4.22 01

 

༄༅།། ཀིརྟིའི་དགེ་རྩ་ཚོགས་སྐབས་བཞི་པའི་འགན་འཛིན་གྲོས་ཚོགས་ཐེངས་གཉིས་པའི་འཐུས་མི་ཡོངས་ལ་ཐེངས་དང་པོར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ཀིརྟིའི་དགེ་རྩ་ཚོགས་པའི་འགན་འཛིན་གྲོས་ཚོགས་ཚོགས་པའི་སྐབས་ཐོག་མར་ལམ་སྟོན་གྱི་ཚུལ་དུ་ངས་སྐད་ཆ་བཤད་དགོས་པ་ལམ་སྲོལ་ལྟ་བུ་ཡིན་དུས། དེ་རིང་སྐད་ཆ་ཐུང་ངུ་ཞིག་མ་གཏོགས་རིང་པོ་མེད་ལ་ལམ་སྟོན་དམིགས་བསལ་བ་གང་ཡང་ཞུ་རྒྱུ་མེད།

ཀིརྟིའི་དགེ་རྩ་ཚོགས་པ་འཛུགས་དགོས་པའི་རྒྱུ་མཚན་གང་ཡིན་པ་དེ་ཤེས་དགོས་པ་གལ་ཆེན་པོ་རེད།ངས་ལན་མང་བཤད་ཀྱི་ཡོད་པ་ལྟར་ཀིརྟིའི་དགེ་རྩ་ཚོགས་པ་འཛུགས་དགོས་པའི་རྒྱུ་མཚན་གཙོ་བོ་ནི། བོད་སྤྱི་པ་དང་སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་ཕན་པའི་ལས་དོན་སྒྲུབ་པའི་ཆེད་དུ་ཡིན།དེ་ཡང་སྤྱི་པའི་མིང་མ་ཁུར་བར་སྒེར་པའི་ཚོགས་པའམ་སྒྲིག་འཛུགས་ཀྱི་ངོ་བོའི་ཐོག་ནས་སྤྱི་པའི་ལས་དོན་སྒྲུབ་པའི་ཆེད་དུ་རེད། མཛུབ་མོ་ལྔ་བཅིངས་ཁུར་ཚུར།ཞེས་བཤད་སྲོལ་ཡོད་པ་ལྟར། མཛུབ་མོ་རེ་རེ་ལ་ནུས་པ་དམིགས་བསལ་བ་རེ་ཡོད་པ་བཞིན།མཛུབ་མོ་ལྔ་ཡོངས་རྫོགས་ཀྱི་ནུས་པ་གཅིག་ཏུ་བསྡོམས་ན་དེ་ལ་ནུས་པ་ཁྱད་པར་བ་ཞིག་རང་བཞིན་གྱིས་ཡོང་གི་ཡོད། དེ་བཞིན་དུ་སྤྱི་པའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སྒེར་པའི་ཚོགས་པ་དང་སྒྲིག་འཛུགས་རེ་རེ་བཞིན་ནུས་པ་ཆེན་པོར་གྱུར་ན། བོད་སྤྱི་པའི་སྒྲིག་འཛུགས་དེ་རང་བཞིན་གྱིས་ནུས་པ་ཆེན་པོར་འགྱུར་གྱི་ཡོད་ལ། བོད་སྤྱི་པའི་སྒྲིག་འཛུགས་ནུས་པ་ཆེན་པོར་གྱུར་ན། བོད་སྤྱི་པའི་ལས་དོན་ལ་རང་བཞིན་གྱིས་ཕན་ཐོགས་རྒྱ་ཆེན་པོ་ཡོང་རྒྱུ་ཡིན་པ་ཆོས་ཉིད་ཡིན། སྒེར་པའི་རྣམ་པའི་ཐོག་ནས་བོད་སྤྱི་པ་དང་སངས་རྒྱས་ཀྱི་བསྟན་པ་སྤྱིའི་ལས་དོན་སྒྲུབ་པ་ནི་ངས་ལས་ཀ་བྱེད་སྟངས་ཀྱི་རྣམ་པ་གཙོ་བོ་ཞིག་ཡིན། རྣམ་པ་ཚོ་མང་ཆེ་བས་གནས་སྟངས་འདི་གསལ་པོར་མཁྱེན་གྱི་ཡོད་པ་རེད་ལ། མ་འོངས་པར་ཡང་སྒེར་པའི་རྣམ་པའི་ཐོག་ནས་བོད་སྤྱི་པ་དང་སངས་རྒྱས་ཀྱི་བསྟན་པ་སྤྱིའི་ལས་དོན་ལ་ཤུགས་བརྒྱག་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་ཡིན།

