༄༅།། བརྟན་བཞུགས་ཀྱི་སྔོན་དུ་ཚིག་ཁ་ཤས་ཤིག་བཤད་འདོད་བྱུང༌། འབྲེལ་ཡོད་དགོན་པ་ཁག་གི་སྐུ་ཚབ་རྣམ་པ་དང་དེ་རིང་འདིར་དངོས་སུ་ཕེབས་པའི་འབྲེལ་ཡོད་རྣམ་པ། ལྷག་པར་དུ་བོད་ཕྱི་ནང་གི་དད་པ་དང་དམ་ཚིག་གཙང་མ་དང་བརྩེ་ཞེན་ཆེ་བའི་སེར་སྐྱ་ཡོངས་རྫོགས་ལ་ཐེངས་དང་པོར་ཚིག་འགའ་ཤས་ཞུ་རྒྱུར། ངས་ང་རང་གི་ལུས་སེམས་གཉིས་ལ་བདག་པོ་ཇི་བཞིན་བྱེད་མ་ཐུབ་པའི་དབང་གིས་བར་སྐབས་ཤིག་ལ་ན་ཚ་ཛ་དྲག་བྱུང་བའི་རྐྱེན་གྱིས་མི་མང་པོ་ཞིག་ལ་སེམས་མ་སྐྱིད་པ་དང་མ་བདེ་བ་ཆེན་པོ་བཟོས་སོང་བས། ངའི་ངོས་ནས་རྣམ་པ་ཚོ་ཡོངས་རྫོགས་ལ་དགོངས་དག་ཅེས་ཞུ་འདོད་བྱུང༌།

ཐེངས་དང་པོ་ཐེ་ཝན་ལ་ཛ་དྲག་གི་ན་ཚ་བྱུང་བའི་སྐབས་བོད་ཕྱི་ནང་གི་འབྲེལ་ཡོད་དགོན་གྲོང་རྣམས་དང༌། བོད་རྒྱ་ཆེའི་མང་ཚོགས། སྤྱི་སྒེར་ཚོགས་པ་འདྲ་མིན་སྣ་ཚོགས་ཀྱིས་ཐུགས་ཁུར་ཆེན་པོ་ཞིག་གནང་བྱུང༌། ཀིརྟི་ཚང་དང་ཀིརྟི་ཚང་གི་སློབ་བརྒྱུད་ལ་དམིགས་བསལ་དཀལ་ངལ་བྱུང་བའི་སྐབས་བོད་ཕྱི་ནང་གི་རྒྱ་ཆེ་མང་ཚོགས་ཀྱིས་གདུང་སེམས་མཉམ་བསྐྱེད་དང༌། སྐྱིད་སྡུག་མཉམ་གཤིབས་གནང་ནས་ཐུགས་ཁུར་ཆེན་པོ་བཞེས་པ་ལ། ངས་བོད་ཕྱི་ནང་གཉིས་ཀྱི་ཀིརྟི་ཚང་གི་དགོན་མ་ལག་དང་རུ་ལྷ་སྡེ་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ད་ལྟ་ལ་ཐུག་གི་བར་དུ་ཀིརྟི་ཚང་དང་ཀིརྟི་ཚང་གི་སློབ་བརྒྱུད་ཡོངས་རྫོགས་ཀྱིས་དད་པ་དམ་ཚིག་གཙང་མ་བསྲེས་བསླད་མེད་པ་དང༌། ལྷག་བསམ་རྣམ་དག་གིས་ྋརྒྱལ་བ་རིན་པོ་ཆེ་དང་བོད་སྤྱི་པར་ཞབས་ཕྱི་ཕྲན་བུ་རེ་བསྒྲུབས་པར་བོད་ཕྱི་ནང་གི་རྒྱ་ཆེའི་མང་ཚོགས་ཀྱིས་ཆེ་མཐོང་དང་ཆ་འཇོག་ཆེན་པོ་ཞིག་གནང་བྱུང་བསམ་པའི་ངོས་འཛིན་གསལ་པོ་བྱུང༌། བོད་རྒྱ་ཆེའི་མི་མང་གིས་ཞབས་རིམ་ཤིན་ཏུ་རྒྱ་ཆེན་པོ་བསྒྲུབས་བྱུང་ལ། ལྷག་པར་དུ་ཀིརྟི་ཚང་གི་འབྲེལ་ཡོད་དགོན་མ་ལག་དང་རུ་ལྷ་སྡེ་ཡོངས་ཀྱིས་ཉིན་མཚན་སྦྲེལ་ནས་ཞབས་རིམ་རྒྱ་ཆེན་པོ་ཞིག་བསྒྲུབས་སོང༌། དེ་ཡང་དད་པ་དམ་ཚིག་གཙང་ཞིང་བསྲེས་བསླད་མེད་པ་ཞིག་གི་ཐོག་ནས་བསྒྲུབས་པ་ཡིན་དུས། དེ་ལ་ནུས་པ་དམིགས་བསལ་བ་དང་རྒྱ་ཆེན་པོ་ཞིག་ཐོན་རྒྱུ་ཡོད་པ་ནི་གསལ་པོ་ཡིན་དུས། ང་ཛ་དྲག་གི་ནད་གཞི་ལས་གྲོལ་ནས་དེང་སྐབས་སང་དྲག་ཐུབ་པ་བྱུང་ཡོད། ཐེ་ཝན་ནས་འདིར་འབྱོར་བའི་སྐབས་རྒྱ་གར་དུ་རྒྱུན་སྡོད་བྱེད་མཁན་དང༌། བོད་ནས་འབྱོར་བའི་འབྲེལ་ཡོད་སེར་སྐྱ་མང་ཚོགས་རྣམས་ཐེངས་དང་པོ་ང་ལ་ཐུག་པའི་སྐབས། མང་པོ་ཞིག་ཤི་གསོན་ངོ་འཕྲད་པ་ལྟར་མིག་ཀོང་མཆི་མས་གང་བསྡད་པ་ཞིག་རང་བཞིན་གྱིས་ཡོང་གི་འདུག དེ་འདྲ་བའི་བརྩེ་བ་གཏིང་ཟབ་པོ་ཡོད་པའི་དབང་གིས་གེགས་དང་བར་ཆད་ཡོངས་རྫོགས་སེལ་ནས་ང་ཡིན་ནའང་སྐྱེ་བ་གསར་པ་ལེན་པ་ལྟ་བུ་ཞིག་གྱུར་སོང༌།

