོང་གིས་སོ་སོའི་བུ་ཕྲུག་ནང་བཞིན་ལྟ་རྟོག་འགན་ཁུར་གནང་བ་དང་དུས་མཚུངས་སུ། ང་ཁོང་གི་བླ་མར་བརྩིས་ཏེ་ཧ་ཅང་གུས་བརྩི་གནང་གི་ཡོད།  ང་རང་ལོ་བཞི་ལྔ་ཙམ་ནས་བཟུང་ཁོང་གིས་ང་ལ་ལྟ་སྐྱོང་གནང་སྟེ་རྒྱ་གར་ནང་བཙན་བྱོལ་དུ་མཉམ་པོར་འབྱོར་ཞིང་། ཕྱི་ལོ་ ༡༩༨༦  ལོར་ཁོང་རྒྱ་གར་དྷ་རམ་ས་ལར་སྐུ་གཤེགས།

 

སྐྱེ་བ་གཉིས་པ་བླངས་པའི་སྐབས་སུ། ཡོངས་འཛིན་དཀོན་མཆོག་ཤེས་རབ་མཆོག་དང་།  ཤག་སྐོར་མཁན་རིན་པོ་ཆེ་ཉི་མ་རྒྱལ་མཚན་རྣམ་གཉིས་ང་ལ་བཀའ་དྲིན་ཆེ་ཤོས་དེ་ཡིན། ལྷག་པར་དུ་ཡོངས་འཛིན་དཀོན་མཆོག་ཤེས་རབ་ཀྱིས་དཔེ་ཆ་སློབ་ཁྲིད་གནང་བ་ཙམ་དུ་མ་ཟད།  ཉིན་རེའི་འཚོ་བ་སྐྱེལ་སྟངས་དང།བསམ་བློ་གཏོང་སྟངས། མི་དང་མིའི་དབར་འབྲེལ་བ་འཛུགས་སྟངས་བཅས་པར་ལམ་སྟོན་མཛད་ཅིང་།  ང་རང་ནར་སོན་པའི་བར་ལུས་སྐྱེད་ཀྱི་ཕ་མ་ལས་ཀྱང་ལྷག་པར་ང་ལ་ལྟ་རྟོག་དང་གཅེས་སྐྱོང་གནང་ཡོད། ཡོངས་འཛིན་དཀོན་མཆོག་ཤེས་རབ་མཆོག་ཕྱི་ལོ་ ༡༩༦༢  ལོར་རྒྱ་གར་རྡོ་རྗེ་གླིང་དུ་སྐུ་གཤེགས།

 

སྐྱེ་བ་གསུམ་པ་བླངས་པའི་སྐབས་སུ། ༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེ་ནི་ང་ལ་བཀའ་དྲིན་ཆེ་ཤོས་དེ་ཡིན་ལ།  ཆོས་སྲིད་ཀྱི་བྱ་བ་ཡོངས་སུ་རྫོགས་པའི་ཐད་ཁོང་གིས་ང་ལ་ལམ་སྟོན་མཛད་ཅིང་། ང་ལ་ཁོང་གི་ཞབས་འོག་ཏུ་སྲི་ཞུ་སྒྲུབ་པའི་གོ་སྐབས་བླ་ན་མེད་པ་ཐོབ་ཡོད།  གལ་སྲིད་མི་ཚེ་འདིར་སྐྱེ་བ་བཞི་པ་ཞིག་ལེན་དགོས་བྱུང་ཚེ།ངས་སྔར་ལས་ལྷག་པའི་ལས་དོན་སྣེ་མང་ཞིག་སྒྲུབ་ཐུབ་ན་བསམ་གྱི་ཡོད།ཡིན་ནའང་མི་ཚེ་འདིའི་སྐྱེ་བ་བཞི་པ་དེ་བསམ་སྐབས་དོན་དངོས་ཐོག་ད་ཆ་ང་རང་ལྔ་པའི་ལམ་དུ་བསླེབ་ཉེར་ཡོད།  དེར་བརྟེན་དེབ་འདིའི་མིང་བྱང་དུ་མི་ཚེ་གཅིག་ལ་སྐྱེ་བ་གསུམ་ཞེས་བཏགས་པ་ཡིན། ཀིརྟི་སྐྱེ་ཕྲེང་བཅུ་གཅིག་པ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་ནས།

2022.4.18

 

 

 

 

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.