 

དེ་རིང་འདིར་འཛོམས་པའི་འགན་འཛིན་གྲོས་ཚོགས་ཀྱི་འཐུས་མི་མང་ཆེ་བ་ང་དང་མཉམ་དུ་རྒས་སོང་བ་ལྟ་བུར་གྱུར་ཡོད། ཁྱེད་ཚོ་མང་ཆེ་བས་ད་ལྟའི་4.22 02བར་དུ་ང་དང་སྐྱིད་སྡུག་མཉམ་གཤིབ་དང་སྡུག་དཀའ་ལས་མཉམ་དུ་བརྒྱབ་ནས་ཡོང་བ་རེད། ཀིརྟི་ཚང་གི་སྒྲིག་འཛུགས་དང་ལས་དོན་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ལ། བོད་ཕྱི་ནང་གཉིས་ཀའི་ཀིརྟི་ཚང་གི་ཆོས་འཆད་ཉན་དང་། བསླབ་པ་སློབ་གཉེར།འགྲིག་ལམ་ཀུན་སྤྱོད། ཡ་རབས་སྤྱོད་བཟང་། ནང་ཁུལ་གྱི་མཐུན་ལམ་གང་ཅིའི་ཆ་ནས་ད་ཆ་མི་གཞན་གྱིས་བསྔགས་བརྗོད་ཞུ་སའི་ཡུལ་དུ་གྱུར་ཡོད། ཀིརྟི་ཚང་གི་བླ་སློབ་རྣམས་བསྔགས་བརྗོད་ཀྱི་ཡུལ་དུ་འགྱུར་བ་ཞིག་ཡོང་བའི་རྒྱུ་མཚན་གཙོ་བོ་ནི། ཀིརྟི་ཚང་གི་བླ་མ་དང་སློབ་མ་གཞན་དང་མི་འདྲ་བའི་དམ་ཚིག་རྡོག་རྩ་ཆིག་སྒྲིལ་དང་། བླ་སློབ་ཀྱི་འབྲེལ་བ་ལ་དམ་སེལ་བྱུང་མྱོང་མེད་པར་ཤིན་ཏུ་གཙང་མ་དང་ཡག་པོ་ཡོད་ཅེས་སྔ་མོ་ནས་བཤད་ཀྱི་ཡོད།མི་ཐོག་ནས་མི་ཐོག་བརྒྱུད། བླ་རབས་ནས་བླ་རབས་བརྒྱུད་ནས་ཡོད་པའི་དད་པ་དང་དམ་ཚིག་གི་བག་ཆགས་ཟབ་མོ་ཞིག་ཡོད་པ་དེའི་ཐོག་ནས་ད་ལྟའི་གྲུབ་འབྲས་བཟང་པོ་གཞན་པའི་བསྟོད་བསྔགས་ཞུ་དགོས་པའི་གནས་སྟངས་འདི་བྱུང་བ་རེད། ང་ཚོའི་བར་མི་རབས་མང་པོའི་རིང་གི་ཆོས་དང་དམ་ཚིག་གི་འབྲེལ་བའི་བག་ཆགས་ཟབ་མོ་ཞིག་ཡོད་པ་དེ་རྒྱུན་འཛིན་བྱ་དགོས་པ་འདི་གལ་ཆེན་པོ་རེད། རྣམ་པ་ཚོས་ད་ལྟའི་བར་དུ་ཧུར་ཐག་འབད་ཐག་བྱས་པ་ནང་བཞིན་ད་ཕྱིན་ཆད་ཡིན་ནའང་ཆོས་དང་དམ་ཚིག་གི་འབྲེལ་བ་ཟབ་མོའི་གཞི་རྩ་འདི་ཡོད་པའི་ཐོག་ནས་ཧུར་ཐག་འབད་ཐག་བྱ་དགོས་པ་འདི་ང་ཚོ་ཀུན་གྱི་ལས་འགན་རེད། ད་ལྟ་འདིར་འཛོམས་པའི་འཐུས་མི་མང་ཆེ་བ་གྲྭ་པ་རྒན་པར་ཆགས་ཏེ་འགའ་ཤས་མགོ་དམར་པོ་དང་། འགའ་ཤས་མགོ་དཀར་པོར་གྱུར་འདུག མ་འོངས་པར་ཀིརྟི་ཚང་གི་ལས་དོན་གྱི་འགན་ཁུར་མཁན་ཡང་ཁྱེད་ཚོ་ཡིན་པ་མ་གཏོགས་ཕྱི་ལོགས་ནས་མི་གཞན་པ་ཞིག་ཁྲིད་ཡོང་རྒྱུ་མེད། མ་འོངས་པར་རྣམ་པ་ཚོས་འགན་ལེན་པའི་སྐབས།འགན་ཁུར་ཁྱོག་ཐུབ་པ་ཞིག་ཡོང་བ་ལ་ད་ལྟ་ནས་གྲ་སྒྲིག་བྱ་དགོས་པ་རེད། ཅེས་ཞུ་འདོད་བྱུང་།