ངའི་མི་ཚེ་འདི་ཀིརྟི་ཚང་ལ་སྐྱེ་བ་བླངས་པ་ནས་བཟུང་སྟེ་ཀིརྟི་ཚང་སྤྱི་ལ་དབང་བའི་མི་ཞིག་ཏུ་རང་བཞིན་གྱིས་གྱུར་པ་རེད། ལྷག་པར་དུ་ད་ལོ་ཛ་དྲག་གི་བར་ཆད་དེ་བྱུང་བའི་རྗེས་ཀྱི་ངའི་སྐྱེ་བ་གསར་པ་དེ་ཁྱེད་རྣམ་པས་སྦྱིན་པ་ལྟར་མི་མང་རང་ལ་དབང་བ་ཞིག་ཏུ་རང་བཞིན་གྱིས་གྱུར་སོང༌། དེ་བཞིན་དུ་ངའི་ལུས་འདི་ཕ་མའི་ཁུ་ཁྲག་ལ་བརྟེན་ནས་བྱུང་བ་ཡིན་དུས་ཐོག་མ་ནས་མི་གཞན་ལ་བརྟེན་པ་ཞིག་ཡིན་ལ། ལྷག་པར་དུ་བར་ལམ་ཐེ་ཝན་ནས་སྨན་བཅོས་བྱེད་པའི་སྐབས། མི་འགའ་ཤས་ཀྱི་ཟུངས་ཁྲག་བླུག་པ་ལ་བརྟེན་ནས་ངའི་ལུས་བསྐྱར་དུ་འཚོ་ཐུབ་པ་བྱུང་བ་དེའང་མི་གཞན་གྱི་བཀའ་དྲིན་ལ་བརྟེན་པ་ཞིག་རེད། ངའི་མི་ཚེའི་ལྷག་མ་གང་ཡོད་པ་དེ་བོད་སྤྱི་པ་དང་མི་མང་གི་ཞབས་ཕྱི་ཞུ་རྒྱུ་དང༌། ལྷག་པར་དུ་ང་དང་ཐུན་མོང་མ་ཡིན་པའི་འབྲེལ་ཡོད་སེར་སྐྱ་མང་ཚོགས་ལ་ཕན་ཐོགས་བྱ་དགོས་པ་འདི་ངའི་ལས་འགན་གཙོ་བོར་གྱུར་ཡོད།

ད་ལྟའི་བར་ཆད་འདི་ལས་གྲོལ་བའི་རྗེས་སུ་ང་ཚེ་རིང་པོ་ཡོང་གི་རེད་བསམ། གང་ཡིན་ཟེར་ན། ངའི་གོང་གི་སྐུ་ཕྲེང་གཉིས་དགུང་ན་ཆུང་ཆུང་མ་གཏོགས་བཞུགས་མེད་དུས། ཕ་ཡུལ་གྱི་བླ་རྒན་གྲྭ་རྒན་རྣམས་ཀྱིས་ང་ཚོའི་མི་ཚེའི་རིང་བླ་མའི་དགོངས་རྫོགས་གསུམ་དང་ཁྲི་སྟོན་གསུམ་ཞུས་པ་ཡིན། རིན་པོ་ཆེ་སྐུ་ཕྲེང་གོང་མ་དག་དང་མི་འདྲ་བའི་སྐུ་ཚེ་རིང་པོར་བཞུགས་དགོས་ཀྱི་ཡོད་ཅེས་གསོལ་བ་ནན་གྱིས་འདེབས་ཀྱི་ཡོད་པར་མ་ཟད། ང་ལོ་ཆུང་ཆུང་ཡིན་པའི་སྐབས་སྤྱི་སྒེར་གཉིས་ཀས་ང་ཚེ་རིང་པོར་སྡོད་པའི་དོན་དུ་ཚེ་བསྲིང་བའི་ཐབས་ལ་གཙོ་བོར་འབད་པ་རེད། བླ་རྒན་གྲྭ་རྒན་གོང་མ་རྣམས་ཀྱི་དད་པ་དམ་ཚིག་དང་དགེ་བའི་རྩ་བ་དེ་དག་གི་མཐུ་ལ་བརྟེན་ནས་ང་ཚེ་རིང་པོ་ཡོང་གི་རེད་བསམས་ཀྱི་ཡོད།

ད་ཐེངས་འབྲེལ་ཡོད་མང་ཚོགས་ཀྱིས་དགེ་སྒྲུབ་ཤིན་ཏུ་རྒྱ་ཆེན་པོ་བྱས་པ་དེས་ང་ཚེ་རིང་པོར་སྡོད་རྒྱུར་དམིགས་བསལ་གྱིས་ཕན་ཐོགས་བྱུང་སོང༌། ངའི་ངོས་ནས་ཡིན་ན་ཡང་འཕྲོད་བསྟེན་དང་གཟུགས་པོའི་བདེ་ཐང་ཐོག་ལ་འབད་བརྩོན་བྱེད་ཀྱི་ཡིན། ཀིརྟི་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་ཀིརྟི་སྐུ་ཕྲེང་གཉིས་པ་གྲུབ་དབང་བསྟན་པ་རིན་ཆེན་དགུང་ལོ་བརྒྱད་ཅུ་གྱ་ལྔ་བར་དུ་བཞུགས་ཡོད། ང་དེ་ལས་ཀྱང་ཚེ་རིང་ཙམ་སྡོད་པའི་རེ་བ་བྱེད་ཀྱི་ཡོད། ད་ལྟའི་ངའི་ཕུང་པོའི་གནས་སྟངས་ལ་དཀའ་ངལ་གང་ཡང་མེད་པར་ཡག་ཐག་ཆོད་ཡིན། བརྩེ་བ་དང་ཤ་ཚ་རྣམ་དག་བྱེད་མཁན་གྱི་བོད་མི་སྤྱི་དང་ལྷག་པར་དུ་བོད་ཕྱི་ནང་གི་འབྲེལ་ཡོད་དགོན་གྲོང་དང་སྐྱ་སེར་མང་ཚོགས་ཡོངས་རྫོགས་ཐུགས་བདེ་པོ་བྱས་ནས་བཞུགས་ཞེས་ཞུ་འདོད་བྱུང༌།

ང་ཚེ་རིང་པོར་སྡོད་དགོས་པ་དེ་རྒྱ་ཆེའི་མང་ཚོགས་ཀྱི་རེ་བ་ཡིན་པ་ད་ཐེངས་གསལ་པོར་གྱུར་ཡོད། ངའི་ངོས་ནས་བཤད་ན་ང་ཚེ་རིང་པོར་བསྡད་པའི་དགོས་དོན་གཙོ་བོ་ནི། རང་གི་ནུས་ཚོད་ཀྱིས་གཞན་དོན་སྒྲུབ་དགོས་པ་དང༌། འབྲེལ་ཡོད་མང་ཚོགས་ལ་ཕན་པའི་བསླབ་བྱ་གང་ཐུབ་བྱས་ཏེ་བཟང་ཕྱོགས་སུ་འགྱུར་བ་གཏོང་དགོས་པ་དེ་རེད། ད་ལྟའི་བར་དུ་འབྲེལ་ཡོད་དགོན་གྲོང་རྣམས་ཀྱིས་ངས་གང་བཤད་པ་ལ་ཉན་ནས་འབད་བརྩོན་ལྷོད་མེད་གནང་བྱུང་ལ། མ་འོངས་པར་ཡང་དེ་ལས་ལྷག་པའི་འབད་བརྩོན་གནང་རོགས་ཞེས་ཞུ་འདོད་བྱུང༌།

