2019.12.10 1

༄༅།། གཤམ་དུ་བཀོད་པའི་གསུང་བཤད་ནི་ཉེ་ཆར་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་དུ། འོངས་པའི་བསྟན་འཛིན་གྱི་སྐྱེས་བུ་རབ་བྱུང་ཕོ་མོ་ན་གཞོན་རྣམས་སྐྱེད་སྲིང་མཛད་སྟངས་ཀྱི་མཁས་པའི་བགྲོ་གླེང་ཆེན་མོ་ཐེངས་དང་པོ་ལེགས་པར་གྲུབ་པའི་དགའ་སྟོན་མཛད་སྒོའི་ཐོག་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་བསྩལ་པའི་གསུང་བཤད་ལས་འདོན་ཞུས་པ་ཞིག་ཡིན།

དེ་རིང་ངས་འདིར་གནས་ཚུལ་འགའ་ཤས་ཀྱི་ཐོག་གསལ་བཤད་ཞུ་འདོད་བྱུང་། སྤྱིར་༸སྐྱབས་མགོན་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་དང་ཀིརྟི་ཚང་སྐུ་ཕྲེང་རིམ་བྱོན་བར་གནའ་སྔ་མོ་ནས་འབྲེལ་བ་བྱུང་ཡོད། དཔེར་ན། ༸རྒྱལ་བ་སྐུ་ཕྲེང་ལྔ་པ་དང་༸རྒྱལ་བ་སྐུ་ཕྲེང་བརྒྱད་པའི་སྐབས་སུ་ཡང་འབྲེལ་བ་གཏིང་ཟབ་བྱུང་ཡོད་ནའང་ད་ལྟའི་ང་ཚོའི་བར་གྱི་འབྲེལ་བ་འདི་བྱུང་སྟངས་ནི། ཐོག་མར་རྨེའུ་རྒྱལ་པོ་དཔལ་མགོན་འཕྲིན་ལས་རབ་བརྟན་བོད་རང་སྐྱོང་ལྗོངས་གསར་འཛུགས་ཀྱི་ཚོགས་འདུ་ལ་ལྷ་སར་ཕེབས་སྐབས་དེར་༸རྒྱལ་བ་རིན་པོ་ཆེར་ཞལ་མཇལ་བ་ནས་བཟུང་འབྲེལ་བ་འདིའི་འགོ་བཙུགས་པ་ཞིག་རེད།

སྐབས་དེར་རྨེའུ་རྒྱལ་པོས་བོད་ཆོལ་ཁ་གསུམ་མཉམ་འབྲེལ་བྱས་པའི་ཐོག་ནས་རྒྱ་ནག་ལ་ཕར་རྒོལ་བྱ་རྒྱུའི་བསམ་བློའི་འཆར་གཞི་ཞིག་ཡོད་པ་དེ་༸རྒྱལ་བ་རིན་པོ་ཆེ་ལ་ནང་དོན་སྙན་སེང་ཞུ་རྒྱུའི་ཆེད་དུ་ལྷ་སར་ཕེབས་པ་ཞིག་རེད། རྨེའུ་རྒྱལ་པོས་མདོ་སྨད་ཁུལ་དང་ཁམས་ཕྱོགས་ཀྱི་སྡེ་ཁག་མང་པོ་ཞིག་དང་མནའ་འབྲེལ་གྱི་ཆིངས་ཡིག་བཞག་ཡོད། ཆིངས་ཡིག་དེ་དག་གི་ནང་དོན་གཙོ་བོ་ནི་ནང་ཁུལ་འཆམ་མཐུན་མཉམ་འབྲེལ་བྱས་པའི་ཐོག་ནས་དགྲ་ལ་ཕར་རྒོལ་བྱ་དགོས་བྱུང་ན་མཉམ་འབྲེལ་བྱ་རྒྱུ་དེ་རེད།

