IMG 01 4༄༅།། སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང༌། ཚོགས་པ་ཁག་གི་ཚོགས་མི་རྣམ་པ། མདོ་སྨད་སྤྱི་འཐུས་རྣམ་པ། སྤྱི་ཟུར་དང་བཀའ་ཟུར་རྣམ་པ། ཕྱི་ནང་ནས་ཕེབས་པའི་ཚོགས་མི་རྣམ་པ་བཅས་ཡོངས་རྫོགས་ལ་ཐོག་དང་པོར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

        དེ་རིང་གི་ཚོགས་འདུ་འདི་དམིགས་བསལ་ཅན་བྱས་ཏེ་གྲོས་ཆོད་དང་གྲོས་གཞི་དམིགས་བསལ་ཅན་ཞིག་གི་ཐོག་ལ་ཕེབས་ཀྱི་ཡོད་དུས། ཕྱོགས་ཁག་ནས་ཕེབས་པའི་ཚོགས་མི་རྣམ་པ་ཚོར་བཀའ་མོལ་གནང་རྒྱུའི་གོ་སྐབས་

དང་དུས་ཚོད་མང་པོ་ཡོང་བའི་དོན་དུ་ངས་སྐད་ཆ་ཐུང་ཐུང་ཞིག་མ་གཏོགས་ཞུ་རྒྱུའི་འཆར་གཞི་མེད། གང་ཡིན་ཟེར་ན་ངས་ཚོགས་པ་འདིའི་སློབ་སྟོན་པའི་མིང་ཙམ་ཞིག་ཁུར་ནས་ཡོད་དུས་གང་ཤེས་པ་དེ་མཚམས་རེར་འབྲེལ་ཡོད་ཚོ་ལ་བསམ་འཆར་གྱི་ཚུལ་དུ་ཞུ་བཞིན་ཡོད། དེ་ཡིན་དུས་དེ་རིང་གི་ཚོགས་འདུའི་དུས་ཚོད་མང་པོ་ཞིག་ངས་ལེན་མ་དགོས་པ་གཙོ་འདོན་ཞུ་རྒྱུ་ཡིན།

     IMG 01 2   དེ་རིང་སྨན་རིའི་ཁྲི་ཆེན་ཁྲི་རབས་སོ་གསུམ་པ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པའི་དུས་ཚིགས་ཤིག་ལ་འཁེལ་ཡོད། སྨན་རིའི་ཁྲི་ཆེན་རིན་པོ་ཆེ་ཁོང་གིས་ད་ལྟ་ལ་ཐུག་གི་བར་གྱི་མཛད་རྗེས་ནི་བླ་ན་མེད་པ་ཞིག་རེད། དཔེར་ན། ད་ལྟའི་སྨན་རིའི་བོན་གྱི་མ་དགོན་འདི་ཐོག་མར་ཕྱག་འདེབས་མཛད་པ་ནས་བཟུང་ད་ལྟ་ལ་ཐུག་གི་བར་དུ་འགན་གཙོ་བོ་བཞེས་ཏེ་ཕེབས་པ་འདི་རྐྱང་པ་ལ་མཚོན་ན་ཡང་ཁོང་གིས་སྐུ་ལས་ཚད་མེད་བསྐྱོན་ཡོད། བཙན་བྱོལ་ནང་གི་བོན་གྱི་གདན་ས་གཙོ་བོ་འདི་ཐོག་མར་གསར་འཛུགས་མཛད་པའི་སྐབས། དཔལ་འབྱོར་གྱི་གནས་སྟངས་ཤིན་ཏུ་སྐྱོ་བོ་ཡིན་པའི་དབང་གིས་རྒྱུན་གྱི་ཞོགས་ཇ་དང་གཟའ་ཉི་མའི་གུང་ཚིགས་བཅས་སྤྱི་ཐབ་ནས་གཏོང་ཐུབ་ཀྱི་མེད་སྟབས་སྒེར་སོ་སོའི་ངོས་ནས་ཐབས་ཤེས་གནང་དགོས་པས་མཚོན་སྐུ་ངལ་རིམ་པ་མང་པོར་གདོང་ལེན་གནང་ཡོད། སྐུ་ངལ་གང་འདྲ་ཞིག་དང་འཕྲད་ཀྱང་རུང་བོན་གྱི་བསྟན་པ་ཟེར་ནའང་འདྲ་བོད་ཀྱི་རིག་གཞུང་རྙིང་པ་དང་བོད་ཀྱི་ཆོས་ལུགས་རྙིང་ཤོས་འདི་ཉམས་པ་སླར་གསོ་དང་མ་ཉམས་རྒྱུན་འཛིན་དང་དར་སྤེལ་ཐད་ཁྲི་འཛིན་མཆོག་གིས་མཛད་འགན་རྒྱ་ཆེན་པོ་བཞེས་ཡོད།

    IMG 01 1     བོད་ནང་ལ་མཚོན་ན་བོན་གྱི་ཆོས་བརྒྱུད་འཛིན་མཁན་ཤིན་ཏུ་རྒྱ་ཆེན་པོ་རེད། དཔེར་ན། ངའི་སྐྱེ་ས་ཐེ་བོའི་ཁོག་ལྟ་བུ་ལ་མཚོན་པ་ཡིན་ན་བན་བོན་འདྲེས་མའི་ཚུལ་དུ་གནས་ཡོད། དེ་བཞིན་དུ་ཨ་མདོ་རྔ་པ་དང་ཤར་ཁོག་ལ་མཚོན་ན་ཡང་བོན་པོ་རྒྱ་ཆེན་པོ་རེད། ས་ཁུལ་འདི་དག་ཡོངས་རྫོགས་ལ་སྔ་ནས་ད་ལྟའི་བར་དུ་བན་བོན་གཉིས་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་གྱི་ཐོག་ནས་གནས་ཐུབ་པ་བྱུང་ཡོད། ང་སྔོན་མ་ཆུང་དུས་ཐེ་བོའི་སྨད་ནས་མར་ཕེབས་བཞུད་ལ་འགྲོ་བའི་སྐབས། རྡོ་ཕ་བོང་གཅིག་གི་ཐོག་ལ་ལ་མཎི་བརྐོས་ཡོད་ན། རྡོ་ཕ་བོང་གཞན་པ་ཞིག་ལ་མཏྲི་མུ་རྡོ་བརྐོས་ཀྱིས་ཡོད་པ་མང་པོ་མཐོང་རྒྱུ་ཡོད། དེ་བཞིན་དུ་ཁྱིམ་ཚང་ཞིག་ལ་མི་ཤི་རྐྱེན་ཆག་བྱུང་བ་ཡིན་ན། ཁྱིམ་ཚང་དེས་བན་བོན་ཁྱད་མེད་ཀྱིས་བླ་གྲྭ་གདན་འདྲེན་ཞུས་ཏེ་གཤིན་པོའི་འདས་མཆོད་སྒྲུབ་པའི་སྲོལ་བཟང་པོ་ཞིག་ཡོད། དགའ་ལྡན་ལྔ་མཆོད་ལྟ་བུ་ལ་མཚོན་ན་ཨ་མདོ་ཕྱོགས་ཀྱི་བན་བོན་ཡོངས་རྫོགས་ཀྱིས་དམིགས་བསལ་དུས་ཚིགས་སྲུང་བརྩི་ཞུས་ཏེ་གླིང་མེ་འབུལ་སྲོལ་ཡོད། མདོར་བསྡུས་ན། ང་ཚོའི་མདོ་སྨད་ཕྱོགས་སུ་སྔ་ནས་ད་ལྟ་ལ་ཐུག་གི་བར་དུ་བན་བོན་གཉིས་མཐུན་ལམ་དམ་ཚིག་ཤིན་ཏུ་གཙང་མ་དང་ཡག་པོར་གནས་ཐུབ་ཡོད་པ་འདི་སྨན་རིའི་ཁྲི་འཛིན་མཆོག་གིས་གཙོས་འབྲེལ་ཡོད་བླ་སྤྲུལ་རྣམས་ཀྱི་སྐུ་ལུས་ཚད་མེད་བསྐྱོན་པའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་རེད། ད་ཕྱིན་ཆད་ཡིན་ན་ཡང་སྔར་བཞིན་བན་བོན་གཉིས་མཐུན་ལམ་དམ་ཚིག་གཙང་མར་གནས་ཐུབ་པ་དང༌། བོན་གྱི་བསྟན་པ་ཡར་རྒྱས་ཡར་དར་ཡོང་བར་ངས་རེ་བ་ཞུ་གི་ཡོད།