ཐོག་མར་ང་ལ་བརྟན་བཞུགས་འབུལ་གྱི་ཡིན་ཅེས་བཤད་པའི་སྐབས། ང་ལ་སེམས་འཛིན་གྱི་བྲོ་ལྟ་བུ་ཞིག་དགོས་ཀྱི་འདུག་ཅེས་ངས་བཤད་པ་ཡིན། ཕ་ཡུལ་གྱི་འབྲེལ་ཡོད་མང་ཚོགས་ནས་ངའི་ཆེད་དུ་དམིགས་ནས་མཎི་དུང་ཕྱུར་ ༡༢༦༠ ཐམ་པ་ལྷག་གྲངས་གསོག་བྱས་པས་མཚོན་དགེ་སྒྲུབ་ཤིན་ཏུ་རྒྱ་ཆེན་པོ་བྱས་འདུག དེ་བཞིན་འབྲེལ་ཡོད་དགོན་པ་ཁག་ལ་མཚོན་ན་ཞབས་བརྟན་རྒྱ་ཆེན་པོ་བསྒྲུབས་པ་ཙམ་དུ་མ་ཟད། འཆད་ཉན་སློབ་གཉེར་གྱི་ཐོག་ལ་སྔར་ལས་ཀྱང་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་པའི་ཁས་ལེན་མང་པོ་འབྱོར་སོང༌། དཔེར་ན། རིན་པོ་ཆེའི་ཞབས་བརྟན་དུ་འགྲེལ་པ་དོན་གསལ་བློ་འཛིན་བྱེད་ཀྱི་ཡིན་ཟེར་མཁན་མི་གྲངས་བདུན་ཅུ་ཐམ་པ་དང༌། དྲང་ངེས་ལེགས་བཤད་སྙིང་པོ་བློ་འཛིན་བྱེད་མཁན་མི་གྲངས་བརྒྱ་དང་གོ་ལྔ། ྋསྐྱབས་མགོན་ལམ་རིམ་བློ་འཛིན་བྱེད་མཁན་མི་གྲངས་བརྒྱ་དང་གྱ་ལྔ༌། དེ་བཞིན་རྗེའི་ལམ་རིམ་ཆེན་མོ་བློ་འཛིན་བྱེད་མཁན་དང༌། དབུ་མ་རིགས་ཚོགས་དྲུག་བློ་འཛིན་བྱེད་མཁན། ཚད་མ་ཀུན་བཏུས་བློ་འཛིན་བྱེད་མཁན། བྱམས་ཆོས་སྡེ་ལྔ་བློ་འཛིན་བྱེད་མཁན། ལེགས་བཤད་གསེར་ཕྲེང་བློ་འཛིན་བྱེད་མཁན། རྣམ་འགྲེལ་རྩ་བ་དང་ཡིག་ཆའི་སྤྱི་མཐའ་དཔྱོད་བློ་འཛིན་བྱེད་མཁན་སོགས་གཞུང་ཆེན་མོ་བློ་འཛིན་བྱེད་ཀྱི་ཡིན་ཟེར་ནས་ཁས་ལེན་བྱེད་མཁན་ཤིན་ཏུ་མང་པོ་བྱུང་འདུག འཆད་ཉན་སློབ་གཉེར་མཛད་པ་འདིའི་ཐོག་ནས་བསྟན་པ་སྤྱི་ལ་ཕན་ཐོགས་པ་ཞིག་རང་བཞིན་གྱིས་ཡོང་རྒྱུ་ཡིན་པར་མ་ཟད། དགེ་ཚོགས་དེ་དག་གི་མཐུ་ལ་བརྟེན་ནས་ང་རང་ཡང་ཚེ་རིང་པོར་སྡོད་རྒྱུ་རེད་སྙམ་པའི་རེ་བ་བྱེད་ཀྱི་ཡོད།

བོད་ནས་འབྱོར་བའི་འབྲེལ་ཡོད་མང་པོ་ཞིག་གིས། ཁྱེད་རང་གི་ན་ཚ་དེ་བྱུང་རྐྱེན་གང་འདྲ་ཞིག་རེད། དེ་ང་ཚོས་གསལ་པོར་ཤེས་དགོས་ཀྱི་ཡོད་ཅེས་ནན་ཏན་ཆེན་པོས་ཞུས་དུས། ངའི་ཛ་དྲག་གི་ན་ཚ་འདིའི་འབྱུང་རྐྱེན་ཕྲན་བུ་ཞིག་ཞུས་ན་མང་པོ་ཞིག་གི་བསམ་བློ་གཏོང་སྟངས་ལ་ཁྱད་པར་ཕྲན་བུ་ཡོད་རྒྱུ་རེད་བསམས། སྤྱིར་བཏང་ལོ་སྔོན་མའི་ནང་ངའི་ལུས་སེམས་གཉིས་ཀ་སྐྱིད་པོ་མེད་པར་ད་གང་འདྲ་ཞིག་བྱས་ཡོང་སྙམ་པ་ཞིག་རྒྱུན་དུ་ཡོང་གི་ཡོད། ན་ཚ་འདི་འདྲ་འདུག་ཟེར་བ་དམིགས་བསལ་བ་གང་ཡང་མེད། དེ་ནས་ཐེ་ཝན་ལ་ཕྱིན་ཏེ་རྒྱུན་ལྡན་གྱི་སྨན་བཅོས་བྱས། ཕྱི་ཟླ་ ཚེས་ ༡༦ ཉིན་ངས་རྔ་པ་ཀིརྟི་དགོན་པ་ལ་དམིགས་བསལ་གྱིས་ཡི་གེ་ཞིག་གཏོང་དགོས་བྱུང་སོང༌། ཡི་གེ་དེ་འདྲ་ཞིག་གཏོང་དགོས་པའི་རྒྱུ་མཚན་མང་པོ་ཞིག་བྱུང་སོང༌། ཡི་གེ་དེའི་ནང་དུ། མ་འོངས་པའི་བྱེད་ཕྱོགས་ལའང་ངོས་ཀྱི་ལམ་སྟོན་སྔར་བཞིན་ཡོད་ན་ཕན་ཐོགས་ཆེ་བ་ཡོད་ངེས་ལས་དེ་མེད་ཚེ་འཐུས་ཤོར་འབྱུང་སྲིད། དཔེར་ན། དམིགས་བསལ་ཞལ་ངོའི་བར་བརྒལ་གྱི་འོས་བསྡུ་དུས་ཐོག་ཏུ་བྱ་མ་ཐུབ་པར་ཕྱིར་འགྱངས་སོང་བ་དང༌། འོས་བསྡུ་བྱེད་སྐབས་དེའི་སྐོར་ལམ་སྟོན་མ་ཞུས་པས་སྤྱིའི་ལམ་ལུགས་དང་ཕྲན་བུ་མཐུན་མིན་བྱུང་ཡོད་ཚོད་འདུག ཅེས་དང༌། དུས་ལ་མ་བབས་པའི་ལས་དོན་སྣ་ཚོགས་བྱས་པའི་རྐྱེན་གྱིས་དགེ་འདུན་པའི་ནང་ཁུལ་དུ་མི་དགོས་པའི་ལབ་གླེང་དང༌། ཕྱོགས་འཐེན། ཕྱོགས་སྒྲིལ་གྱི་རིགས་ལྟ་བུ་ཕྲན་བུ་རེ་བྱུང་ཚེ་ཉེས་པ་ཤིན་ཏུ་ལྕི། ཞེས་དང༌། ཞལ་ངོ་གཉིས་བརྗེ་ལ་ཉེ་བའི་ཟླ་བ་གཉིས་ཀྱི་མཚམས་སུ་ད་ལྟའི་ཞལ་ངོ་གཉིས་ཀྱི་ངོས་ནས་ལས་ཡུན་རྫོགས་པའི་དགོངས་ཞུའི་ྋསྙན་ཞུ་འབུལ་བ་དང་འབྲེལ། ལས་སྣེ་ཐུན་མོང་ནས་ཞལ་ངོ་བརྗེ་རན་པའི་དུས་ལ་བབས་ཡོད་པས་ཞལ་ངོ་བརྗེ་སྟངས་སྐོར་ལམ་སྟོན་བཀའ་སློབ་ཡོང་བ་ཞེས་འཁོད་པའི་ྋསྙན་ཞུ་འདི་གར་ཕུལ་འབྱོར་བྱུང་ན་འདི་ནས་ཞལ་ངོ་བརྗེ་སྟངས་ཀྱི་ལམ་སྟོན་གང་ཤེས་བྱེད་ངེས་ཡིན། ཞེས་སོགས་བཤད་དགོས་བྱུང་སོང༌། ཡི་གེ་འདི་ཟླ་བ་ ཚེས་ ༡༦ ཉིན་མར་བཏང་བ་ཡིན། ཟླ་བ་ ཚེས་ ༢༡ ཉིན་ང་ལ་ཛ་དྲག་གི་ན་ཚ་དེ་བྱུང་བ་རེད།