ངས་རྨེའུ་ཀིརྟི་གཉིས་ཀྱི་དོན་དུ་ཆིངས་ཡིག་འདི་དག་བཞག་པ་མིན། རྒྱ་གུང་ཁྲན་ལ་ཕར་རྒོལ་བྱ་བ་དང་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ལས་ཀ་བྱ་རྒྱུའི་དོན་དུ་མནའ་འབྲེལ་གྱི་ཆིངས་ཡིག་འདི་དག་བཞག་པ་ཡིན་ཞེས་རྒྱུན་དུ་གསུང་གི་ཡོད། སེམས་ཤུགས་འདི་འདྲ་ཞིག་བཟུང་ནས་ལྷ་སར་ཕེབས་པ་ཞིག་རེད། ཁོང་ལྷ་སར་འབྱོར་བའི་སྐབས་ལྷ་སར་རྒྱ་མིའི་དབང་བསྒྱུར་དེ་མདོ་སྟོད་སྨད་ལས་ཀྱང་ཤུགས་ཆེ་བ་ཡོད་པའི་གནས་སྟངས་ངོ་མ་ཇི་ལྟ་བ་བཞིན་དངོས་སུ་མཐོང་བའི་སྐབས། ཁོ་རང་གི་སེམས་ལ་ཡོད་པའི་འཆར་གཞི་དེ་དག་༸རྒྱལ་བ་རིན་པོ་ཆེ་ལ་ཞུས་ཀྱང་སྐུ་ངལ་འཕར་མ་ཞིག་མ་གཏོགས་ཕན་ཐོགས་མེད་པར་དངོས་སུ་མཐོང་བ་རེད། ཁོང་གིས་རྩ་བའི་བླ་མ་ང་ལ་བརྩི་ཡི་ཡོད་སྟབས་ང་རྒྱ་མིའི་བཙན་འོག་ནས་ཐར་ཐུབ་པ་ཞིག་བྱ་རྒྱུ་དང་༸རྒྱལ་བ་རིན་པོ་ཆེ་ལ་བཅོལ་གཏམ་བྱ་རྒྱུ་དེ་ལས་ལྷག་པའི་བྱ་བ་རྒྱ་ཆེན་པོ་སྒྲུབ་ཐུབ་པ་གང་ཡང་མི་འདུག་བསམས་ནས་ཐག་བཅད་དེ། ༸རྒྱལ་བ་རིན་པོ་ཆེའི་སྐུ་མདུན་དུ་བཅར་ནས་ང་ལྷ་སར་ཡོང་རྒྱུ་དང་དེའི་སྐབས་ཁྱེད་ཀྱིས་ངའི་ཚབ་གནང་རོགས་ཞེས་ཞུས་ཏེ་བཅོལ་གཏམ་བྱས་པ་རེད། ༸རྒྱལ་བ་རིན་པོ་ཆེས་ཀྱང་དེ་ལུགས་ཀྱི་ཞལ་བཞེས་གནང་ནས་ང་ལ་དམིགས་བསལ་གྱིས་བཀའ་ཡིག་རིམ་པ་གཉིས་གནང་སྟེ་གནའ་སྔ་མོའི་བོད་ཀྱི་བླ་ཆེན་ཁག་གི་འགྲོ་སྟངས་ལྟར་བྱས་ཏེ་རྒྱས་སྤྲོས་བྱ་མ་དགོས་པར་གང་མགྱོགས་མགྱོགས་ཀྱིས་ལྷ་སར་ཡོང་ཐབས་བྱ་དགོས་ཞེས་པའི་བཀའ་ཡིག་ལན་གཉིས་ཕེབས་པ་རེད། ཕྱོགས་གཅིག་ནས་དེ་དུས་ང་སྐུ་གོང་མའི་དགུང་ཀེག་གི་ཐོག་སླེབས་ཀྱི་ཡོད་སྟབས་ང་ལྷ་སར་ཡོང་བ་ཞིག་ཀྱང་རེད།

ལྷ་སར་སླེབས་པའི་སྐབས་ང་ཚོ་ལ་ས་རྒྱུས་མེད་ཡིན་པ་དང་གཏོང་སྒོ་གཏོང་རྒྱུས་མཚོན་ཆོས་ཞུགས་བྱ་རྒྱུ་སོགས་ཀྱི་ལས་ཀ་རྒྱ་ཆེན་པོ་མང་པོ་ཡོད་དུས་༸རྒྱལ་བ་རིན་པོ་ཆེས་རྨེའུ་རྒྱལ་པོ་ལ་ཞལ་བཞེས་གནང་བ་དེ་དོན་ལ་གནས་པར་མཛད་ནས་༸རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ལ་མགྲོན་གཉེར་ཆེན་མོ་(མགྲོན་