        བོད་ཀྱི་རིག་གཞུང་དང་རྒྱལ་རབས་ལོ་རྒྱུས་ཀྱི་ཐད་ནས་བཤད་ན་བོན་འདི་གལ་གནད་ཆེན་པོར་གྱུར་ཡོད། དཔེར་ན། བོད་ཀྱི་རིག་གཞུང་གཞན་དང་གཞན་དག་ཕར་བཞག་ན་ཐ་ན་བོད་ཀྱི་རྒྱལ་རབས་རྙིང་པ་ཁུངས་བཙན་པོ་ཞིག་བཤད་དགོས་ན་བོན་གྱི་ལོ་རྒྱུས་རྙིང་པ་ཞིག་གི་ཁུངས་ཤིག་ཨེ་རག་བལྟས་ནས་འཚོལ་དགོས་པ་ལྟ་བུར་གྱུར་ཡོད་པ་ལོ་རྒྱུས་སྨྲ་བ་ཚོས་གསལ་པོ་མཁྱེན་གསལ་ལྟར་ཡིན་དུས་བོན་འདི་བོད་ཀྱི་ཆོས་དང་རིག་གཞུང་གང་ཅིའི་ཐད་ནས་ཤིན་ཏུ་གལ་ཆེན་པོར་གྱུར་ཡོད།

        སྨན་རིའི་ཁྲི་འཛིན་ཁོང་དང་ངའི་བར་གྱི་འབྲེལ་བ་ལ་མཚོན་ན། ཕྱི་ལོ་ ༡༩༦༢ ལོ་ཡས་མས་ང་སུ་ཁེ་དགོན་པར་ཡོད་པའི་སྐབས་ལ་སྨན་རིའི་ཁྲི་འཛིན་ཁོང་དང་བསམ་གཏན་མཁར་རྨེའུ་རྣམ་པ་གཉིས་ང་ཡོད་སར་ཕེབས་ཏེ་འབྲེལ་བ་བྱུང༌བ་ནས་བཟུང་ཕ་ཡུལ་གཅིག་པའི་ལ་རྒྱ་དམ་འཛིན་གནང་སྟེ། རྒྱུན་དུ་ཕ་ཡུལ་གཅིག་པ་ཡིན་གསུངས་ནས་འབྲེལ་བ་དང་མཐུན་ལམ་རྒྱུན་མ་ཆད་པར་འཛིན་གནང་མཁན་ཞིག་ཡིན། ཁྲི་འཛིན་རིན་པོ་ཆེ་ཁོང་གི་ཐུགས་ཀྱི་དགོངས་པ་ཟབ་མོ་ཡོངས་སུ་རྫོགས་པ་དང༌། བོན་གྱི་བསྟན་པ་རྒྱུན་གནས་དར་འཕེལ་ཡོང་བར་ངའི་ངོས་ནས་སྨོན་ལམ་ནན་ཟབ་ཞུ་རྒྱུ་ཡིན།

        ད་ནངས་ཞོགས་པ་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་གི་གསར་འགྱུར་ནང་༸རྒྱལ་བ་རིན་པོ་ཆེའི་གསུང་ཞིག་ལུང་འདྲེན་ཞུ་གི་འདུག ཐེངས་ཤིག་༸རྒྱལ་བ་རིན་པོ་ཆེ་རྒྱ་གར་ཤར་ཕྱོགས་སུ་སློབ་གྲྭ་ཆུང་ངུ་ཞིག་ལ་གནམ་གྲུ་ཆུང་ཆུང་ཞིག་གི་ནང་དུ་ཕེབས་སྐབས་རླུང་གཡུགས་ཏེ་ཞེ་སྣང་ཆེན་པོ་བྱུང་གསུང་གི་འདུག ༸རྒྱལ་བ་རིན་པོ་ཆེས་ཁོང་གི་ཐུགས་དགོངས་ལ་དེ་རིང་ང་ཤི་མི་ཡོང་ངམ། གལ་སྲིད་ང་ཤི་བ་ཡིན་ན་བོད་རྒྱ་ཆེ་མི་མང་གིས་ང་ལ་རེ་བ་ཆེན་པོ་ཞིག་བརྒྱབས་ནས་ཡོད་པས་བོད་མི་མང་བློས་གཏོང་མ་ཐུབ་པའི་ཐུགས་ཁྲེལ་ཆེན་པོ་ཞིག་བྱུང་ཞེས་བཀའ་གནང་འདུག གནས་སྟངས་འདིའི་ཐོག་ནས་༸རྒྱལ་བ་རིན་པོ་ཆེས་བོད་མི་མང་ལ་རྒྱུན་དུ་ཐུགས་བརྩེ་བས་གཟིགས་པ་ཅི་ཙམ་གནང་གི་ཡོད་མེད་གསལ་པོར་ཤེས་ཐུབ་ཀྱི་ཡོད། ང་ཚོ་ཡོངས་རྫོགས་ཀྱིས་༸རྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་འགྲུབ་པ་ལ་བྱ་བ་གང་དང་གང་བྱེད་དགོས་ཀྱི་འདུག བསམ་བློ་བཏང་སྟེ་ལག་ལེན་འཁེལ་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད་ལ། འདི་ང་ཚོ་བོད་མི་ཡོངས་རྫོགས་ཀྱི་ལས་འགན་རེད། ཆོལ་ཁ་དང་ཆོས་ལུགས་ཞེས་པའི་ཚོགས་པ་དང་སྒྲིག་འཛུགས་ཡོད་པ་འདི་བོད་ཀྱི་སྤྱི་བའི་རྩ་དོན་སྒྲུབ་པའི་ཆེད་དུ་བཟོས་པ་ཞིག་ཡིན་པ་མ་གཏོགས་ནང་ཁུལ་ལ་ཕྱོགས་རིས་དང་འཐེན་འཁྱེར་བྱེད་པའི་ཆེད་དུ་བཟོས་པ་ཞིག་གཏན་ནས་མ་རེད། དེ་རིང་ང་ཚོ་ཆོལ་ཁ་དང་ཆོས་ལུགས་བྱེ་བྲག་པ་ཞིག་གི་ལས་དོན་བསྒྲུབ་རྒྱུའི་ཆེད་དུ་འདིར་འཛོམས་པ་ཡང་མ་རེད། ཆོལ་ཁ་དང་ཆོས་ལུགས་ཀྱི་ལས་དོན་ཟེར་བ་དེ་ལས་དོན་ཟུར་པ་ཞིག་རེད། ང་ཚོ་ཡོངས་རྫོགས་ཀྱིས་བོད་སྤྱི་བའི་ལས་དོན་གཙོ་བོར་བཟུང་ནས་ཤུགས་བརྒྱག་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད། ད་ཐེངས་དམིགས་བསལ་ཚོགས་ཆེན་འདིའི་ཐོག་ནས་དམིགས་བསལ་གྱི་གྲོས་བསྡུར་གནང་དགོས་པ་ག་རེ་ཡོད་ན་དེའི་ཐོག་ལ་དམིགས་བསལ་གྱི་དུས་ཚོད་བཏང་ནས་གནང་དགོས་ཀྱི་རེད་བསམ།

        ངས་གོང་དུ་བཤད་པ་ལྟར་༸རྒྱལ་བ་རིན་པོ་ཆེའི་ཕེབས་བཞུད་སྐབས་གནམ་གྲུའི་གནས་སྟངས་ཛ་དྲག་ཆེན་པོ་བྱུང་བ་འདི་དེ་རིང་མ་གཏོགས་ངས་ཤེས་མ་སོང༌། དེ་ནི་བོད་གཞུང་གི་ངོས་ནས་འཐུས་ཤོར་ཕྱིན་པ་རེད་དམ། ཡང་ན་གྲ་སྒྲིག་ཞུ་མཁན་ཚོའི་ངོས་ནས་འཐུས་ཤོར་ཕྱིན་པ་རེད། ཡང་ན་དགའ་ལྡན་ཕོ་བྲང་པའི་ངོས་ནས་འཐུས་ཤོར་ཕྱིན་པ་རེད། གང་ལྟར་གནས་ཚུལ་འདི་ནི་ཤིན་ཏུ་ཉེན་ཚབས་ཆེན་པོ་ཡིན་དུས་མ་འོངས་པར་འབྲེལ་ཡོད་ཚོས་ངེས་པར་གཟབ་གཟབ་གནང་སྟེ་གནས་ཚུལ་ཉེན་ཚབས་ཅན་འདི་འདྲ་བསྐྱར་དུ་མི་ཡོང་བའི་ཐོག་འབད་བརྩོན་གནང་དགོས། སྔོན་མ་ཐེངས་ཤིག་༸རྒྱལ་བ་རིན་པོ་ཆེ་ལ་དྭགས་ལ་ཕེབས་པའི་སྐབས་ཤིག་ལ་གནམ་གྲུའི་འཕྲུལ་འཁོར་གཅིག་ལ་སྐྱོན་ཤོར་ཏེ། གནམ་གྲུ་གློ་བུར་དུ་འབབ་དགོས་པའི་གནས་ཚུལ་ཡང་བྱུང་མྱོང་བ་རེད། འདིའི་ཐད་འབྲེལ་ཡོད་ཚོའི་ངོས་ནས་མ་འོངས་པར་གཟབ་གཟབ་གནང་སྟེ་འགན་ཁུར་འཐུས་ཤོར་མེད་པར་གནང་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང༌།