ངས་ལམ་སྟོན་བྱས་པ་དེ་དག་དགོན་པ་དེའི་ཆེད་དུ་གལ་ཆེན་པོ་ཡིན་པས་ངས་དེ་ལ་རེ་བ་ཆེན་པོ་ཞིག་བརྒྱབས་ནས་བསྡད་པ་ཡིན། རྩ་བའི་གྲྭ་མང་ནི་བརྒྱ་ཆ་དགུ་བཅུ་གོ་དགུ་འགྲིག་ལམ་ཀུན་སྤྱོད་དང་འཆད་ཉན་སློབ་གཉེར་གང་ཅིའི་ཐད་ནས་ཤིན་ཏུ་ཡག་པོ་རེད། མི་ཉུང་ཤས་ཤིག་གི་བསམ་བློ་གཏོང་སྟངས་དང་ལས་ཀ་བྱེད་སྟངས་གང་ཅིའི་ཐད་ནས་ཕྲན་བུའི་སྐྱོན་ཞིག་ཡོང་གི་འདུག ད་ཐེངས་ཀྱི་བརྟན་བཞུགས་སྐབས་སུ་དགེ་རྒན་དགེ་ཕྲུག་མང་པོ་ཞིག་གིས་མ་འོངས་པར་བྱ་སྤྱོད་ངན་པ་འདི་དང་འདི་བྱེད་ཀྱི་མིན་ཅེས་པའི་ཁས་ལེན་ཞུས་པའི་སྙན་ཞུ་ཤོག་གྲངས་སྟོང་ཕྲག་བརྒལ་བ་ཞིག་འབྱོར་འདུག ཁས་ལེན་གང་བྱས་པ་དེ་དག་ཡིག་ཐོག་ཏུ་ཡོད་པ་ཙམ་མ་ཡིན་པར། ཁས་ལེན་དེ་དག་དོན་ལ་གནས་པ་ཞིག་ངེས་པར་དགོས་ཀྱི་རེད། ངས་བྱ་བ་གང་བྱས་པ་དེ་ཀིརྟི་ཚང་རྡོག་རྡོག་དང་མ་འདྲ་བ་ཞིག་བཟོ་རྒྱུའི་དོན་དུ་མིན། སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་ཕན་པའི་དོན་དུ་བསམ་བློ་བཏང་ནས་ལས་ཀ་བྱེད་ཀྱི་ཡོད། བསྟན་པ་སྤྱིའི་དོན་དུ་རང་གཞན་ཡོངས་རྫོགས་ཀྱིས་འགན་ཁུར་ནས་གཟབ་གཟབ་བྱ་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད། མི་རྒན་གཞོན་གཉིས་ཀའི་ནང་དུ་རང་ཕྱོགས་དང་རང་གི་འདོད་ཚུལ་ཟེར་ནས་བཤད་མཁན་རེ་ཟུང་ཡོང་གི་འདུག འཐེན་འཁྱེར་བྱེད་མཁན་ཆོས་ཤེས་མཁན་རེ་ཡིན་ན་དེས་ཆོས་ཤེས་པ་དེ་ཆོས་དྲེད་དུ་ཕྱིན་པ་ཡིན་དུས་ཆོས་ཤེས་པས་ཕན་ཐོགས་མ་བྱུང་བ་རེད། ཆོས་དྲེད་དུ་ཕྱིན་པ་དེ་འདྲ་རེ་ཟུང་ཕྱོགས་གང་དུ་ཡིན་ན་ཡང་ཡོང་གི་འདུག

ལོ་ཆུང་བའི་ནང་དུ་ཆོས་དང་སྲིད་ཀྱི་གནས་སྟངས་གང་ཡང་མི་ཤེས་བཞིན་དུ་ཤེས་ཀྱི་ཡོད་མདོག་མདོག་དང་ལྟ་བ་གསར་པ་དང་གུ་ཡངས་ཡིན་མདོག་མདོག མང་གཙོ་ཁ་ལ་འཁྱེར་ནས་བོད་མིའི་ནང་ཁུལ་ལ་དཀྲུག་ཤིང་རྒྱག་མཁན་རེ་ཟུང་ཡོང་གི་འདུག འདིའི་རིགས་ཀྱིས་གོ་སྐབས་ནམ་བྱུང་ལ་ནང་ཁུལ་དཀྲུག་ཐུབ་པའི་ཐབས་ཤེས་བྱེད་ཀྱི་འདུག དེ་སྔོན་བྱུང་ཟིན་པའི་རྙོག་དྲའི་རིགས་ལ་རྩད་གཅོད་བཏང་ནས་ནང་ཁུལ་ལེ་འདེད་བྱ་རེས་བྱས་པས་ཕན་ཐོགས་གང་ཡང་མེད། ད་ཕྱིན་ཆད་བྱ་སྤྱོད་ངན་པ་འདི་རིགས་མཚམས་འཇོག་བྱས་ཏེ་མ་འོངས་པར་དགོན་པ་གྲྭ་ཚང་འདིའི་འགྲིག་ལམ་ཀུན་སྤྱོད་དང་འཆད་ཉན་སློབ་གཉེར་ཡར་རྒྱས་འགྲོ་བཞིན་པ་དེ་ལ་བར་ཆོད་མ་བྱེད་རོགས། འདི་ལ་བར་ཆོད་བྱས་པས་སུ་ལ་ཡང་ཕན་ཐོགས་མེད། ཕྱོགས་དང་ཕྱོགས་འཐེན་གྱི་བསམ་བློས་ལས་ཀ་བྱས་ན་རང་གཞན་སུ་ལའང་ཕན་ཐོགས་མེད། མ་འོངས་པའི་བསྟན་པ་དང་དགོན་པ་དེའི་འགྲིག་ལམ་ཀུན་སྤྱོད་ཡག་པོ་ཡོང་བ་དང༌། འཆད་ཉན་སློབ་གཉེར་དང་འགྲིག་ལམ་ཡོད་པ་ཞིག་ཡོང་ཐུབ་པར་རེ་བ་བརྒྱབས་ནས་ཀིརྟི་ཚང་གི་དགོན་ཁག་གི་འགྲིག་ལམ་གཅིག་གྱུར་གྱི་བཅའ་ཡིག་གསར་པ་དེ་བྲིས་པ་ཡིན་མ་གཏོགས། ཕྱོགས་ཁག་ཕྱོགས་འཐེན་ཡོང་བའི་དོན་དུ་བཟོས་མེད། མི་ཉུང་ཤས་ཤིག་གིས་ཁ་དོན་མི་མཚུངས་པའི་བྱ་སྤྱོད་ངན་པ་གང་དང་གང་བྱེད་ཀྱི་ཡོད་མེད་དེ་གྲྭ་པ་མང་གིས་ཤེས་དགོས་པ་དེ་གལ་ཆེན་པོ་རེད། འབྲེལ་ཡོད་རུ་ལྷ་སྡེའི་མང་ཚོགས་ཚོ་ཡིན་ནའང་ཤེས་དགོས་པ་དེ་གལ་ཆེན་པོ་རེད་ཅེས་བཤད་འདོད་བྱུང༌།

གནའ་ནས་ད་བར་ཀིརྟི་ཚང་གི་བླ་སློབ་བར་གྱི་དད་པ་དམ་ཚིག་གི་གནས་སྟངས་གཞན་དང་མ་འདྲ་བ་ཞིག་དང༌། ཐུན་མོང་མ་ཡིན་པ་ཞིག་ཡིན་ཅེས་བཤད་བསྡད་པ་ཙམ་མ་ཡིན་པར། ད་ཐེངས་ཀིརྟི་ཚང་ལ་རྐྱེན་ངན་བྱུང་བའི་སྐབས་འབྲེལ་ཡོད་སྐྱ་སེར་རྒན་གཞོན་ཡོངས་རྫོགས་ཀྱི་མིག་ཀོང་མཆི་མས་གང་ནས་སྡོད་དགོས་པའི་གནས་ཚུལ་ཞིག་བྱུང་སོང༌། དམ་ཚིག་གཙང་མ་གསེར་གྱི་སྒོ་ང་ལྟ་བུ་གས་ཆག་མ་སོང་བ་དེ་ད་ཕྱིན་ཆད་ཡིན་ནའང་གས་ཆག་མ་ཤོར་བར་གནས་ཐུབ་པ་ཞིག་བྱ་དགོས་པ་དང༌། ནང་གཙང་མ་པདྨའི་སྦུབས་ལྟ་བུ་ཞིག་གནའ་ནས་ད་ལྟའི་བར་དུ་ཡོད་པ་རེད། འབྱུང་འགྱུར་གྱི་ལོ་རྒྱུས་ནང་དུ་ཡིནའང་ནང་གཙང་མ་པདྨའི་སྦུབས་ལྟ་བུ་ཞིག་ཡོང་ཐུབ་པར་རང་གཞན་ཀུན་གྱིས་འབད་བརྩོན་མུ་མཐུད་ནས་གནང་དགོས།

ལྷག་པར་དུ་ཀིརྟི་ཚང་གི་བླ་སློབ་གཉིས་ཀའི་ངོས་ནས་ད་ལྟའི་བར་དུ་སྤྱི་སེམས་དང་ལྷག་བསམ་རྣམ་དག་བྱས་པ་དེ་ལ་བོད་རྒྱ་ཆེ་མི་མང་གིས་མཐོང་དང་ཆ་འཇོག་རྒྱ་ཆེན་པོ་གནང་བ་རེད། མཐོང་དང་ཆ་འཇོག་ཡག་པོ་གནང་བ་དེ་ང་ཚོས་བདག་པོ་བརྒྱབས་ཏེ་མ་འོངས་པར་ཡིན་ནའང་འབྲེལ་ཡོད་སྐྱ་སེར་རྒན་གཞོན་ཀུན་གྱིས་སྤྱི་སེམས་དང་ལྷག་བསམ་རྣམ་དག་བྱ་དགོས་ལ། བོད་རྒྱ་ཆེ་མི་མང་གིས་གནང་བའི་མཐོང་དང་ཆ་འཇོག་དེ་བདག་པོ་བརྒྱག་ཤེས་དགོས་པ་དེ་གལ་ཆེན་པོ་ཡིན་པ་མ་གཏོགས་ང་རྒྱལ་ལྟ་བུ་ནམ་ཡང་བྱེད་མི་རུང༌།

བོད་ནང་དུ་ང་ཚོ་དང་འབྲེལ་ཡོད་རྒྱ་བོད་མི་རིགས་ཤིན་ཏུ་མང་པོ་ཞིག་ཡོད། ངས་རྒྱུན་དུ་བཤད་བཞིན་པ་ལྟར་རྒྱ་བོད་ཀྱི་མང་ཚོགས་གཉིས་ས་གནས་གཅིག་གི་ཐོག་ལ་སྡོད་དགོས་ཀྱི་ཡོད་དུས། རྒྱ་བོད་མི་རིགས་ཀྱི་བར་ལ་མཐུན་ལམ་ཡག་པོ་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད། ང་ཚོ་དང་འབྲེལ་ཡོད་རྒྱ་བོད་ཀྱི་ལས་བྱེད་པ་ཤིན་ཏུ་མང་པོ་ཡོད་པ་དེ་དག་སྔ་མོའི་ལས་བྱེད་རྙིང་པ་རྣམས་དང་མི་འདྲ་བར། རྒྱ་བོད་མི་རིགས་བར་གྱི་མཐུན་ལམ་སོགས་ལས་དོན་མང་པོའི་ཐོག་བྱ་བ་སྒྲུབ་སྟངས་ལ་ཕྲན་བུའི་ཡར་རྒྱས་ཡོང་གི་ཡོད་པའི་མཐོང་ཚུལ་བྱུང༌། གཞུང་མི་མང་ལ་དགའ་བ་ཞིག་དང༌། མི་མང་གཞུང་ལ་དགའ་བ་ངོ་མ་ཞིག་ཡོང་བའི་ཐབས་ལ་འབད་དགོས། དེ་ལྟ་བུ་ཡོང་བ་ལ་འབྲེལ་ཡོད་ལས་བྱེད་པ་རྣམས་ཀྱིས་དམིགས་བསལ་གྱི་འབད་བརྩོན་བྱེད་དགོས་ཀྱི་རེད།