གཉེར་ཆེན་མོ་ནི། ༸གོང་ས་མཆོག་གི་སྐུ་སྒེར་དྲུང་ཆེ་ལྟ་བུ་སྟེ་སྐུ་དབང་ཤིན་ཏུ་ཆེན་པོ་ཡིན།)དམིགས་བསལ་གྱིས་བཏང་གནང་བ་རེད། མགྲོན་གཉེར་ཆེན་མོས་ང་ཚོའི་གཏོང་སྒོ་དང་ཆོས་ཞུགས་ཀྱིས་མཚོན་པའི་ལས་དོན་ཡོངས་རྫོགས་པ་ལ་སྟངས་འཛིན་གྱི་ཐུགས་འགན་གཙོ་བོར་བཞེས་པ་རེད། ཆོས་ཞུགས་དང་གཏོང་སྒོའི་ལས་ཀ་ཡོངས་རྫོགས་གྲུབ་པའི་རྗེས་སུ་མགྲོན་གཉེར་ཆེན་མོས་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་མགྲོན་གཉེར་ཆེན་མོ་བླ་མ་སྒེར་པའི་ལས་དོན་སྒྲུབ་པར་སྐུ་ཚབ་ཏུ་བཏང་བའི་ལོ་རྒྱུས་བྱུང་མྱོང་མེད། ཡིན་ནའང་ད་ཐེངས་༸རྒྱལ་བ་རིན་པོ་ཆེས་གཟིགས་པ་ཆེན་པོ་གནང་ནས་ང་བཏང་བ་རེད་དེ། ངའི་ངོས་ནས་མ་འགྲིག་པ་ག་རེ་བྱུང་ཡོད་ནའང་གཟིམ་ཆུང་མཇལ་ཁ་ཞུ་བའི་སྐབས་༸རྒྱལ་བ་རིན་པོ་ཆེ་ལ་ཞུ་རོགས་ཞེས་ང་ཚོ་ལ་གསུངས་བྱུང་། དེ་དུས་༸རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ལ་དམིགས་བསལ་གྱིས་མགྲོན་གཉེར་ཆེན་མོ་བཏང་བ་མགྲོན་གཉེར་ཆེན་མོའི་འོག་ཏུ་ལས་ཀ་བྱེད་མཁན་ལ་ཁོ་རང་དང་འབྲེལ་བ་ཡོད་པའི་སྐུ་དྲག་མང་པོ་ཞིག་དགོས་ཀྱི་ཡོད་དུས། ཁོང་གི་གྲོགས་པོ་སྐུ་ངོ་ཀུན་འདུས་གླིང་ཛ་སག་འོད་ཟེར་རྒྱལ་མཚན་གྱི་ཤག་ཚང་ལ་སྐུ་དྲག་མང་པོ་ཞིག་ཡོད་པ་དེ་དག་ངའི་ཆོས་ཞུགས་སྐབས་ཀྱི་ལས་ཀའི་འགོ་འཛིན་དུ་བཀོད་སྒྲིག་གནང་བ་རེད། སྐུ་དྲག་དེ་དག་གིས་ཆོས་ཞུགས་ཀྱི་འགན་གཙོ་བོར་བཞེས་ནས་ཕྱག་ལས་གནང་བའི་སྐབས་ང་ཚོ་ཨ་མདོ་པ་རྣམས་ཀྱིས་བལྟས་ནས་བསྡད་རྒྱུ་མ་གཏོགས་ལས་ཀ་གང་ཡང་མེད་པར་མ་ཟད། འབྲས་སྤུངས་ཚོགས་ཆེན་གྱི་ལས་སྣེ་དང་བློ་གསལ་གླིང་གི་ཕྱག་མཛོད་སོགས་ལས་བྱེད་ཆེ་ཁག་རྣམས་ཀྱང་གཞུང་གི་སྐུ་དྲག་ཚོའི་འོག་ཏུ་ཕྱག་ལས་གནང་བ་མ་གཏོགས་ཁོ་ཚོ་ལའང་རང་འདོད་བྱེད་ས་ཞིག་གཏན་ནས་བྱུང་མེད། ལས་དོན་གང་འདྲ་ཞིག་ཡིན་ནའང་གཞུང་རང་གིས་འགན་བཞེས་པ་ལྟ་བུར་གྱུར་ཏེ་ཆོས་ཞུགས་ཀྱི་ལས་དོན་ཡོངས་སུ་རྫོགས་པ་མགོ་མཇུག་ཚང་བ་ཞིག་གནང་བ་རེད། གནས་ཚུལ་དམིགས་བསལ་ཅན་འདི་ཡང་ང་ཚོ་རྒན་གཞོན་ཐམས་ཅད་ཀྱིས་ཤེས་དགོས་པ་ཞིག་རེད།