        ད་ནངས་ཞོགས་པའི་གསར་འགྱུར་དེའི་ནང་༸རྒྱལ་བ་རིན་པོ་ཆེའི་གསུང་མུ་མཐུད་ལུང་འདྲེན་ཞུས་པའི་ནང་དུ། ཁོང་གིས་ཆབ་སྲིད་ཀྱི་སཀུ་དབང་སྲིད་སྐྱོང་ལ་རྩིས་སྤྲོད་གནང་བའི་རྗེས་སུ་ལོ་སྔོན་མའི་འོས་བསྡུའི་སཀབས་རྙོག་དྲ་བྱུང་བ་རེད། སྐབས་དེར་བཀའ་བཀྱོན་གཏོང་དགོས་ས་ལ་བཀའ་བཀྱོན་བཏང་ཡོད་ལ། སྐབས་དེར་བློ་ཕམ་ཡང་བྱུང་། ཡིན་ན་ཡང་དེའི་རྗེས་སུ་རིམ་པས་ཡག་པོར་ཆགས་ཀྱི་འདུག སྲིད་སྐྱོང་གིས་ཀྱང་ཕྱག་ལས་ཡག་པོ་གནང་གི་འདུག་ཅེས་སོགས་བཀའ་ཕེབས་འདུག

        ལོ་སྔོན་མའི་སྲིད་སྐྱོང་གི་འོས་བསྡུའི་སྐབས། ཕྱི་ལོ་ ༡༩༦༠  ལོར་སྤྱི་འཐུས་ཐོག་མར་ཚུགས་པ་ནས་བཟུང་སྟེ་ད་ལྟའི་བར་བྱུང་མ་མྱོང་བའི་རྙོག་དྲ་ངན་པ་དེ་བྱུང་བ་རེད། གནས་ཚུལ་དེ་བྱུང་ཚར་བའི་རྗེས་སུ་ང་ཚོས་ཁྱོད་ལན་དང་ཁོ་ལན་ཞེས་རྩོད་པ་བརྒྱབས་ནས་བསྡད་པས་ཡོང་རྒྱུ་གང་ཡང་མེད། དངོས་ཡོད་གནས་ཚུལ་ལ་ཆོལ་ཁའི་བར་དུ་འཁོན་འཛིན་ལྟ་བུའི་རྙོག་དྲ་དེ་འདྲ་ཞིག་བྱུང་ཚར་དུས། ད་ཕྱིན་ཆད་འོས་བསྡུས་མཚོན་པའི་གནས་སྟངས་གང་འདྲ་ཞིག་གི་ཐོག་ཏུའང་རྙོག་དྲ་འདིའི་རིགས་བསྐྱར་དུ་ལངས་རྒྱུ་མེད་པ་ཞིག་བཟོ་དགོས་པ་འདི་གལ་ཆེན་པོ་རེད། ངས་ལོ་སྔོན་མ་མདོ་སྨད་ཀྱི་ཚོགས་འདུ་ཞིག་གི་ཐོག་ནོར་འཁྲུལ་སུ་ལ་བྱུང་ཡོད་ན་ཡང་ནོར་འཁྲུལ་བྱུང་ཚར་བ་རེད། ནོར་འཁྲུལ་འདི་རིགས་གཙང་སེལ་བྱ་དགོས་པ་གལ་ཆེན་པོ་རེད་ཅེས་ནུས་ཤུགས་ཆེན་པོ་ཞུས་ཡོད་ནའང་ཕྱིས་སུ་མདོ་སྨད་པ་ཚོའི་ངོས་ནས་ལས་དོན་འདིའི་ཐོག་དམིགས་བསལ་གྱི་ལས་འགུལ་དེ་འདྲ་སྤེལ་ཡོད་པ་ཤེས་མ་བྱུང༌། གང་ལྟར་དངོས་ཡོད་གནས་ཚུལ་ལ་མ་མཐུན་པ་ཡོད་བསྡད་པ་དེའི་ཐོག་དམིགས་བསལ་གྱིས་ལས་འགུལ་སྤེལ་ཏེ་གཙང་མ་བཟོ་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད་བསམ། ༸རྒྱལ་བ་རིན་པོ་ཆེ་དགུང་ལོའི་གནས་བབ་འདི་འདྲ་ཞིག་ལ་ཕེབས་ཡོད་པ་དང༌། ༸རྒྱལ་བ་རིན་པོ་ཆེས་ཐུགས་རེ་ཆེན་པོ་གནང་ནས་སྲིད་དབང་རྩིས་སྤྲོད་གནང་སྟེ་འགྲོ་བཞིན་པའི་སྐབས་འདིར་ཐུགས་ཕམ་དགོས་པའི་རྐྱེན་ངན་ཞིག་བྱུང་ཚར་བ་རེད། དེ་ཡིན་དུས་མ་འོངས་པར་རྐྱེན་ངན་འདིའི་རིགས་བསྐྱར་དུ་མི་ཡོང་བར་ཕྱོགས་ཐམས་ཅད་ཀྱིས་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་ཀྱིས་ལས་འགུལ་སྤེལ་དགོས་པ་དེ་གལ་ཆེན་པོ་རེད།

        དེ་རིང་གི་ཚོགས་འདུའི་ནང་གི་མི་ཐམས་ཅད་ལས་རྒན་ཤོས་ལྟ་བུ་ང་ཡིན་ཚོད་རེད། ཕྱི་ལོ་ ༡༩༥༩ ལོར་བོད་ནས་ཐོག་མར་བྲོས་བྱོལ་དུ་ཡོང་བའི་སྐབས་ང་ལོ་བཅོ་བརྒྱད་ཡིན། ད་ལོ་ལོ་བདུན་ཅུ་དོན་དྲུག་ཟིན་པ་རེད། ད་ཆ་བོད་ནས་ཡོང་མཁན་གྱི་མི་ཐོག་རྙིང་པའི་གྲས་རེ་ཟུང་ལས་མི་འདུག འདིར་ཡོད་པ་ཡོངས་རྫོགས་མི་ཐོག་གསར་པ་ཤ་སྟག་ཡིན་དུས་སྔ་མོའི་གནས་ཚུལ་འགའ་ཤས་དྲན་གསོའི་ཚུལ་དུ་ཞུས་ན་བསམས་བྱུང༌། ཕྱིི་ལོ་ ༡༩༥༩ ལོར་བོད་ཤོར་བའི་རྗེས་སུ་གནས་མཆོག་རྡོ་རྗེ་གདན་དུ་གནའ་གན་ཐུ་བོ་ཆེ་ཞེས་པ་བཞག་ནས་བོད་ཆོལ་ཁ་གསུམ་ཆོས་ལུགས་དང་བཅས་པའི་ཚོགས་འདུ་འཚོགས་པ་རེད། འདི་ནི་ལོ་རྒྱུས་ཐོག་བོད་ཆོལ་ཁ་གསུམ་ཆོས་བརྒྱུད་དང་བཅས་པ་མཉམ་དུ་འཛོམས་པའི་ཚོགས་འདུ་དང་པོ་རེད་ཅེས་བཤད་ཆོག སྐབས་དེར་མདོ་སྨད་པ་ཆེས་ཉུང་ཉུང་ཞིག་ལས་མེད་ནའང་༸རྒྱལ་བ་རིན་པོ་ཆེས་དགོངས་གཞི་དགོས་པ་རླབས་ཆེན་པོའི་ཐོག་ནས་བོད་ཆོལ་ཁ་གསུམ་འདྲ་མཉམ་གཅིག་མཚུངས་ཡིན་པའི་བོད་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་དམིགས་བསལ་ཅན་འདི་བཟོ་གནང་མཛད་པ་རེད། དེ་དུས་མདོ་སྨད་པ་མི་ཉུང་ངུ་ལས་མེད་པར་མ་ཟད་དཔལ་འབྱོར་གྱི་གནས་སྟངས་ཀྱང་ཤིན་ཏུ་སྐྱོ་བོ་ཡིན་ཡང༌ཆོལ་ཁ་གཞན་དག་དང་གཅིག་མཚུངས་འདྲ་མཉམ་གྱིས་བོད་སྤྱི་བའི་རྩ་དོན་ཐོག་ལ་འགན་བླངས་ནས་དཀའ་ལས་བརྒྱབས་ཡོད། དཔེར་ན། ང་ལྟ་བུར་མཚོན་ན་ཆོལ་གསུམ་ཆིག་སྒྲིག་ཚོགས་པ་ཐོག་མར་འཛུགས་པའི་སྐབས་ཐོག་དང་པོའི་ས་ཡིག་རྒྱག་མཁན་ཡིན་ལ། དེའི་རྗེས་སུ་མདོ་སྨད་ཆིག་སྒྲིལ་ཚོགས་པ་འཛུགས་པའི་སྐབས་སུ་ཡང་མཚན་ཐོ་དང་པོར་མིང་རྟགས་འགོད་མཁན་ཡིན། རྒན་རབས་པ་ཚོས་ད་ལྟ་ལ་ཐུག་གི་བར་དུ་དཀའ་ལས་བརྒྱབས་ཡོད། ང་ཚོས་དཀའ་ལས་བརྒྱབས་པའི་གྲུབ་འབྲས་ཆེན་པོ་ཞིག་བསྟན་རྒྱུ་མེད་ན་ཡང་ད་ལྟའི་བར་དུ་བོད་ཆོལ་ཁ་གསུམ་བོད་སྤྱི་བའི་རྩ་དོན་གྱི་ཐོག་ལ་ཆིག་སྒྲིལ་གྱིས་གནས་ཐུབ་པར་བྱུང་བ་འདི་ནི་མི་རབས་རྒན་པ་ཚོས་དཀའ་ལས་བརྒྱབས་པའི་གྲུབ་འབྲས་གཙོ་བོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། མི་རབས་རྒན་པ་ཚོས་དཀའ་ལས་བརྒྱབས་ནས་བཞག་པའི་གྲུབ་འབྲས་འདིའི་ཐོག་མི་རབས་གསར་པ་རྣམས་ཕེབས་ཐུབ་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད།