སྔོན་མ་ཡིན་ན་དྲག་གནོན་དང་གཙིར་གནོན་ཁོ་ནའི་ཐོག་ནས་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་བའི་ཐབས་ཤེས་བྱས་པ་རེད། བཙན་ཤེད་དང་དྲག་གནོན་གྱིས་རྒྱལ་ཁབ་སྐྱོང་བའི་དུས་ཚོད་དེ་རྫོགས་ཟིན་པ་རེད། དེང་ཕྱིན་ཆད་གོང་དུ་བཤད་པ་ལྟར་གཞུང་མི་མང་ལ་དགའ་བ་ཞིག་དང༌། མི་མང་གཞུང་ལ་དགའ་བ། གཞུང་མང་གཉིས་གཅིག་སེམས་གཅིག་གིས་ཤེས་ཐུབ་པ་དང༌། གཅིག་ཕན་གཅིག་གྲོགས་བྱེད་པའི་སྒོ་ནས་ཁྲིམས་ཀྱིས་རྒྱལ་ཁབ་སྐྱོང་བའི་ལམ་ལུགས་ཤིག་གི་ཐོག་ལ་འགྲོ་དགོས་པ་དེ་གལ་ཆེན་པོ་རེད། དེང་སང་གི་གནས་སྟངས་ཀྱི་ཐོག་ནས་བལྟས་ན་འབྲེལ་ཡོད་རྒྱ་བོད་ལས་བྱེད་པ་རྣམས་ཡར་རྒྱས་ཕྲན་བུ་ཡོང་གི་ཡོད་པའི་མཐོང་ཚུལ་བྱུང་སོང་བས། མ་འོངས་པར་ཡང་སྔར་ལས་ལྷག་པའི་ཡར་རྒྱས་གཏོང་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང༌།

རྒྱ་ནག་གི་སྲིད་བྱུས་ཡིན་ན་ཡང་རིམ་པས་བཟང་ཕྱོགས་སུ་འགྱུར་བ་འགྲོ་རྒྱུ་ཡིན་པར་ཡིད་ཆེས་བརྟན་པོ་ཡོད། རྒྱལ་ཁབ་ཆེན་པོ་ཡིན་པས་ལམ་སང་འགྱུར་བ་མངོན་གསལ་དོད་པོ་དང་ཆེན་པོ་ཞིག་གཏོང་ཐུབ་ཀྱི་མེད་ཀྱང༌། ཕྱོགས་མང་པོ་ལ་རིམ་པས་འགྱུར་བ་འགྲོ་རྒྱུ་ཡིན་པ་གསལ་པོ་ཡིན། རིམ་པས་གུ་ཡངས་དང་བཟང་ཕྱོགས་སུ་འགྱུར་བ་ཕྱིན་པ་ཡིན་ན། ང་ཚོ་གཞིས་བྱེས་བླ་སློབ་ཀུན་ཞལ་འཛོམས་པ་ཞིག་ཡོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

དེ་རིང་ང་ཚོ་འདིར་མང་པོ་ཞིག་མཉམ་དུ་འཛོམས་པ་ཙམ་དུ་མ་ཟད། ཕ་ཡུལ་དུའང་དུས་ཚོད་འདིའི་ཐོག་ལ་དགོན་པ་སོ་སོའི་ནང་དུ་མི་མང་པོ་ཞིག་མཉམ་དུ་འཛོམས་ནས་གསོལ་འདེབས་དང་སྨོན་ལམ་རྒྱག་གི་ཡོད་འདུག ང་ཚོས་འབྲེལ་ཡོད་བླ་སློབ་རྣམས་ཀྱིས་ད་ལྟའི་བར་དུ་བསགས་པའི་དགེ་ཚོགས་རྒྱ་ཆེན་པོ་བསྒྲུབས་པ་དེ་དག་རྫོགས་བྱང་གི་རྒྱུར་བསྔོ་བ་དང༌། ལྷག་པར་དུ་དགེ་སྒྲུབ་ཞབས་བརྟན་གང་བྱས་པ་དེ་དག་ཐམས་ཅད་གཙོ་བོ་ྋརྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པའི་དོན་དུ་བརྟན་བཞུགས་འབུལ་གྱི་ཡོད་སྙམ་པའི་ཐོག་ནས་གསོལ་འདེབས་སྨོན་ལམ་ཞུ་དགོས། སོ་སོའི་དགོན་པའི་ནང་དུ་བླ་མ་དང་དགེ་བའི་བཤེས་གཉེན་སོགས་བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་མང་པོ་ཡོད་པ་ཡིན་དུས། སྐྱེས་བུ་དམ་པ་དེ་དག་གི་སྐུ་ཚེ་བརྟན་པའི་དོན་དུ་ཡིན་སྙམ་པའི་ཐོག་ནས་བསྔོ་བ་བྱ་དགོས། ངས་བརྟན་བཞུགས་དངོས་གཞི་དབུ་མ་བཙུགས་པའི་གོང་དུ་སྐད་ཆ་ཚིག་ཁ་ཤས་བཤད་དགོས་པའི་རྒྱུ་མཚན་གཙོ་བོ་ཡང༌། ཐོག་མཐའ་གཉིས་ལ་བྱ་བ་གཉིས་ཞེས་གསུང་སྲོལ་ཡོད་པ་ལྟར། ཐོག་མའི་སྐབས་རྣམ་པ་ཚོས་འདི་ལྟར་རྒྱུའི་ཀུན་སློང་བཅོས་ནས་བསམ་བློ་ཡག་པོ་གཏོང་ཐུབ་པ་ཡིན་ན། རང་གཞན་གཉིས་ཀ་ཚེ་རིང་པོ་ཡོང་བ་ལ་ཕན་པར་མ་ཟད། ྋརྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པའི་རྒྱུར་ཡང་འགྲོ་གི་རེད་ལ། དགོན་པ་སོ་སོའི་ནང་གི་བླ་མ་དགེ་བའི་བཤེས་གཉེན་དེ་དག་གིས་མཚོན་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་བརྟན་པའི་ཆེད་དུ་རྣམ་པ་ཚོས་ཀུན་སློང་བཅོས་ནས་སྨོན་ལམ་ཡག་པོ་རྒྱག་རོགས།

བར་ལམ་ང་ན་བའི་སྐབས་ཞབས་རིམ་སྒྲུབ་མཁན་བོད་ཕྱི་ནང་གི་རྒྱ་ཆེ་མི་མང༌། དེ་བཞིན་ཚོགས་སྡེ་འདྲ་མིན་སྣ་ཚོགས་ཀྱིས་ཞབས་རིམ་ཤིན་ཏུ་རྒྱ་ཆེན་པོ་བསྒྲུབས་བྱུང་ལ། དེ་དང་ཆབས་ཅིག་བོད་ནང་དང་རྒྱ་ནག་ཏུ་ཡོད་པའི་རྒྱ་མི་རིགས་མང་པོ་ཞིག་གིས་ཀྱང་དགེ་སྒྲུབ་རྒྱ་ཆེན་པོ་གནང་སོང་བས་དེ་དག་གི་དགེ་བ་ཡང་རྫོགས་བྱང་དུ་བསྔོ་དགོས། ཞེས་བཀའ་གནང་བའི་རྗེས་བརྟན་བཞུགས་ཕུལ།