2019.12.10 2 2019.12.10 3 2019.12.10 4

བོད་གཞུང་གིས་བླ་ཆེན་ཏེ་བོད་ཀྱི་སྤྲུལ་སྐུ་རྣམ་གསུམ་གྱི་གདན་ཐོབ་ང་ལ་གནང་ཡོད་དུས་ཆོས་ཞུགས་ཀྱི་མཛད་སྒོ་དངོས་གཞིའི་སྐབས་འབྲས་སྤུངས་ཚོགས་ཆེན་དང་བློ་གསལ་གླིང་གི་ལས་སྣེ་ཡོངས་རྫོགས་ཕེབས་དགོས་ཀྱི་ཡོད་པར་མ་ཟད། ང་ཚོ་ལ་དམིགས་བསལ་གྱིས་འབྲེལ་བ་ཡོད་མེད་ཀྱི་སྐུ་དྲག་མང་པོ་ཞིག་ཀྱང་ཕེབས་སོང་། དཔེར་ན། བཀའ་བློན་ང་ཕོད་དང་། བཀའ་བློན་ཟུར་ཁང་། ང་ཚོ་དང་འབྲེལ་བ་ཡོད་པའི་བཀའ་བློན་བཤད་ཟུར་དང་བཀའ་བློན་ཀ་ཤོད་པ་སོགས་བཀའ་བློན་དང་སྐུ་དྲག་མང་པོ་ཞིག་ཕེབས་སོང་། དེ་དག་ཡོངས་རྫོགས་དང་འབྲས་སྤུངས་མཁན་པོ་ལས་སྣེ་ཐམས་ཅད་ཀྱིས་ཕྱག་བཙལ་ནས་མཇལ་ཁ་ཞུས། མདུད་པ་སྐེ་ལ་གོན་ནས་མཛད་སྒོ་གཞན་དང་མི་འདྲ་བའི་གཟབ་རྒྱས་ཤིག་ཚོགས་སོང་། སྐབས་དེ་ནས་བཟུང་ང་ཚོ་དང་བོད་གཞུང་གི་ལས་བྱེད་ཆེ་ཁག་མང་པོ་ཞིག་གི་བར་ལ་རང་བཞིན་གྱིས་འབྲེལ་བ་བྱུང་སྟེ་ངོ་ཤེས་རྒྱུས་ཡོད་དུ་གྱུར་པ་རེད། དགུན་གྱི་དུས་སུ་རྩེའི་དགུ་གཏོར་ཆེན་མོའི་འཆམ་གཟིགས་ཀྱི་སྐུ་མགྲོན་ལ་གཞུང་འབྲེལ་གྱིས་གདན་འདྲེན་ཞུས་པ་དང་། དབྱར་ཁ་ནོར་བུ་གླིང་ཁའི་ཐོན་སྐྱེད་ཤིང་ཐོག་ང་ལ་རྔན་པར་བསྐུར་གནང་ནས་ཆིབས་གཡོག་འབྲས་སྤུངས་ལ་ཆེད་གཏོང་མཛད་པ་སོགས་༸གོང་ས་མཆོག་གིས་དམིགས་བསལ་གྱིས་གཟིགས་པ་གནང་སོང་། དེ་ནས་ཅང་མ་འགོར་བར་ང་ཚོ་རྒྱ་གར་ལ་ཐོག་མར་སླེབས་པའི་སྐབས་སུ་ཡང་བཙན་བྱོལ་བོད་གཞུང་གི་ཕྱག་ལས་གནང་མཁན་གཙོ་བོའི་གྲས། བཀའ་བློན་བཤད་ཟུར་དང་། བཀའ་བློན་ཟུར་ཁང་། སྐུ་ངོ་ཕ་ལྷ་མགྲོན་གཉེར་ཆེན་མོ། ཕ་ལྷ་རྩིས་དཔོན། ཕ་ལྷ་ཕོགས་དཔོན། སྐུ་ངོ་ཀུན་འདུས་གླིང་ཛ་སག།སྐུ་ངོ་ཁེ་སྨད་ཛ་སག་དང་སྡེ་དཔོན