        ང་ཚོ་རྒྱ་གར་ལ་བྲོས་བྱོལ་དུ་འབྱོར་ནས་ལོ་མང་པོའི་རྗེས་སུ་ཡང་བཙན་བྱོལ་ནང་གི་བོད་མི་མང་པོ་ཞིག་གི་བསམ་པར་ཨ་མདོ་པ་ཟེར་བ་དེ་ཆུང་ཆུང་ཞིག་ལས་ཚོར་གྱི་མེད། དཔེར་ན། མི་འགའ་ཤས་ཀྱིས་སཀད་ཆ་དྲི་བའི་སྐབས། ཏྲེ་ཧོར་ཁམས་པ་དང་ཨ་མདོ་པ་གཉིས་ལས་སུ་ཆེ་བ་ཡོད་པ་རེད་ཅེས་འདྲི་མཁན་ཡོང་གི་ཡོད། ཕྱིས་སུ་སཀུ་ངོ་འཇུ་ཆེན་ཐུབ་བསྟན་གྱིས་དབུ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཐེངས་དང་པོ་བོད་ཆོལ་ཁ་གསུམ་གྱི་ཁྱོན་ཡོངས་ལ་གཟིགས་སྐོར་དུ་ཕེབས་ནས་ལས་བསྡོམས་སཀུ་ངོ་འཇུ་ཆེན་ཐུབ་བསྟན་མཆོག་གིས་བློ་ཐོག་ནས་ཉིན་གཉིས་གསུམ་རིང་སྙན་སེང་གནང་སོང༌། སྐབས་དེར་སྐུ་ཚབ་ཚོགས་པ་རྣམས་མདོ་སྨད་ཀྱི་ས་གནས་གང་ནས་གང་དུ་ཕེབས་པ་དང༌། རྫོང་ཁག་གང་ནས་གང་དུ་ཕེབས་པ། མི་སྣ་སུ་དང་སུ་ལ་འཕྲད་པའི་གནས་ཚུལ་ཤིན་ཏུ་རྒྱས་པོ་གསུངས་བྱུང༌། ཉིན་དེ་ནས་བཟུང་སྐྱབས་བཅོལ་བའི་སྤྱི་ཚོགས་ཀྱི་ནང་དུ་ཨ་མདོ་ཞེས་པ་ལུང་པ་ཆུང་ཆུང་ཞིག་རེད་མི་འདུག་ཅེས་གཞི་ནས་གཉིད་སད་པ་ལྟ་བུར་གྱུར་ཡོད། ༸རྒྱལ་བ་རིན་པོ་ཆེས་བོད་ཆོལ་ཁ་གསུམ་འདྲ་མཉམ་གཅིག་མཚུངས་ཤིག་གི་ཐོག་ནས་བོད་མིའི་ཆབ་སྲིད་ཀྱི་གཞི་བཙུགས་པ་ལ་དགོས་པ་དང་རྒྱུ་མཚན་ཆེན་པོ་ཡོད་པ་ལ་གཞི་ནས་གོ་རྟོགས་གསལ་པོ་བྱུང་བ་རེད།

        ཐོག་མའི་སཀབས་ཨ་མདོ་པ་མི་གྲངས་ཤིན་ཏུ་ཉུང་བའི་དཀའ་ངལ་ཡོད་པ་ཙམ་དུ་མ་ཟད། ཨ་མདོའི་ནང་ཁུལ་ནས་ཀྱང་ང་མདོ་སྨད་པ་ཡིན་ཨ་མདོ་པ་མིན་ཟེར་མཁན་ཡང་བྱུང་མྱོང་ཡོད། སྐབས་དེར་༸རྒྱལ་བ་རིན་པོ་ཆེས་རྒྱུན་དུ་ང་ཨ་མདོ་ས་སྐྱེས་རྡོ་སྐྱེས་ཡིན་ཞེས་བཀའ་ཡང་ཡང་གནང་སྟེ་རྒྱུན་པར་ང་ཚོ་ལ་སེམས་ཤུགས་སྤར་གྱི་ཡོད། མདོར་བསྡུས་ན། སྐབས་དེ་དག་ཏུ་ཨ་མདོ་པ་མི་གྲངས་ཉུང་ཉུང་ཞིག་ལས་ཡོད་མེད་ལ་མ་ལྟོས་པར་ང་ཚོ་མི་རབས་རྒན་པ་རྣམས་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་དཀའ་ལས་བརྒྱབས་ཡོད་པ་དེ་དྲན་གསོའི་ཚུལ་དུ་ཞུ་འདོད་བྱུང༌།

        དེ་རིང་འདིར་ཕེབས་པའི་འཐུས་མི་ཕལ་ཆེ་བ་བོད་ནས་གསར་དུ་ཕེབས་མཁན་གྱི་གྲས་དང༌། ཤེས་ཡོན་གྱི་འདབ་གཤོག་གཉིས་ལྡན། གནའ་སྔ་མོ་དང་དེང་སང་གི་འགྲོ་སྟངས་གཉིས་ཀ་ཤེས་མཁན་ཤ་སྟག་ཕེབས་ཐུབ་ཡོད་པར་མ་ཟད། བསམ་བློ་དང་ཤེས་ཡོན་གང་ཅིའི་ཐད་ནས་ཡར་རྒྱས་འགྲོ་དང་འགྲོ་བཞིན་པའི་གནས་སྟངས་གསལ་པོ་རེད། ལྷག་པར་དུ་མདོ་སྨད་པའི་མི་རབས་གསར་པ་ཁྱེད་ཚོ་ལ་གནའ་སྔ་མོའི་ལུང་པའི་ཞེན་ཁོག་རྙིང་པའི་རིགས་ཀྱི་ཤུགས་རྐྱེན་ངན་པའི་རིགས་འགོས་ཡོད་པ་མ་རེད་ལ། ཞེན་ཁོག་རྙིང་པ་དེའི་རིགས་ཀྱི་ཤུགས་རྐྱེན་ངན་པ་འགོ་དགོས་པའི་རྒྱུ་མཚན་མེད། ཤུགས་རྐྱེན་ངན་པ་དེའི་རིགས་བགོས་པས་སྤྱི་སྒེར་སུ་ལའང་ཕན་ཐོགས་མེད།