 

ཀིརྟིའི་དགེ་རྩ་ཚོགས་པའི་སྒྲིག་འཛུགས་འདི་ཐོག་མ་ནས་མང་གཙོའི་ངོ་བོའི་ཐོག་ནས་བཙུགས་པ་ཞིག་ཡིན། དགེ་རྩ་ཚོགས་པ་བཙུགས་པ་ནས་བཟུང་སྟེ་ད་ལྟའི་བར་དུ་སྒྲིག་འཛུགས་འདིའི་འགྲོ་ལུགས་འདུག་སྟངས་ཡོངས་རྫོགས་མང་གཙོ་ཚད་ལྡན་ཞིག་ཨེ་ཡོང་སྙམ་པའི་ཐོག་ནས་ང་ཚོ་ཡོངས་རྫོགས་ཀྱིས་ཧུར་ཐག་འབད་ཐག་བྱས་ཡོད། ཐོག་མའི་ལོ་གང་འཚམས་རིང་མང་གཙོའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་གང་འདྲ་ཡིན་མིན་དང་། འགན་འཛིན་གྲོས་ཚོགས་ཀྱི་ལས་དོན་སྒྲུབ་སྟངས་གང་འདྲ་ཡིན་མིན་སོགས་ལ་ང་ཚོས་སློབ་སྦྱོང་བྱེད་ཞོར་དུ་ལས་ཀ་བྱས་པ་རེད། ད་ལྟ་ལོ་གང་འཚམས་རིང་སློབ་སྦྱོང་བྱས་པའི་རྗེས་སུ་མང་གཙོ་ཡང་དག་པའི་ཐོག་ལ་དངོས་སུ་གོམ་པ་སྤོ་ཐུབ་པ་ཞིག་བྱ་དགོས་པ་ནི། འགན་འཛིན་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ཞིག་རེད། འགན་འཛིན་གྲོས་ཚོགས་ལ་ཀིརྟིའི་དགེ་རྩ་ཚོགས་པར་སྟངས་འཛིན་བྱེད་ཐུབ་པའི་ནུས་པ་ཁྱད་པར་བ་ཞིག་ཡོད་དགོས། དེ་ལྟ་བུའི་ནུས་པ་ལྡན་པ་ཞིག་ཡོང་བ་ལ་འཐུས་མི་རེ་རེ་ནས་འགན་ཁུར་བླངས་ཏེ་སྤྱི་པའི་ལས་དོན་ཐོག་ལ་བསམ་བློ་གཏོང་དགོས་པ་འདི་གལ་ཆེན་པོ་རེད། དགེ་རྩ་ཚོགས་པའི་འགན་འཛིན་མཁན་གཙོ་བོ་ནི་འགན་འཛིན་གྲོས་ཚོགས་འདི་ཡིན་དུས། འགན་འཛིན་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་དགེ་རྩ་ཚོགས་པའི་ལས་དོན་ཡར་རྒྱས་དང་ཚགས་ཚུད་ཡོང་ཐབས་སུ་དགེ་འདོན་སྐྱོན་སེལ་གྱི་བསམ་འཆར་བཤད་དགོས། ལས་དོན་ལ་ཕན་ཐོགས་པའི་དོན་དུ་སྣག་ཐོག་བཙགས་འཁེལ་གྱི་སྐྱོན་ཆ་གསལ་འདོན་བྱ་དགོས་པ་འདི་གལ་ཆེན་པོ་རེད།