།སྐུ་ངོ་སྐུ་སྲུང་མདའ་དཔོན། ལྕོག་སྟེང་སྐུ་ངོ་ཏཱ་བླ་མ། སྐུ་ངོ་དགའ་བྲང་། སྐུ་ངོ་མཁན་ཆུང་རྟ་ར་བ། དྲུང་ཡིག་ཆེན་མོ་ཨང་འགུ་ལགས། མཁན་ཆུང་ཐུབ་བསྟན་བཟང་པོ། སྐུ་ངོ་ཐུབ་བསྟན་ཉིན་བྱེད། སྐུ་བཅར་མཁན་པོ་སྐུ་ངོ་བློ་བཟང་བསམ་གཏན། སྐུ་ངོ་རྨ་ཡ་ལགས། གྲ་བཞི་མདའ་དཔོན་སྐལ་བཟང་དགྲ་འདུལ་སོགས་བཙན་བྱོལ་བོད་གཞུང་གི་འདིའི་ནང་ཐེངས་དང་པོར་ཕྱག་ལས་གནང་མཁན་གྱི་སྐུ་དྲག་ཚོ་དང་ང་ཚོའི་བར་ལ་འབྲེལ་བ་དམིགས་བསལ་ཅན་ཞིག་བྱུང་ཡོད། མདོར་བསྡུས་ན། ང་ལོ་བཅུ་དྲུག་སྐབས་ལྷ་སར་འབྱོར་བ་ནས་བཟུང་བོད་གཞུང་གི་མི་སྣ་ཆེ་ཁག་དང་འབྲེལ་བ་བྱུང་སྟེ་ལོ་བདུན་ཅུ་ཡས་མས་ཀྱི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོད་པའི་ཐོག་ནས་ད་ལྟའི་ཆེ་མཐོང་དང་ཆ་འཇོག་འདི་བྱུང་བ་མ་གཏོགས། སྤྱིར་བཏང་གི་ལས་དོན་འགའ་ཤས་ཀྱི་ཐོག་ནས་འབྲེལ་བ་ཆགས་པ་ཞིག་མིན། བོད་གཞུང་དང་ང་ཚོའི་བར་གྱི་བརྒྱུད་རིམ་འདི་ཤིན་ཏུ་རིང་པོ་ཡིན་པ་དེ་ཀུན་གྱིས་ཤེས་དགོས་པ་དེ་ཡང་གལ་ཆེན་པོ་རེད།

རྒྱ་གར་དུ་བཙན་བྱོལ་བོད་གཞུང་འདི་ཐོག་མར་བཙུགས་པའི་སྐབས་སྤྱི་འཐུས་སྐབས་དང་པོའི་ནང་དུའང་ཨ་ཁུ་དབོན་པོ་རྒན་པ་འཇམ་དབྱངས་བསོད་ནམས་དང་། སྐབས་གཉིས་པའི་ནང་གཉེར་པ་ཨ་ཁུ་སེངྒེ་སོགས་ང་ཚོ་དང་འབྲེལ་ཡོད་སྤྱི་འཐུས་མང་པོ་ཞིག་གིས་དྲང་པོས་ལས་ཀ་བྱས་པ་རེད། འཇོན་ཐང་དེ་ཙམ་ཡོད་པ་མ་རེད་དེ་ཡིན་ནའང་བོད་གཞུང་གི་ཕྱོགས་ལ་ལངས་ཏེ་སུས་བོད་གཞུང་ལ་ཟུར་ཟ་དང་རྒྱབ་གཏོད། ངོ་རྒོལ་བྱས་ན་དེ་ལ་ཁ་གཏད་བཅག་ནས་ལངས་ཕྱོགས་བརྟན་པོ་ཞིག་གི་ཐོག་ནས་ད་ལྟའི་བར་དུ་ལངས་པ་ཞིག་རེད། བོད་གཞུང་གི་ཕྱོགས་ནས་ཡིན་ནའང་གཞུང་གི་ལས་བྱེད་རྒན་གྲས་མང་པོ་ཞིག་དང་བོད་མི་སྤྱི་སེམས་ཅན་རྒན་པ་མང་པོ་ཞིག་གི་བསམ་བློའི་ནང་དུ་ཀིརྟི་ཚང་བོད་གཞུང་གི་ཕྱོགས་ཡིན་བསམ་པའི་བག་ཆགས་ཤིན་ཏུ་བརྟན་པོ་ཞིག་བཞག་ཐུབ་ཡོད། བག་