        ང་རང་རང་གི་ཉམས་མྱོང་དང་གནས་སྟངས་ཤིག་གི་ཐོག་ནས་ཞུས་པ་ཡིན་ན་འཚམས་པོ་དང་ཞུ་བདེ་བོར་མཐོང་གི་འདུག དཔེར་ན། ང་ལྟ་བུར་མཚོན་ན་ཀིརྟི་ཚང་གི་དགོན་མ་ལག་ཟེར་ནས་གནའ་སྔ་མོ་ནས་བཤད་སྟངས་དམིགས་བསལ་བ་ཞིག་ཡོད། རྒྱ་ཆེ་ཆུང་གི་ཁྱད་པར་ཙམ་མ་གཏོགས་བོད་ནང་གི་བླ་མ་ཆེ་ཁག་མང་ཆེ་བ་གནས་སྟངས་དེ་གཅིག་མཚུངས་ལྟ་བུ་ཡོད། ང་ལྟ་བུ་ཡིན་ན་ལོ་མང་པོའི་གོང་ནས་ཀིརྟི་ཚང་དང་དམིགས་བསལ་འབྲེལ་ཡོད་ཀྱི་དགོན་ཁག་ཅེས་པའི་ཚིག་འདི་བེད་སྤྱོད་གཏོང་གང་ཐུབ་བྱས་པ་མ་གཏོགས། ཀིརྟི་ཚང་གི་དགོན་ལག་ཅེས་པའི་ཐ་སྙད་དེ་བེད་སྤྱོད་གཏོང་གི་མེད། ཀིརྟི་ཚང་དང་དམིགས་བསལ་འབྲེལ་ཡོད་དགོན་ཁག་མ་རེད་ཅེས་ཟེར་རྒྱུ་མེད་ཀྱང༌། ཀིརྟི་ཚང་གི་དགོན་ལག་ཅེས་ལབ་པའི་སྐབས་ཕྱོགས་སྒྲིག་གི་རྣམ་པའི་ཚིག་ལྟ་བུ་ཞིག་ལ་རང་བཞིན་གྱིས་མཐོང་གི་འདུག གནའ་སྔ་མོའི་ལུང་ཚན་ཕྱོགས་སྒྲིག་ལྟ་བུ་ལུགས་སྲོལ་དང་གོམས་གཤིས་རྙིང་པའི་རིགས་འདི་ང་ཚོ་ཀུན་ལ་དགོས་མཁོ་ཡོད་པ་མ་རེད་ལ་འདིའི་དུས་ཚོད་སྔ་མོ་ནས་ཡོལ་ཚར་བ་རེད། མི་རབས་གསར་པ་རྣམས་འདིའི་རིགས་ཀྱི་ཤུགས་རྐྱེན་ངན་པ་མ་ཐེབས་པ་ཞིག་ཡིན་པ་ལ་ངོས་འཛིན་དང་ཡིད་ཆེས་བྱེད་ཀྱི་ཡོད། མི་ཐོག་གསར་རྙིང་གཉིས་ཀྱི་བར་ལ་མཐུད་ཡག་པོ་ཞིག་བརྒྱག་དགོས་པའི་འགན་འཁྲི་ཆེན་པོ་ཞིག་རྣམ་པ་ཚོར་ཡོད། ང་ཚོས་ཆབ་སྲིད་ཀྱི་ཐོག་ནས་སྤྱིའི་ལས་དོན་ལ་ཤུགས་རྐྱེན་ཐེབས་ཐུབ་པའི་འགན་ཁུར་ཆེན་པོ་ལེན་ཐུབ་ཀྱི་ཡོད་མེད་གང་ལྟར་ཡང༌། རང་རང་སོ་སོའི་ངོས་ནས་ག་རེ་བྱེད་ཐུབ་པ་དེ་འཐུས་ཤོར་མེད་པར་བྱེད་དགོས་པ་འདི་གལ་ཆེན་པོ་རེད་ཅེས་རྣམ་པ་ཚོར་ཞུ་འདོད་བྱུང༌།

ད་ཐེངས་ཀྱི་ཚོགས་འདུའི་གྲོས་གཞི་དང་པོར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་གྱ་ལྔར་ཕེབས་སྐབས་བརྟན་བཞུགས་བསྟར་འབུལ་ཞུ་ཐབས། ཞེས་འཁོད་འདུག བརྟན་བཞུགས་གཙོ་བོ་དེ་ཕྱི་ལོགས་ཀྱི་ཁྲ་ཁྲ་ཟང་ཟིང་གི་རྣམ་འགྱུར་ཙམ་ཞིག་མ་ཡིན་པར་ནང་གི་བརྟན་བཞུགས་གལ་ཆེན་པོ་རེད། ང་ཚོས་བརྟན་བཞུགས་ཕུལ་གྱི་ཡོད་ཟེར་ནས་འགྲོ་སོང་ཆེན་པོ་ཞིག་བཏང༌། མི་མང་པོ་བསྡུ་བ་འདི་ལུགས་སྲོལ་དང་འགྲོ་སྟངས་ལྟ་བུ་ཞིག་ཏུ་ཆགས་འདུག་པ་མ་གཏོགས། དེ་ཙམ་གྱིས་ཕན་ཐོགས་ཅན་དང་དགོས་པ་ཅན་ཞིག་རེད་བསམ་གྱི་མེད། སྤྱིར་རྟགས་དང་རྟེན་འབྲེལ་དེ་འདྲ་གནང་དགོས་པ་ཡང་བདེན་པ་ཡིན། དངོས་གནས་བརྟན་བཞུགས་འབུལ་གྱི་ཡིན་ན་བོད་ཆོལ་ཁ་གསུམ་རྡོག་རྩ་གཅིག་ཏུ་བསྒྲིལ་བའི་མཐུན་ལམ་དེའི་ཐོག་ཤུགས་བརྒྱག་དགོས་པ་དེ་རེད། ༸རྒྱལ་བ་རིན་པོ་ཆེས་ལོ་མང་པོའི་རིང་སྐུ་ལས་བསྐྱོན་ནས་བཙུགས་པའི་དབུས་བོད་མིའི་སྒྲིག་འཛུགས་འདི་ཡུན་གནས་ཡོང་ཐབས་ལ་ག་རེ་བྱ་དགོས་པ་འདུག རང་རང་སོ་སོའི་ངོས་ནས་བསམ་བློ་བཏང་སྟེ་འགན་ཁུར་ལེན་དགོས་པ་འདི་རེད། ངའི་ངོས་ནས་ནམ་ཡིན་ཡང་བོད་ཀྱི་སྒྲིག་འཛུགས་འདི་ལ་རྒྱབ་སྐྱོར་ཞུ་གི་ཡོད། ངས་འདི་ལ་རྒྱབ་སྐྱོར་ཞུ་དགོས་པའི་རྒྱུ་མཚན་ཚར་མང་པོ་ཞུ་མྱོང༌། རྒྱུ་མཚན་གཙོ་བོ་ནི་༸རྒྱལ་བ་རིན་པོ་ཆེས་ཐུགས་རེ་ཆེན་པོས་སྲིད་དབང་རྩིས་སྤྲོད་གནང་བའི་རྒྱུན་དེ་སྲ་བརྟན་ཡོང་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད། ན་ནངས་འོས་བསྡུ་བྱེད་པའི་སྐབས་སུ་ཡང་སྲིད་སྐྱོང་སུ་ལ་ཐོབ་ཀྱང་ང་ལ་ཁྱད་པར་གང་ཡང་མེད། བོད་རྒྱ་ཆེ་མི་མང་གིས་སུ་ལ་རེ་བ་བརྒྱབས་ནས་འོས་ཤོག་བླུག་པ་དེ་ལ་ངས་ཀྱང་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཅེས་ཡང་ཡང་བཤད་མྱོང༌། ང་ཚོ་རང་དབང་ལུང་པར་སྐྱབས་བཅོལ་དུ་ཡོད་པ་རྣམས་ཀྱིས་སྒྲུབ་ཐུབ་པ་དང་སྒྲུབ་དགོས་པ་གཙོ་བོ་ནི་ང་ཚོའི་སྒྲིག་འཛུགས་འདི་སྲ་བརྟན་ཡོང་བའི་ཆེད་དུ་ང་ཚོས་ག་རེ་བྱེད་དགོས་པ་དེ་རེད། འདིའི་ཐོག་ལ་སྤྱི་སྒེར་ཡོངས་རྫོགས་ཀྱིས་ནུས་པ་གཅིག་ཏུ་སྤུངས་ནས་ཁ་ཞེ་གཉིས་མེད་ཀྱིས་ཤུགས་བརྒྱབས་པ་ཡིན་ན་བརྟན་བཞུགས་ངོ་མ་དེ་རེད་བསམས།

