Tawpeyཕྱི་ལོ་ ༢༠༢༡ ལོའི་ ཟླ་ ༥ ཚེས་ ༡ ལ། ས་གནས། ཐེ་ཝན་གྱི་རྒྱལ་ས་ཐེ་པེ།

༄༅།། བོད་བརྒྱུད་རིས་མེད་འཛམ་གླིང་ཞི་བདེའི་བཀའ་ཆོས་སྨོན་ལམ་ཆེན་མོའི་ཐོག་ཕེབས་པའི་བོད་བརྒྱུད་རིས་མེད་ཀྱི་མཁན་བླ་སྤྲུལ་དང་། དགེ་འདུན་པ་རྣམ་པ། རྒྱ་བརྒྱུད་ནང་བསྟན་གྱི་དགེ་ཚུལ་སློང་། ཆོས་གྲོགས་ཕོ་མོ་རྣམ་པ་ལྷན་རྒྱས་ལ་ཐོག་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ཆོས་བརྒྱུད་རིས་མེད་ཀྱི་ཆོས་ཚོགས་ཁག་བརྒྱ་ལྷག་ལྷན་དུ་འཛོམས་པའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་འདི་གོ་སྒྲིག་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རིས་མེད་ཞི་བདེའི་སྨོན་ལམ་ཆེན་མོ་གོ་སྒྲིག་གནང་བའི་ལས་འགུལ་འདི་གཞི་ནས་འགོ་ཚུགས་བཞིན་པ་ཞིག་མ་གཏོགས་ལས་འགུལ་འདི་མཐའ་མ་མིན་དུས། མ་འོངས་པར་ཞི་བདེའི་སྨོན་ལམ་ཆེན་མོ་འདི་དང་འབྲེལ་བའི་ལས་འགུལ་རྒྱ་ཆེན་པོ་རེ་སྤེལ་ཐུབ་པར་འབྲེལ་ཡོད་ཀུན་གྱིས་འབད་བརྩོན་ལྷོད་མེད་གནང་རོགས་ཞེས་ངོས་ནས་རེ་འདུན་ཞུ་བཞིན་ཡོད།

ད་ཐེངས་ཀྱི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་འདིའི་ཐོག་ཐེ་ཝན་ནང་གི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་རིས་མེད་ཀྱི་ཆོས་ཚོགས་ཁག་བརྒྱ་ལྷག་མཉམ་དུ་འཛོམས་ཐུབ་པ་བྱུང་བ་བཞིན། མ་འོངས་པར་ཐེ་ཝན་ནང་གི་རྒྱ་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་མང་པོ་ཡོད་པ་རྣམས་ཀྱང་མཉམ་ཞུགས་གནང་ཐུབ་པ་དང་། རིམ་པས་ནང་བསྟན་གྱི་རྗེས་འཇུག་པ་ཙམ་མ་ཡིན་པར་འཛམ་གླིང་ཁྱོན་ཡོངས་ཀྱི་ཆོས་བརྒྱུད་མི་འདྲ་བ་ཐམས་ཅད་མཉམ་དུ་འཛོམས་ཐུབ་པ་དང་། མཉམ་རུབ་བྱེད་ཐུབ་པའི་གཞི་རྟེན་ཞིག་ཏུ་འགྱུར་བར་རྣམ་པ་ཚོ་ཡོངས་རྫོགས་ཀྱི་ངོས་ནས་འབད་བརྩོན་གནང་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན།

འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །ཞེས་གསུངས་པ་བཞིན་འཛམ་གླིང་ནང་ཞི་བདེ་མེད་པར་རྐྱེན་ངན་ཆག་སྒོ་སྣ་ཚོགས་བྱུང་དང་འབྱུང་བཞིན་པ་འདི་དག་གི་རྐྱེན་རྩ་གཙོ་བོ་ནི། མི་རྣམས་ཀྱི་སེམས་རྒྱུད་ལ་ཡོད་པའི་འདོད་ཆགས་དང་། ཞེ་སྡང་། གཏི་མུག་སྟེ་ཉོན་མོངས་དུག་གསུམ་པོ་འདིས་འཇིག་རྟེན་ཐམས་ཅད་ཁྱབ་པ་ལ་བརྟེན་ནས་ཡོང་གི་ཡོད་པ་ནི་གསལ་པོ་རེད། བོད་བརྒྱུད་ནང་བསྟན་ལ་འཛམ་གླིང་དུ་ཞི་བདེ་མི་འབྱུང་བའི་རྐྱེན་རྩར་གྱུར་པའི་ཉོན་མོངས་དུག་གསུམ་པོ་འདི་དག་སེལ་བར་བྱེད་པའི་ཐབས་ཚུལ་སྣ་ཚོགས་པ།ཚང་ལ་གོ་རིམ་མ་ནོར་བ། ཞིབ་ཅིང་ཕྲ་བ་ཡོད་དུས།བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཚོར་འཛམ་གླིང་འདི་ལ་ཞི་བདེ་མི་འབྱུང་བའི་རྐྱེན་རྩ་ཉོན་མོངས་དུག་གསུམ་འདི་དག་སེལ་ནས་ཞི་བདེ་ཡོང་བའི་ཆེད་དུ་ལས་འགུལ་སྤེལ་དགོས་པ་ལས་འགུལ་སྤེལ་བའི་ནུས་པའི་གོ་སྐབས་ཡོད་དུས། རྣམ་པ་ཚོས་ངེས་པར་དུ་འདིའི་ཐོག་ལ་ཤུགས་བསྐྱོན་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན།

སྤྱིར་ཆོས་ཁས་བླངས་ཀྱང་རུང་ལ་མ་བླངས་ཀྱང་རུང་། ཆོས་པ་ཞིག་ཡིན་ཡང་རུང་ལ་མིན་ཡང་རུང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་མི་སུ་ཞིག་གི་སེམས་རྒྱུད་ལ་ཡོད་ཕྱིན་ཆད་མི་དེ་ནི་རང་བཞིན་གྱིས་སེམས་ཞི་བདེ་མེད་པ་ཞིག་དང་། ལྷག་པར་དུ་འཛམ་གླིང་གི་ཆབ་སྲིད་ཀྱི་དབུ་ཁྲིད་རྣམ་པ་ཚོའི་སེམས་རྒྱུད་ལ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་མངོན་འགྱུར་བ་ཤུགས་ཆེན་པོ་ཞིག་ཡོད་པ་ཡིན་ན་འཛམ་གླིང་སྤྱི་ཡོངས་ལ་དཀའ་ངལ་སྣ་ཚོགས་བཟོས་ཏེ་ཞི་བདེ་མེད་པ་ཞིག་རང་བཞིན་གྱིས་ཡོང་དང་ཡོང་བཞིན་པ་ནི། ད་ལྟའི་འཛམ་གླིང་འདིའི་ནང་ཞི་བདེ་མེད་པའི་དཀའ་ངལ་སྣ་ཚོགས་དང་འཕྲད་བཞིན་གནས་ཚུལ་ཡོང་སྟངས་འདིའི་ཐོག་ནས་གསལ་པོར་མཁྱེན་ཐུབ་པ་ཞིག་རེད།

དེ་འདྲ་ཡིན་དུས་མི་རེ་རེའི་སེམས་རྒྱུད་ལ་ཡོད་པའི་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཤུགས་ཇེ་ཆུང་དུ་བཏང་བ་ནས་བཟུང་། རིམ་གྱིས་འཇིག་རྟེན་འདིར་དུག་གསུམ་ག་རྩ་མེད་དུ་བཅོམ་ཐུབ་པར་ང་ཚོ་ཡོངས་རྫོགས་ཀྱིས་འབད་བརྩོན་གནང་བ་ཡིན་ན་རིམ་གྱིས་ནུས་པ་ཐོན་པ་ཞིག་ཡོང་ཐུབ་ཀྱི་ཡོད་དུས།ང་ཚོ་ལ་ཡོད་པའི་ནུས་པ་དེ་དག་ཕྱོགས་གཅིག་གི་ཐོག་ལ་སྤུངས་ནས་འབད་བརྩོན་བྱ་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད།

དེ་འདྲ་ཞིག་ཡོང་བའི་གཞི་རྩ་གཙོ་བོ་ནི། ཆོས་ཁས་ལེན་མི་ལེན་དང་ཆོས་བརྒྱུད་གྲུབ་མཐའ་གང་ཡིན་ལ་མ་ལྟོས་པར་འཇིག་རྟེན་སྤྱི་ཡོངས་ལ་ཞི་བདེ་ཡོང་བའི་ཆེད་དུ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་འཇིག་རྟེན་ཁྱོན་ཡོངས་ལ་དར་སྤེལ་གནང་དང་གནང་བཞིན་པར་མ་ཟད།ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དར་སྤེལ་མཛད་པ་ལ་བརྟེན་ནས་འཛམ་གླིང་སྤྱིའི་མིའི་བསམ་བློ་གཏོང་ཕྱོགས་དང་ཀུན་སྤྱོད་གཉིས་ཀ་ལ་གྲུབ་འབྲས་ཀྱི་འགྱུར་བ་ཤུགས་ཆེན་པོ་ཐེབས་ཞིན་ཡོད་པར་བརྟེན། ང་ཚོ་ཡོངས་རྫོགས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སློབ་ཤ་སྟག་ཡིན་དུས། ༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེའི་རླབས་ཆེན་གྱི་དགོངས་གཞི་འདི་དག་གི་ཐོག་ལ་མཉམ་རུབ་དང་ནུས་པ་མཉམ་སྤུངས་བྱ་དགོས་པ་དེ་ཤིན་ཏུ་ནས་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་།

དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མའ་ཚོགས་བཅར་བ་ཡངས་ལ་གསུངཆོས་བཀའ་དྲིན་ཆེ་རྒྱུ་ཡིན་དུས། ༸རྒྱལ་བ་རིན་པོ་ཆེ་མཆོག་གིས་ལམ་སྟོན་གང་གནང་བ་དེ་ལ་ཚོགས་བཅར་བ་ཡོངས་རྫོགས་ཀྱིས་ཐུགས་སྣང་ཆེན་པོས་ཉན་ཏེ། རང་རང་གི་ངོས་ནས་གང་ཤེས་པ་དེ་ལག་ལེན་དུ་བསྟར་བ་ཡིན་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ན་ཤིན་ཏུ་མཐོ་པོ་ཕེབས་བཞིན་དུ་སྐུ་ངལ་ལ་མ་འཛེམས་པར་བཀའ་ཆོས་གནང་བ་དེ་གྲུབ་འབྲས་དང་ལྡན་པ་ཕན་ཐོགས་ཆེན་པོ་འབྱུང་གི་རེད། རྣམ་པ་ཚོས་དེ་རིང་གི་གསུང་ཆོས་ལ་ཐུགས་སྣང་ཆེན་པོའི་ངང་གཟབ་གཟབ་བྱས་ནས་གསན་རོགས་ཞེས་སྙན་སེང་ཞུ་རྒྱུ་ཡིན།

མཐའ་དོན། འཛམ་གླིང་ཞི་བདེ་ཡོང་བ་དང་ནད་ཚོན་དང་མུ་གེའི་འཇིགས་པ་ཐམས་ཅད་མགྱོགས་ནས་མྱུར་དུ་ཞི་བའི་སྨོན་འདུན་ཞུ་རྒྱུ་ཡིན།

ཉེ་ཆར་ཐེ་ཝན་དུ་མེ་འཁོར་བརྡབ་སྐྱོན་བྱུང་སྟེ་ཚེ་སྲོག་ཤོར་བ་ཚོའི་ཆེད་དུ་ཡང་ད་རེས་ཐུགས་སྨོན་གནང་ན་དམིགས་བསལ་གྱིས་ཕན་ཐོགས་ཡོང་གི་རེད་ཅེས་ཞུ་འདོད་བྱུང་། ཐུགས་རྗེ་ཆེ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.