བརྟན་བཞུགས་ཕུལ་བའི་མཇུག་ཏུ་གནང་བའི་གསུང་བཤད། དེ་རིང་བརྟན་བཞུགས་དང་འབྲེལ་བའི་སྨོན་ལམ་འདི་མགོ་མཇུག་ཚང་བ་ཤིན་ཏུ་ཡག་པོ་བྱུང་སོང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཎྜལ་བཤད་པ་གསུང་མཁན་གྱིས་ང་ལ་སེམས་ཤུགས་འཕེལ་བའི་བསྟོད་པ་ཡག་པོ་གནང་བྱུང་བས། ང་སེམས་ཤུགས་འཕེལ་ནས་ད་ཕྱིན་ཆད་ཡིན་ནའང་ལས་ཀ་ཡག་པོ་བྱེད་དགོས་བསམ་པའི་སེམས་ཤུགས་རང་བཞིན་གྱིས་ཡོང་གི་འདུག ྋརྒྱལ་བ་རིན་པོ་ཆེས་རྒྱུན་དུ་མ་འགྲིག་པ་དང་མ་འཐུས་པའི་གནས་ཚུལ་དེ་ཤོད་གསུང་གི་ཡོད། མ་འགྲིག་པ་དང་མ་འཐུས་པའི་གནས་ཚུལ་བཤད་པའི་སྐབས་ཁ་ཚ་བོ་དང་ཚིག་རྩུབ་པོ་ཞིག་རང་བཞིན་གྱིས་ཤོད་དགོས་པར་ཆགས་ཀྱི་ཡོད། ད་ལྟ་གོང་དུ་སྐྱོན་བཤད་པ་དེ་ཚོ་མི་བྱེ་བྲག་པ་གཅིག་ལ་དམིགས་ནས་སྐྱོན་འཛུགས་བྱས་པ་ཞིག་མ་ཡིན་པར་སྤྱི་ཡོངས་ལ་དམིགས་ནས་བཤད་པ་ཞིག་ཡིན་དུས། མི་རེ་རེས་ང་ལ་ཅིག་བཤད་སོང་སྙམ་པའི་ཕོག་ཐུག་ལ་འགྲོ་བའི་རྣམ་རྟོག་ངན་པ་མ་བྱེད་རོགས་ཞེས་ཞུ་འདོད་བྱུང༌།

བརྟན་བཞུགས་འདི་རྒྱུ་དངོས་པོའི་ཐོག་ནས་འགྲོ་སོང་ཆེན་པོ་མ་བཏང་བར་དོན་དམ་པའི་བརྟན་བཞུགས་ཡོང་བ་ཞིག་བྱོས་ཟེར་ནས་བཤད་པ་བཞིན་དོན་དམ་པའི་བརྟན་བཞུགས་ཡག་པོ་ཞིག་བྱུང་སོང༌། ཕ་ཡུལ་ནས་འབྱོར་བའི་དགེ་སྒྲུབ་ཀྱི་ཐོ་ཡིག་རྐྱང་པ་ལ་ཤོག་གྲངས་སྟོང་ཕྲག་བརྒལ་བ་ཞིག་འདུག དེར་བརྟེན་ད་ཐེངས་ཀྱི་བརྟན་བཞུགས་འདི་དད་པ་དམ་ཚིག་ལ་བསྲེས་བསླད་མེད་པ། རིན་པོ་ཆེའི་ཞབས་བརྟན་དུ་འགྱུར་བར་ཤོག ཅེས་གསོལ་བ་སྨོན་ལམ་བཏབ་ནས་བསྒྲུབས་པའི་དགེ་ཚོགས་རྒྱ་ཆེན་པོ་ཡིན་དུས་དོན་དམ་པའི་བརྟན་བཞུགས་ངོ་མ་རེད། དེ་གསེར་དང་དངུལ་སོགས་དངོས་པོ་གཞན་གྱིས་རིན་ཐང་གཞལ་དུ་མེད། དད་པ་དམ་ཚིག་ལ་འགྲན་ཟླ་མེད་པ། དེ་རིང་གི་བརྟན་བཞུགས་སྨོན་ལམ་འདིའི་མགོ་མཇུག་ཡོངས་རྫོགས་ཤིན་ཏུ་ཡག་པོ་བྱུང་སོང་བས་རྫོགས་བྱང་དུ་བསྔོས་པ་ཡིན་ན། རྒྱུའི་ཀུན་སློང་དང་དུས་ཀྱི་ཀུན་སློང་གཙང་མ་ཡོད་པ་ཡིན་དུས་མཇུག་ཏུ་བསྔོ་བ་དང་སྨོན་ལམ་ཡང་དག་པ་ཞིག་གནང་རོགས་ཞེས་ཞུ་འདོད་བྱུང༌།

བོད་དུ་བཞུགས་པའི་དགོན་མ་ལག་དང་རུ་ལྷ་སྡེ་ཐམས་ཅད་ཀྱིས། ད་བར་ངས་ལམ་སྟོན་གང་བྱས་པ་ཚུལ་བཞིན་ཉན་ནས་ལག་ལེན་གྱི་ཐོག་ནས་ཤིན་ཏུ་ཡག་པོ་གནང་བྱུང༌། དཔེར་ན། ཞིང་འབྲོག་མང་ཚོགས་མང་པོ་ཞིག་གིས། ང་ཚོས་རིན་པོ་ཆེའི་གསུང་བཤད་སྔ་ཕྱིའི་ནང་དོན་ལྟར་རང་རང་གི་བྱ་བ་དང་སྤྱོད་ལམ་གང་ཅིའི་ཐད་ནས་བཟང་ཕྱོགས་སུ་འགྱུར་བ་ཡག་པོ་གཏོང་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡོད། རྗེས་མ་ཡིན་ན་ཡང་མུ་མཐུད་ལམ་སྟོན་གནང་རོགས་ཞེས་མིག་མཆི་མས་གང་ནས་བཤད་མཁན་མང་པོ་ཡོང་གི་འདུག ཁོང་ཚོས་གང་བཤད་པ་དེ་འཁྲབ་སྟོན་ལྟ་བུ་མ་ཡིན་པར་ཀུན་སློང་རྣམ་དག་གིས་ཞུས་པ་དངོས་ཡོད་གནས་ཚུལ་ཡིན། དེ་བཞིན་དུ་དགོན་སྡེ་ཁག་གི་ནང་དུ་ཆོས་འཆད་ཉན་དང༌། བསླབ་པ་སློབ་གཉེར་གནང་མཁན་རྣམས་ཀྱིས་ཉིན་མཚན་སྦྲེལ་ནས་སྐུ་ལས་བཀྱོན་ཏེ་ཤིན་ཏུ་ཡག་པོ་གནང་གི་འདུག ཁོང་ཚོ་ལ་ཁོར་ཡུག་སོགས་ཀྱི་ཐོག་ནས་དཀའ་ངལ་མང་པོ་ཡོང་གི་ཡོད་ཀྱང༌། དཀའ་ངལ་ཡོད་མེད་ལ་མ་ལྟོས་པར་དཔེ་ཆར་བལྟ་མཁན་རྣམས་ཀྱིས་དཔེ་ཆར་བལྟས། དཔེ་ཁྲིད་གནང་མཁན་ཚོས་དཔེ་ཁྲིད་གནང་སྟེ་བསྟན་པའི་མིག་རྒྱན་དུ་འགྱུར་བའི་མཛད་པ་བསམ་གྱིས་མི་ཁྱབ་པ་གནང་གི་འདུག དགེ་བའི་བཤེས་གཉེན་ཁོང་རྣམ་པ་ལ་ཟླ་ཕོགས་ཟེར་བ་ལྟ་བུའི་འབབ་སྒོ་གང་ཡང་མེད་ཀྱང༌། སངས་རྒྱས་ཀྱི་བསྟན་པའི་དོན་དུ་འགན་ཁུར་ནས་དཀའ་ལས་བརྒྱབས་པ་རེད། དགེ་རྒན་གཅིག་གིས་དགེ་ཕྲུག་བརྒྱ་གཉིས་བརྒྱ་བསྐྱངས་ནས་ཉིན་མཚན་སྦྲེལ་ཏེ་སྐུ་ལས་བཀྱོན་གྱི་འདུག