གྲོས་གཞི་གཉིས་པ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་སྐུར་འདེབས་དང་གཞི་མེད་ཟུར་ཟ་བྱེད་མཁན་སྤྱི་དང་ལྷག་པར་དུ་མདོ་སྨད་ཆོལ་ཁོངས་ནས་རེ་ཟུང་བྱུང་དང་འབྱུང་བཞིན་པ་དང༌། འབྱུང་འགྱུར་ལ་གདོང་ལེན་བྱེད་ཕྱོགས། ཞེས་འཁོད་འདུག

        འདི་ཡང་དངོས་ཡོད་གནས་ཚུལ་ཞིག་རེད། སྤྱིར་བཙན་བྱོལ་ནང་གི་རྩོམ་ཡིག་མང་པོ་ཞིག་མདོ་སྨད་པའི་ཁོངས་ནས་སྤེལ་གྱི་འདུག དྲི་བ་དྲིས་ལན་ལྟ་བུ་ཞིག་ཡོད་ན་དེའི་ཁོངས་སུ་མདོ་སྨད་པ་རེ་ཟུང་ནམ་ཡིན་ཡང་ཡོང་གི་འདུག་ལ། རྩོམ་ཡིག་གི་དུས་དེབ་ལྟ་བུ་ཡིན་ན་དེའི་ནང་དུ་མདོ་སྨད་པ་ཁ་ཤས་ཤིག་ཡོད་ངེས་པ་ལྟ་བུ་རེད། མདོ་སྨད་པའི་ན་གཞོན་ཚོ་ལ་ཤེས་ཡོན་ཡོད་པ་དེ་བཟང་ཕྱོགས་ཤིག་གི་ཐོག་ལ་བེད་སྤྱོད་བཏང་དགོས་པ་དེ་གལ་ཆེན་པོ་རེད། རྩོམ་ཤེས་པ་ཙམ་དང་འབྲི་ཤེས་པ་ཙམ་གྱིས་ཕན་ཐོགས་པ་ཞིག་ཡོང་གི་རེད་སྙམ་པ་ཞིག་དྲན་གྱི་མེད། བོད་ནང་དུ་ཡིན་ན་ཡང་རྩོམ་ཡིག་དེ་འདྲ་མང་པོ་ཡོང་གི་འདུག རྩོམ་ཡིག་འབྲི་མཁན་མང་ཆེ་བས་སྐྱོན་མང་པོ་ཐེར་འདོན་བྱས་འདུག སྨྲ་བརྗོད་རང་དབང་ཡིན་དུས་སྐྱོན་བརྗོད་བྱེད་པ་ལ་སུ་གང་གིས་ཀྱང་དགག་བྱ་བྱེད་མི་ཐུབ་ཀྱང༌། སྐྱོན་ཐེར་འདོན་བྱས་པ་ཙམ་གྱིས་ཕན་ཐོགས་ཆེ་བར་ཡོང་གི་མ་རེད། སྐྱོན་ཐེར་འདོན་བྱས་པ་དང་ཆབས་ཅིག་ཏུ་སྐྱོན་དེ་དག་ཇི་ལྟར་སེལ་བའི་ཐབས་ལམ་བཤད་དགོས། མི་ཞིག་དང་སྤྱི་ཚོགས་ཤིག་ལ་འཁོན་འཛིན་གྱི་རྣམ་པས་སྐྱོན་བརྗོད་མཁན་ནི་མང་ཆེ་ཤོས་ཡིན་པ་མ་གཏོགས་སྐྱོན་དེ་དག་ཇི་ལྟར་སེལ་ཐབས་བྱ་དགོས་པའི་ཐབས་ཤེས་སྟོན་མཁན་ཤིན་ཏུ་ཉུང་ཉུང་རེད། འདི་ནི་དམར་པོའི་ལྟ་བའི་ཤན་ཞུགས་ངན་པ་ཐེབས་པའི་རྟགས་མཚན་ཞིག་ཡིན་ནམ་སྙམ། རྩོམ་ཡིག་མང་པོ་བྲིས་འདུག་ཀྱང་སྐྱོན་བརྗོད་པ་མ་གཏོགས་དེ་དང་མཉམ་དུ་སྐྱོན་དེ་དག་སེལ་བའི་ཐབས་ཤེས་བསྟན་པའི་རྩོམ་ཡིག་ཕལ་ཆེར་མཐོང་མ་སོང༌། མ་འོངས་པར་རྩོམ་ཡིག་འབྲི་བའི་སྐབས་སྐྱོན་བརྗོད་པ་དེ་འཁོན་འཛིན་གྱི་རྣམ་པ་མིན་པར་ཤ་ཚ་བ་དང་ལྷག་བསམ་རྣམ་དག་གིས་བཤད་པ་དང་ཆབས་ཅིག སྐྱོན་དེ་དག་སེལ་བའི་ཐབས་ལམ་བཤད་དགོས་པ་འདི་གལ་ཆེན་པོ་རེད། དེ་ལྟར་བྱས་པ་ཡིན་ན་རང་ཉིད་ཀྱིས་བྲིས་པའི་རྩོམ་ཡིག་དེས་བོད་ཕྱི་ནང་གི་མཐུན་ལམ་གྱི་ཐོག་ལ་ཕན་ཐོགས་ཡོང་གི་རེད་ལ། བོད་ཀྱི་བསྟན་པ་ཆབ་སྲིད་རྒྱུན་གནས་དར་འཕེལ་ཡོང་བ་ལ་ཡང་ཕན་ཐོགས་ཡོང་གི་རེད།

        འཁོན་འཛིན་གྱི་རྣམ་པས་སྐྱོན་བརྗོད་མང་པོ་བྱས་པ་དེས་ཕན་ཐོགས་ཡོང་གི་མི་འདུག་པར་མ་ཟད་དེའི་ལྡོག་ཕྱོགས་ནས་ནུས་པ་ངན་པ་འཐོན་གྱི་འདུག མི་རབས་གསར་པ་ཚོའི་བསམ་བློའི་ནང་ཤུགས་རྐྱེན་ངན་པ་ཞིག་རང་བཞིན་གྱིས་བགོས་ཡོང་གི་འདུག ལྷག་པར་དུ་གཞོན་སྐྱེས་འགའ་ཤས་ཀྱིས་བླ་མ་གྲྭ་པ་དགོས་ཀྱི་མི་འདུག་ཟེར་བ་དང༌། བསྟན་པ་དགོན་པ་དགོས་ཀྱི་མི་འདུག བོད་ཀྱི་ཆོས་ལུགས་དགོས་ཀྱི་མི་འདུག རང་དབང་གཙོ་བོ་ཡིན་ཅེས་པ་ལྟ་བུའི་སཀད་ཆ་མང་པོ་ཞིག་བཤད་ཡོང་གི་འདུག སྐད་ཆ་འདིའི་རིགས་ཀྱིས་བོད་མིའི་ནང་ཁུལ་གྱི་མཐུན་ལམ་དང༌། བོད་ཀྱི་བསྟན་པ་ཆབ་སྲིད་ལ་ཕུགས་རྒྱང་རིང་པོར་གནོད་པ་མ་གཏོགས་ཕན་ཐོགས་གང་ཡང་མི་འདུག སྔོན་མ་གྲང་དམག་འཁོན་འཛིན་ཟེར་བ་དམར་པོའི་ལྟ་བའི་གཞུང་གིས་འཐབ་འཛིང་དང་སྐྱོན་བརྗོད་བྱེད་སྟངས་དང་མཚུངས་པ་རེད། སྐྱོན་བརྗོད་བྱས་པ་མང་ཆེ་བ་ཕན་སེམས་ཀྱི་ཐོག་ནས་མ་ཡིན་པར་འཁོན་འཛིན་གྱིས་ངར་སྐྱེ་རུ་བཅུག་པའི་ཐོག་ནས་ཡོང་གི་ཡོད་པའི་རྣམ་པ་ཞིག་རང་བཞིན་གྱིས་མཐོང་གི་འདུག འདིའི་སཀོར་རྣམ་པ་ཚོར་ཕྲན་བུ་ཞུས་ན་བསམ་པ་ཞིག་བྱུང༌།

གྲོས་གཞི་གསུམ་པ། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་ཕེབས་སྐབས་དམ་སྲི་དོལ་ཚོགས་ནས་ངོ་རྒོལ་སྐད་འབོད་བྱེད་པ་ལ་གདོང་ལེན་བྱ་ཐབས། ཞེས་འཁོད་འདུག