ཆགས་འདི་ལོ་མང་པོའི་རིང་མི་མང་པོས་དཀའ་ལས་བརྒྱབས་པའི་གྲུབ་འབྲས་ལ་བརྟེན་ནས་བྱུང་བ་ཞིག་མ་གཏོགས་ལས་སླ་པོ་ཞིག་གཏན་ནས་མིན་དུས། བག་ཆགས་འདི་ལ་སྐྱོན་མ་ཤོར་བ་ཞིག་བྱ་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད། འབྲེལ་ཡོད་མང་ཆེ་བས་བོད་སྤྱི་པ་དང་ལོ་རྒྱུས་ཀྱི་བརྒྱུད་རིམ་ལ་བསམ་བློ་བཏང་ནས་གང་བྱུང་མང་བྱུང་བྱེད་ཀྱི་མི་འདུག་ཀྱང་། དེང་སང་གི་དུས་ཚོད་འདི་ལ་རང་གི་བྱ་སྤྱོད་དང་ཁ་ལ་བདག་པོ་རྒྱག་མི་ཤེས་མཁན་འགའ་ཤས་ཤིག་ཡོང་གི་འདུག སྐད་ཆ་དགོས་མི་དགོས་བཤད་པ་དེས་སྤྱི་སྒེར་སུ་ལའང་ཕན་ཐོགས་མེད། ང་ཚོ་ད་ལྟའི་བར་དུ་ལངས་ཕྱོགས་བརྟན་པོ་ཞིག་གི་ཐོག་ཏུ་བསྡད་པ་བཞིན་མ་འོངས་པར་ཡང་ད་ལྟའི་ལངས་ཕྱོགས་འདི་ལ་འགྱུར་བ་མེད་པར་བརྟན་པོར་གནས་ཐུབ་དགོས་པ་དེ་གལ་ཆེན་པོ་རེད། ཁ་སང་གི་མཛད་སྒོའི་སྐབས་གཞུང་གི་མཛད་གཙོ་རྣམ་པས་ང་ཚོ་ལ་བསྟོད་བསྔགས་གནང་བ་དེ་ལོ་རྒྱུས་ཀྱི་བརྒྱུད་རིམ་མང་པོ་ཞིག་ལ་དགོངས་པ་བཞེས་ནས་གསུངས་པ་ཞིག་མ་གཏོགས། ང་ཚོའི་རྒྱབ་ལོགས་ལ་ནུས་ཤུགས་ཆེན་པོ་གཞན་ཞིག་ཡོད་པའི་དབང་གིས་བསྟོད་བསྔགས་གནང་བ་ལྟ་བུ་མ་རེད། དཔེར་ན། ཁ་སང་མཛད་སྒོ་ཚོགས་པའི་སྐབས་ཕྱི་རྒྱལ་གྱི་སྦྱིན་བདག་ལྟ་བུ་མི་རྐང་གཅིག་ཀྱང་བསྟན་རྒྱུ་མེད། ང་ཚོའི་རྒྱབ་ལོགས་ལ་ཚོགས་པ་དང་མི་ཤོག་ཁག་རྒྱུ་སྟོབས་ཆེན་པོ་ལྟ་བུ་གང་ཡང་མེད་པའི་རྒྱབ་ཆད་པ་ལྟ་བུ་ཞིག་ཡིན། ང་ཚོའི་རྒྱབ་ལོགས་ལ་སྟོབས་ཤུགས་ཀྱི་ནུས་པ་གཞན་གང་ཡང་མེད་ནའང་བརྩི་མཐོང་གནང་བ་དེ་གནའ་སྔ་མོའི་ལོ་རྒྱུས་དང་བག་ཆགས་བཟང་པོ་ཞིག་ཡོད་པའི་ཐོག་ནས་བྱུང་བ་ཞིག་རེད། ལོ་རྒྱུས་ཀྱི་ཐོག་ནས་ང་ཚོ་ལ་ཡོད་པའི་བརྩི་མཐོང་འདི་རྒྱུན་ཉར་བྱེད་ཐུབ་དགོས་རྒྱུ་འདི་ཤིན་ཏུ་གལ་ཆེན་པོ་རེད། ང་ཚོའི་མི་སུ་འདྲ་ཞིག་ཡིན་ནའང་ངས་སྐད་ཆ་འདི་དང་འདི་བཤད་པ་ཡིན་ན་ང་ཚོའི་སྤྱི་པའི་མཐོང་ལ་གནོད་ཨེ་ཡོང་སྙམ་པའི་ཐོག་ནས་གཟབ་གཟབ་བྱ་དགོས། བཤད་མཁན་མི་སྒེར་པ་ལ་དམིགས་བསལ་ཁྱད་པར་ཡོང་མི་སྲིད་ཀྱང་ང་ཚོའི་སྤྱི་པ་འདི་ལ་ཕན་ན་བོད་སྤྱི་པ་ལའང་ཕན་ཐོགས་ཡོང་གི་རེད་མ་གཏོགས་དེ་མི་སྒེར་པ་ཞིག་གིས་འཁྱེར་འགྲོ་ས་མེད། ང་ཚོའི་སྤྱི་པའི་མཐོང་དང་ཆ་འཇོག་དེ་དག་ཉམས་ཉེས་མ་འགྲོ་བར་རྒྱུན་འཛིན་བྱ་དགོས་པ་དེ་གལ་ཆེན་པོ་རེད། དེང་སང་གི་དྲ་རྒྱའི་དུས་ཚོད་འདི་ལ་སྐད་ཆ་འདྲ་མིན་ཤོད་མཁན་ཡོང་གི་འདུག།ཀུན་སློང་གི་ཐོག་ནས་སྤྱི་པ་ལ་གནོད་པ་བྱེད་དགོས་བསམ་པ་མེད་ཤས་ཆེ་ཡང་ལས་སྟངས་དང་བཤད་སྟངས་མ་འགྲིག་པའི་དབང་གིས་སྤྱི་པ་ལ་གནོད་སྲིད་པ་ཞིག་ཏུ་རང་བཞིན་གྱིས་འགྱུར་འགྲོ་ཡི་འདུག འདིའི་ཐོག་ང་ཚོའི་འབྲེལ་ཡོད་ཀུན་གྱིས་གཟབ་གཟབ་བྱེད་དགོས་པ་འདི་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་།

ང་ལྟ་བུ་ཡིན་ན་རྒྱ་གར་དུ་སླེབས་དུས་ཐོག་མར་སྦག་ས་དང་ཌ་ལ་ཧོ་སི། དེ་ནས་དགེ་རྒན་འོས་སྦྱོང་། དེ་ནས་ཝཱ་རཱ་ཎ་སཱིའི་བོད་ཀྱི་མཐོ་རིམ་སློབ་གྲྭ། དེ་ནས་བོད་ཀྱི་དཔེ་མཛོད་ཁང་དང་། དེ་ནས་རིམ་པས་བོད་གཞུང་གི་ལས་སྣེའི་ནང་འཛུལ་བ་ནས་ད་ལྟའི་བར་དུ་གང་ཐུབ་ཀྱིས་ལྷག་བསམ་རྣམ་དག་བྱས་ནས་ཡོང་བ་ཞིག་ཡིན། སྐབས་དེ་དུས་ང་ཕྱི་རྒྱལ་ལ་འགྲོ་བ་ཡིན་ན་མི་གཞན་དག་ལ་ཆ་རྐྱེན་མ་རག་པའི་གོང་ནས་ང་ལ་ཨ་རིར་འགྲོ་ཐུབ་པའི་ཆ་རྐྱེན་དང་གོ་སྐབས་གཉིས་ཀ་རག་མྱོང་། ཕྱི་ལོ་དྲུག་ཅུ་རེ་གྲངས་ནང་ཨ་རིར་ཡོད་པའི་སོག་པོའི་དགེ་བཤེས་དབང་རྒྱལ་ལགས་ཀྱིས་རིན་པོ་ཆེ་ཨ་རིར་ཕེབས་ཀྱི་ཡིན་ན་ཁོས་གདན་འདྲེན་ཞུ་ཡི་ཡིན་ཞེས་ང་ལ་བཤད་སོང་། ང་དེ་དུས་ལོ་ཆུང་ཆུང་ཡིན་ནའང་བསམ་བློ་གཏོང་སྟངས་ནི། ང་ཨ་རིར་འགྲོ་བ་དེ་དངུལ་གྱི་ཆེད་དུ་འགྲོ་ཡི་ཡོད་པ་མ་གཏོགས་བསྟན་པ་སྤེལ་བའི་ཆེད་དུ་ཨ་རིར་འགྲོ་རྒྱུའི་བསམ་བློ་དང་ནུས་པ་གཉིས་ཀ་མེད་དུས། ཨ་རིར་འགྲོ་བ་དེ་དངུལ་གྱི་ཆེད་དུ་ཡིན་ན་སྔ་མོ་ཀིརྟིའི་བླ་བྲང་དུ་རྒྱ་ནག་གོང་མས་ཕུལ་བ་རེད་ཅེས་པའི་མདུན་ཅོག་དངུལ་དང་ཟངས་སྦྲགས་མ་བྱས་ནས་བརྡུངས་ཏེ་རིན་པོ་ཆེའི་ཕྲ་མང་པོས་བརྒྱན་པའི་མདུན་ཅོག་ཆ་གཅིག་ཡོད་པ་དེ་བསམ་བློའི་ནང་དུ་འཁོར་བྱུང་། ང་ཨ་རིར་སོང་ནས་མི་ཚེ་གང་པོར་དངུལ་བསགས་པའི་དབང་དུ་བྱས་ཀྱང་མདུན་ཅོག་དེ་གཉིས་ཀྱི་རིན་འབབ་ཙམ་ཡང་ངས་བསག་ཐུབ་རྒྱུ་མིན་པ་གསལ་པོ་རེད། དེ་ལས་བོད་གཞུང་གི་ནང་དུ་བསྡད་ནས་༸རྒྱལ་བ་རིན་པོ་ཆེར་ཞབས་ཕྱི་ཞུ་རྒྱུ་བྱུང་ན་སྤྱི་སྒེར་གཉིས་ཀ་ལ་དེས་ཕན་ཐོགས་ཀྱི་རེད་བསམས་ནས་ཕྱི་རྒྱལ་ལ་མ་ཕྱིན་པར་རྒྱ་གར་དུ་བསྡད་པ་ཞིག་ཡིན་མ་གཏོགས་ཕྱི་རྒྱལ་ལ་འགྲོ་རྒྱུའི་གོ་སྐབས་མ་རག་པ་ཞིག་གཏན་ནས་མིན། ང་ལ་ནུས་པ་དང་འཇོན་ཐང་དམིགས་བསལ་ཅན་ཡོད་མེད་ལ་མ་ལྟོས་པར་ད་ལྟའི་བར་དུ་བརྟན་པོ་བྱས་ནས་བསྡད་པ་དེ་རྣམ་པ་ཚོས་གསལ་པོར་མཁྱེན་གྱི་ཡོད་པ་རེད་ལ་མཁྱེན་དགོས་པ་དེ་གལ་ཆེན་པོ་རེད། ལོ་ངོ་དྲུག་ཅུ་ལྷག་གི་རིང་དང་པོ་སློབ་མའི་ངོ་བོ་དང་། གཉིས་པ་ལས་བྱེད་ཀྱི་ངོ་བོ་བཅས་ཀྱི་ཐོག་ནས་༸རྒྱལ་བ་རིན་པོ་ཆེའི་ཞབས་དྲུང་དུ་བོད་གཞུང་གི་ནང་དུ་བསྡད་པའི་ལོ་ཡུན་དེའི་རིང་དྲང་པོའི་གཞུང་བསྲངས་ཏེ་རང་ཚུགས་བཟུང་ནས་བསྡད་པ་མ་གཏོགས། ཆབ་སྲིད་ཀྱི་ཐད་ནས་ཡིན་ནའང་ང་མི་སྒེར་པ་དང་ཆབ་སྲིད་ཀྱི་ཕྱོགས་ཁག་སུ་གཅིག་གི་ཕྱོགས་སུ་གཏན་ནས་འགྲོ་མ་མྱོང་། ཁ་ཉུང་ཉུང་དང་ལྷག་བསམ་རྣམ་དག་གིས་སྤྱི་པའི་སེམས་ཤུགས་ཁུར་ནས་བསྡད་པ་ཡིན། རྣམ་པ་ཚོ་ཡིན་ནའང་ལྷག་བསམ་རྣམ་དག་དང་དྲང་པོ་དྲང་རྐྱང་བྱས་ནས་སྡོད་དགོས་པ་མ་གཏོགས་ཕྱོགས་སུ་ལྷུང་བ་དང་ཟེར་རྗེས་སུ་འབྲངས་པའི་སྐད་ཆ་གང་བྱུང་མི་བཤད་རྒྱུ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་།

ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡༢ ཚེས་ ༡༠ ཉིན།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.