ད་ལྟ་མདོ་སྨད་ནང་དུ་ཆོས་འཆད་ཉན་དང་བསླབ་པ་སློབ་གཉེར་ཡང་དག་པ་གནང་མཁན་གྱི་དགོན་པ་གྲངས་ཀ་བརྒྱབས་ན་ཤིན་ཏུ་དཀོན་པོ་ཡིན་པའི་གྲས་སུ་ཀིརྟི་ཚང་གི་གདན་ས་ཆེ་ཁག་རྣམས་སླེབས་ཐུབ་ཀྱི་ཡོད། ངས་ལམ་བཟང་པོ་གཅིག་ལ་ཁྲིད་པ་ཡིན་ན་འབྲེལ་ཡོད་དགོན་གྲོང་གཉིས་ཀ་ལ་ལམ་སྟོན་བྱེད་ཐུབ་ས་རེད་སྙམ་པའི་རེ་བ་དང་ཡིད་ཆེས་བརྟན་པོ་ཞིག་རང་བཞིན་གྱིས་ཡོང་གི་ཡོད་དུས་དེས་ཚེ་རིང་པོར་སྡོད་རྒྱུར་ཕན་ཐོགས་ཡོང་གི་རེད་ལ། བསྟན་པ་སྤྱི་ལ་ཕན་པའི་བྱ་བ་ཞིག་འགྲུབ་པའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད།

ད་ཐེངས་བརྟན་བཞུགས་འབུལ་མཁན་ཁག་མ་འདྲ་བ་བཅུ་གཅིག་འདུག ཀིརྟིའི་དགེ་རྩ་ཚོགས་པ་དང༌། འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང༌། བྱེས་པ་གྲྭ་ཚང་གི་བླ་སྤྲུལ་ལྷན་ཚོགས། ཚ་ཁོའི་ཀིརྟིའི་མ་དགོན་ཀ་ལ་རི་བཀྲ་ཤིས་ལྷུན་འགྲུབ་གླིང༌། མ་དགོན་སྟག་ཚང་ལྷ་མོ་ཀིརྟིའི་དགོན་དགེ་ལྡན་བཀྲ་ཤིས་འཁྱིལ། རྔ་ཡུལ་ཀིརྟིའི་དགོན་དགེ་ལྡན་ལེགས་བཤད་གླིང༌། ཧོར་ཚང་ཀིརྟིའི་དགོན་དགེ་ལྡན་བསྟན་འཕེལ་གླིང༌། ཚོ་བདུན་ཀིརྟིའི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང༌། གདོང་རི་ཀིརྟིའི་དགོན་དགེ་ལྡན་དམ་ཆོས་གླིང༌། མདོ་སྨད་དབུས་རྒྱུན་ལས། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང༌། མདོ་སྨད་གླིང་གི་དྲ་ཚོམས་ནས་ཆེད་འཛུགས་བྱས་པའི་ཞབས་རིམ་ཚོགས་ཆུང༌། འབྲས་རོང་པོ་ཁང་ཚན། འབྲུག་དང་བལ་ཡུལ་དུ་གནས་སྡོད་ཀྱི་འབྲེལ་ཡོད་ཁག རྨེའུ་མགོན་པོ་འཚོ་དང་དབང་འཛིན་ལྷ་མོ་སོགས་ས་གནས་མ་འདྲ་བ་མང་པོ་ནས་ཕེབས་པ་རྣམས་ཀྱིས་བརྟན་བཞུགས་ཀྱི་ཆེད་དུ་སྐུ་གསུང་ཐུགས་རྟེན་སོགས་མང་པོ་ཕུལ་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྐུ་གསུང་ཐུགས་རྣམས་ང་རང་གི་རྟེན་ཁྲོད་དུ་ཉར་རྒྱུ་དང༌། དངུལ་དངོས་གཞན་དག་གང་ཕུལ་བ་ཡོངས་རྫོགས་ཆུད་ཟོས་སུ་མ་སོང་བར་སྤྱི་བའི་ཐོག་ལ་གཏོང་རྒྱུ་དེ་ངས་རྒྱུན་གྱི་ལས་ཀ་བྱེད་སྟངས་ཤིག་ཡིན། ང་སྔོན་མ་ཐེངས་དང་པོར་རྒྱ་གར་དུ་ཡོང་བའི་སྐབས་དཔལ་འབྱོར་གྱི་གནས་སྟངས་ཤིན་ཏུ་སྐྱོ་པོ་ཡིན་པའི་བླ་མ་ཡིན་དུས་རྒྱས་སྤྲོས་བྱེད་ཐུབ་པའི་གཞི་རྩ་མེད། ཕྱིས་སུ་བོད་ཕྱི་ནང་བར་འབྲེལ་བྱུང་སྟེ་དཔལ་འབྱོར་ཕྲན་བུ་བྱུང་བའི་རྗེས་སུ་ཡང༌། གྲྭ་པ་གྲྭ་རྐྱང་རང་དུ་སྡོད་པ་མ་གཏོགས་རྒྱས་སྤྲོས་གཏན་ནས་བྱེད་ཀྱི་མེད། དཔེར་ན། ད་ལྟ་བར་དུ་ལག་པར་ཆུ་ཚོད་ལེགས་པོ་ཞིག་ཀྱང་འདོགས་མ་མྱོང༌། གྱོན་ཆས་ལྟ་བུ་ཡིན་ན་ཡང་ལོ་འགའ་ཤས་ནང་ཚར་གཅིག་བཟོས་ཡོད་མེད་ལྟ་བུ་ཡིན། གཞན་དག་གིས་གནང་བ་དེ་གྱོན་པ་ལས་གྱོན་ཆས་གསར་པ་བཟོ་དགོས་ཀྱི་མི་འདུག དེ་ཡིན་དུས་ང་ལ་དད་པས་ཕུལ་བའི་རྒྱུ་རྫས་གང་ཡོད་པ་ཡོངས་རྫོགས་སྤྱི་བའི་ཐོག་ལ་བཏང་གི་ཡོད།

དེ་རིང་འདིར་འབྲེལ་ཡོད་མི་ཤིན་ཏུ་མང་པོ་ཕེབས་འདུག་པ་ཐམས་ཅད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། གོང་དུ་བཤད་པ་ལྟར་ཀིརྟི་ཚང་གི་ཐོག་ཆག་སྒོ་ཉམ་ངའི་གནས་ཚུལ་ངན་པ་བྱུང་བའི་སྐབས། བོད་ཕྱི་ནང་གི་བོད་མི་ཡོངས་རྫོགས་ཀྱིས་སྐྱིད་སྡུག་མཉམ་གཤིབས་གནང་བ་དེ་ལ་བསྐྱར་དུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཕྱི་ལོ་ ༢༠༡༨ ལོའི་ཟླ་ ཚེས་ ༢༡ ཉིན།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.