མདོ་སྨད་ཀྱི་ཕྱོགས་སུ་དོལ་རྒྱལ་དང་འབྲེལ་བའི་ཐོག་ནས་དཀའ་ངལ་དང་རྙོག་དྲ་ཡོད་ས་ལྟེ་བ་དེ་ངའི་ས་ཆ་རེད། ང་ཚོ་ལུང་པ་དེ་ལ་ཆུ་ཞིག་གི་ཕ་རི་ཚུར་རི་གཉིས་ལ་དགོན་པ་ཆེ་བ་གཉིས་ཡོད། ཕར་ཕྱོགས་དེ་དོལ་རྒྱལ་བསྟེན་མཁན་དང་ང་ཚོའི་དགོན་པ་དེ་དོལ་རྒྱལ་མི་བསྟེན་མཁན་རེད། ས་ཁུལ་འདི་ལ་རྙོག་དྲ་དང་དཀའ་ངལ་མཚམས་མ་ཆད་པར་ཡོང་གི་འདུག ཁྱིམ་ཚང་གཅིག་གི་ནང་ལ་བཟའ་ཚང་ཁ་འཐོར་ནས་བསྡད་དགོས་པའི་གནས་ཚུལ་ཡང་ཡོང་གི་ཡོད། གླ་གཏོང་འགྲུལ་འཁོར་ལྟ་བུ་ཡིན་ན་ཐོག་མར་ཕྱོགས་སུའི་རླང་འཁོར་ཡིན་མིན་མ་ཤེས་པར་ནང་དུ་སྡོད་པ་དང༌། རྗེས་སུ་དོལ་རྒྱལ་བསྟེན་མཁན་ཕྱོགས་ཀྱི་རླང་འཁོར་ཡིན་པ་ཤེས་པའི་རྗེས་སུ་རླང་འཁོར་ནས་བབས་ཏེ་གོམ་པ་བརྒྱབས་ནས་འགྲོ་དགོས་པ་ལྟ་བུའི་གནས་ཚུལ་ཡང་མང་པོ་ཡོང་གི་ཡོད། མདོ་སྨད་ཀྱི་ཕྱོགས་སུ་དོལ་རྒྱལ་དང་འབྲེལ་བའི་དཀའ་ངལ་མང་པོ་ཞིག་ང་ཚོའི་ས་ཁུལ་དེ་ལ་ཡོང་གི་ཡོད་པ་རྣམ་པ་ཚོ་མང་པོ་ཞིག་གིས་མཁྱེན་གྱི་ཡོད་ངེས་རེད་ལ། མཁྱེན་དགོས་པ་དེ་གལ་ཆེན་པོ་རེད། མདོ་སྨད་ཕྱོགས་སུ་དོལ་རྒྱལ་དང་འབྲེལ་བའི་དཀའ་ངལ་ཆེ་ཤོས་གང་དུ་ཡོང་གི་ཡོད་པ་དང༌། མང་ཚོགས་ཀྱིས་དེ་ལ་གདོང་ལེན་གང་འདྲ་གནང་གི་ཡོད། མི་མང་གི་འཚོ་བའི་ཐོག་ལ་དཀའ་ངལ་གང་འདྲ་འཕྲད་ཀྱི་ཡོད་པ། བཟའ་ཚང་བར་ལ་ཡིན་ན་ཡང་དཀའ་ངལ་གང་འདྲ་ཡོང་གི་ཡོད་པ། མི་མང་པོ་ཞིག་རང་གི་ས་ཁུལ་དུ་གཞིས་ཆགས་བྱེད་པ་ལ་ཡང་དཀའ་ངལ་འཕྲད་ཀྱི་ཡོད། འགྲོ་འདུག་གི་ཕྱོགས་ལ་ཡིན་ན་ཡང་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པ་སོགས་མཁྱེན་རྟོགས་ཀྱི་ཆེད་དུ་ཕྲན་བུ་ཞུ་འདོད་བྱུང༌།

གྲོས་གཞི་དོན་ཚན་ལྔ་པ། དྭངས་བླངས་དཔྱ་དངུལ་འབུལ་ཕྱོགས་ཤིག་འདུག དྭངས་བླངས་དཔྱ་དངུལ་འདི་ང་ཚོ་བོད་མི་ཡོངས་རྫོགས་ཀྱིས་འབུལ་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད། ལོ་འགའ་ཤས་གོང་དུ་ང་ཨ་རི་ལ་འགྲོ་བའི་སྐབས་ང་ཚོའི་ཕ་ཡུལ་གཅིག་པ་ཚོ་ལ་སོ་སོའི་ངོས་ནས་བོད་གཞུང་ལ་དྭངས་བླངས་དཔྱ་དངུལ་འབུལ་ཐུབ་པའི་ཆེད་ཐབས་ཤེས་བྱ་དགོས། བོད་གཞུང་གི་ལས་བྱེད་ཚོས་ས་གནས་ཡོངས་རྫོགས་ལ་ཁྱབ་ཐུབ་མིན་ཅི་རིགས་ཡོང་གི་ཡོད། དཔེར་ན། ཨ་མདོ་རྔ་པའི་ཕྱོགས་ཀྱི་ཕ་ཡུལ་གཅིག་པ་ལྟ་བུ་ཡིན་ན། སོ་སོའི་ཕ་ཡུལ་གཅིག་པ་ཚོའི་དྭངས་བླངས་དཔྱ་དངུལ་རྣམས་ལྷན་ཅིག་ཏུ་བསྡུས་ཏེ་གཞུང་ལ་འབུལ་ཐུབ་ན་ཡག་པོ་ཡོང་གི་རེད་ཅེས་ངས་ཕ་ཡུལ་གཅིག་པ་ཚོ་ལ་ཞུ་སཀུལ་ཞུ་མྱོང༌། ངས་ཞུས་པ་བཞིན་ཁོང་ཚོས་ཐོག་མའི་སྐབས་དེ་ལྟར་ལག་བསྟར་བྱེད་ཀྱི་འདུག་ཀྱང་རྗེས་སུ་རྒྱུན་སྐྱོང་ཐུབ་ཀྱི་ཡོད་མེད་ཤེས་མ་བྱུང༌། དེ་བཞིན་དུ་ས་གནས་སོ་སོ་ལ་མདོ་སྨད་པའི་ཚོགས་པ་ཡོད་དུས་ཚོགས་པ་དེ་ཚོས་མདོ་སྨད་པའི་འགན་བླངས་ནས་དྭངས་བླངས་དཔྱ་དངུལ་ལྷན་དུ་བསྡུས་ཏེ་གཞུང་གི་འབྲེལ་ཡོད་ལས་ཁུངས་ལ་འབུལ་ཐུབ་ན་ཡག་པོ་ཡོང་གི་རེེད་ཅེས་ཞུ་འདོད་བྱུང༌།

གྲོས་གཞི་དོན་ཚན་བདུན་པ། མདོ་སྨད་ཀྱི་སྒྲིག་གཞི་ཞིག་གཏན་འབེབས་བྱེད་ཀྱི་ཡིན་ཟེར་འདུག སྒྲིག་གཞིའི་ཟིན་བྲིས་ངས་མཐོང་བྱུང༌། སྤྱིར་ཚོགས་པ་ཞིག་ལ་སྒྲིག་གཞི་ཡོད་དགོས་པ་དེ་གལ་ཆེན་པོ་རེད་ལ། སྒྲིག་གཞི་ལག་ལེན་དུ་བསྟར་དགོས་པ་དེ་བས་ཀྱང་གལ་ཆེན་པོ་རེད། ཡིན་ནའང་སྒྲིག་གཞི་ཞིབ་ཚགས་མང་པོ་ཞིག་བཟོས་ནས་དངོས་སུ་ལག་བསྟར་བྱེད་པའི་སྐབས་ལག་ལེན་དུ་འཁེལ་མ་ཐུབ་ན་ཕན་ཐོགས་ཡོད་པ་མ་རེད། སྒྲིག་གཞི་ཧ་ཅང་གི་རྒྱས་པོ་ཞིག་བཟོ་བར་དགོས་པ་དང་རྒྱུ་མཚན་ཆེན་པོ་མཐོང་གི་མི་འདུག དཔེར་ན། གཞོན་ནུའི་སྒྲིག་འཛུགས་ཀྱི་སྒྲིག་གཞི་བསྡུས་པ་ཞིག་མ་གཏོགས་མེད་ནའང་ལས་ཀ་ཚགས་ཚུད་པོ་ཡག་པོ་གནང་ཐུབ་ཀྱི་ཡོད། དེ་བཞིན་མདོ་སྨད་ཀྱི་སྒྲིག་གཞི་ལྟ་བུ་ཡིན་ན་ཡང་ཧ་ཅང་རྒྱས་པོ་མིན་པ་གང་ཞིག་ལ་རྩ་བའི་སྡོམ་ལྟ་བུ་གནད་ཚང་བ་ཞིག་ཡོང་ཐབས་མཛད་ན་ཕན་ཐོགས་ཡོང་གི་རེད་བསམ།

         མདོ་སྨད་པའི་སྤྱི་འཐུས་རྣམ་པ་ནས་བཟུང་སྟེ་རྣམ་པ་ཡོངས་རྫོགས་རྒན་པ་ཤ་སྟག་ཡིན་པར་མ་ཟད་མཁྱེན་ཡོན་ཡོད་མཁན་ཤ་སྟག་ཡིན་དུས། རྣམ་པ་ཚོས་འོག་གི་ན་གཞོན་པ་ཚོ་ལ་ལམ་སྟོན་ཡག་པོ་གནང་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད། ང་ལྟ་བུ་ལ་མཚོན་ན་ཐོག་མར་བོད་ནས་བྲོས་བྱོལ་དུ་ཡོང་བའི་སྐབས་འདི་ཕྱོགས་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས་སོགས་གང་ཡང་ཤེས་ཀྱི་མེད། ཡིན་ན་ཡང་ལོ་མང་པོའི་རིང་༸རྒྱལ་བ་རིན་པོ་ཆེའི་ཞབས་འོག་ཏུ་བོད་གཞུང་འདིའི་ནང་དཀའ་ལས་བརྒྱབས་ནས་བསྡད་པའི་ཞབས་ཕྱི་རྒན་པ་ཞིག་ཡིན་དུས། ད་ཆ་ལོ་བདུན་ཅུ་དོན་དྲུག་བརྒལ་ནས་རྒན་རྒོན་ལ་ཆགས་ཚར་བ་རེད། ད་ང་ཚོའི་རིགས་ཀྱིས་མང་པོ་བཤད་པས་ཕན་ཐོགས་དེ་ཙམ་ཡོད་པ་མ་རེད་བསམས། ངས་འཇོན་ཡོད་ན་ངས་འཇོན་པའི་དུས་ཚོད་ཡོངས་རྫོགས་སྔོན་མ་འཛུར་ཚར་བ་རེད། ད་ཆ་རྣམ་པ་ཚོས་འགན་འཁྱེར་བའི་དུས་ཚོད་ཡིན་དུས་མི་ཐོག་གསར་རྙིང་གཉིས་ཀྱི་བར་དུ་མཐུད་ཀ་ཡག་པོ་རྒྱག་དགོས་པ་དེ་གལ་ཆེན་པོ་རེད།

        མདོ་སྨད་པ་ཟེར་བའི་སྐབས། སོ་སོའི་རང་དོན་རྐྱང་པ་དང༌མདོ་སྨད་པའི་ཆོལ་ཁ་རྐྱང་པ་བསམས་ནས་བསྡད་མཁན་ཞིག་མ་ཡིན་པར། བོད་སྤྱི་བའི་ལས་དོན་ཐོག་སྤྱི་སེམས་ཡོད་མཁན་ཞིག་དང༌། ཕྱོགས་རིས་སུ་མ་སོང་བའི་སྒོ་ནས་༸རྒྱལ་བ་རིན་པོ་ཆེའི་ཞབས་ཕྱི་སྒྲུབ་ཐུབ་མཁན་ཞིག་ཡོང་ཐབས་བྱ་དགོས། སྤྱི་ཚོགས་ནང་འཁྱམ་བཞིན་པའི་རྩོམ་ཡིག་རེ་ཟུང་ལ་ཕྱོགས་གང་ནས་བལྟས་ཀྱང་མ་འགྲིག་པ་རེ་མཐོང་གི་འདུག འདས་པའི་གནས་ཚུལ་གང་བྱུང་བ་དེ་འདས་པ་རེད། གནས་ཚུལ་དེའི་རིགས་སོང་ཟིན་པ་རེད། བྱུང་ཚར་བ་དེ་ལ་ལེ་འདེད་དང་འཁོན་འཛིན་ལྟ་བུས་སྐྱོན་བརྗོད་བྱས་པས་རང་གཞན་སུ་ལ་ཡང་ཕན་ཐོགས་མེད། གཙོ་བོ་མ་འོངས་པར་ལམ་ཁ་མ་ནོར་བ་ཞིག་གི་ཐོག་ཁྲིད་ཐུབ་པ་ལ་རྣམ་པ་ཚོས་འབད་བརྩོན་གནང་རོགས།

ཚོགས་འདུ་ཉིན་གསུམ་རིང་ཚོགས་ཀྱི་ཡོད་དུས་ཉི་མ་གསུམ་དུས་ཚོད་ཐུང་ཐུང་མ་རེད་རིང་པོ་རེད། ཉིན་གསུམ་གྱི་རིང་ལ་གནད་དོན་ཆུང་ཚགས་ཀྱི་ཐོག་ལ་མགོ་འཁོར་མ་བསྡད་པར། གནད་དོན་གལ་ཆེའི་རིགས་ཀྱི་ཐོག་ལ་བགྲོ་གླེང་གཏིང་ཟབ་པོ་གནང་སྟེ་ཐག་གཅོད་མ་ནོར་བ་གནང་རོགས་ཞེས་ཞུ་འདོད་བྱུང༌།

        ལྷག་པར་དུ་བོད་ནང་ལ་མཚོན་ན་མདོ་སྨད་པ་ཡོངས་རྫོགས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་གནས་ཀྱི་ཡོད། ཤེས་ཡོན་གྱི་ཐོག་ནས་ཡིན་ན་ཡང་མདོ་སྨད་ལ་ཤེས་ཡོན་ཅན་ཤིན་ཏུ་མང་པོ་རེད་འདུག བོད་ཀྱི་ཤེས་ཡོན་ཐོག་ལ་དཀའ་ལས་རྒྱག་མཁན་མདོ་སྨད་པ་ཤིན་ཏུ་མང་པོ་རེད། སྔ་ནས་ད་ལྟ་ལ་ཐུག་གི་བར་དུ་བོད་ཀྱི་སཀད་ཡིག་རིག་གཞུང་རྒྱུན་གནས་ཐུབ་ཆེད་མདོ་སྨད་པའི་མཁས་པ་དང་ཤེས་ཡོན་ཅན་མང་པོས་སྐུ་ལུས་ཚད་མེད་པ་བསྐྱོན་ཡོད། དཔེར་ན། ང་ཚོ་ཡོངས་རྫོགས་ཀྱིས་མཐོང་ཐུབ་པའི་གནས་ཚུལ་གསལ་པོ་ཞིག་ལ་མཚོན་ན། མཚོ་སྔོན་བརྙན་འཕྲིན་ལས་ཁུངས་ཀྱིས་ལས་དོན་ག་འདྲ་ཡག་པོ་བྱེད་ཀྱི་འདུག བོད་སྤྱི་བའི་ལས་དོན་ཐོག་ཁོང་ཚོས་དཀའ་ལས་གང་འདྲ་བརྒྱག་གི་འདུག བོད་སྤྱི་བའི་མིང་ཁུར་ཡོད་ན་རུང་མེད་ན་ཡང་རུང་བོད་ཀྱི་ཆོས་དང་རིག་གཞུང་གི་ཐོག་ནས་བོད་སྤྱི་བའི་འགན་ཁུར་ཅི་ཙམ་ལེན་གྱི་འདུག འདི་ནི་ང་ཚོ་བོད་མི་ཡོངས་རྫོགས་ཀྱིས་མིག་གིས་མཐོང་རྒྱུ་ཡོད་པའི་དཔེ་མཚོན་གསལ་ཤོས་དེ་རེད། དེ་བཞིན་དུ་མཚོ་སྔོན་ཕྱོགས་ལ་བོད་ཀྱི་སྨན་ཁང་རྒྱ་ཆེན་པོ་དེ་འདྲ་ཡང་འདུག ཁོང་ཚོས་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་བདག་སྐྱོང་དང་རྒྱུན་འཛིན་གནང་གི་ཡོད་པ་ཤིན་ཏུ་བཀའ་དྲིན་ཆེན་པོ་རེད། དེ་རིང་གི་དམིགས་བསལ་ཚོགས་འདུའི་གོ་སྐབས་འདི་བཟུང་ནས་བོད་ནང་དུ་ཡོད་པའི་མདོ་སྨད་པ་ཡོངས་རྫོགས་ལ་སྔ་རྒྱུན་བཞིན་བོད་ཀྱི་ཆོས་དང་རིག་གཞུང་ཐོག་ཧུར་ཐག་གནང་རོགས་ཞེས་འབོད་སྐུལ་ཞུ་འདོད་བྱུང༌། ཐུགས་རྗེ་ཆེ།

ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༩ ཚེས་ ༡༦ ཉིན།

          

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.