 

འགན་འཛིན་གྲོས་ཚོགས་ཀྱིས་རང་གི་ལས་འགན་གང་ཡིན་པ་དེའི་འགན་ཁྱོག་ཐུབ་པ་ཞིག་བྱས་ན། ང་ཚོ་མང་གཙོ་ཡང་དག་པའི་ཐོག་འགྲོ་ཐུབ་པ་ཞིག་རང་བཞིན་གྱིས་ཡོང་གི་རེད། སྒྲིག་འཛུགས་ཤིག་གི་ལས་དོན་བྱེད་ཕྱོགས་དེ་མང་གཙོ་ཡང་དག་པའི་ཐོག་འགྲོ་ཐུབ་ན། སྒྲིག་འཛུགས་དེས་ལས་དོན་གང་ཞིག་བརྩམས་ཀྱང་སྤྱི་པའི་ཐོག་ལ་ཕན་ཐོགས་པ་ཞིག་ཡོང་གི་རེད་ལ། སྒྲིག་འཛུགས་འདི་མི་ཐོག་ནས་མི་ཐོག་བར་དུ་བརྟན་པོར་གནས་ཐུབ་པ་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད།

 

ད་ལྟའི་བར་དུ་དགེ་རྩ་ཚོགས་པ་དང་འགན་འཛིན་གྲོས་ཚོགས་གཉིས་ཀར་ངས་ལམ་སྟོན་བྱས་ཏེ་མང་གཙོའི་ལམ་དུ་ཁྲིད་ནས་ཡོང་བ་རེད། ད་ཕྱིན་ཆད་ང་ལོ་བརྒྱད་ཅུ་བརྒལ་ཟིན་པ་ཡིན་དུས་རྣམ་པ་ཚོས་འགན་ཁུར་དེ་ལོ་རེ་བཞིན་ཆེ་རུ་འགྲོ་ཡི་རེད། དེ་ཡིན་དུས་རྣམ་པ་ཚོས་དགེ་རྩ་ཚོགས་པའི་ལས་དོན་གྱི་འགན་ཁུར་རྒྱུ་ཤུགས་ཆེ་རུ་བཏང་སྟེ་ངའི་རྡོག་ཁྲེས་ཡང་དུ་གཏོང་དགོས། ལོ་རེ་བཞིན་འགན་འཛིན་གྲོས་ཚོགས་ཀྱི་ཐོག་ནས་འགན་ཆེན་པོ་ལེན་ཐུབ་ཐབས་བྱ་དགོས་པ་འདི་གལ་ཆེན་པོར་གྱུར་ཡོད།

 

འགན་འཛིན་གྲོས་ཚོགས་ཀྱིས་དགེ་རྩ་ཚོགས་པར་སྟངས་འཛིན་ནན་པོ་བྱས་ཏེ་དགེ་རྩ་ཚོགས་པ་རྒྱུན་གནས་ཐུབ་པ་དང་། མིང་དོན་མཚུངས་པའི་ཚོགས་པ་ཡང་དག་པ་ཞིག་ཡོང་ཐུབ་པར་རྣམ་པ་ཚོས་འགན་བླངས་ནས་ཤུགས་བརྒྱག་དགོས།དགེ་རྩ་ཚོགས་པ་ཚུགས་ནས་ལོ་གང་འཚམས་སོང་བའི་སྐབས་ལ། དགེ་རྩ་ཚོགས་པའི་ཚོགས་འདུ་དང་ལས་དོན་སྒྲུབ་སྟངས་ཡོངས་རྫོགས་རྒྱུན་ལྡན་གྱི་འགྲོ་ལམ་འདུག་སྟངས་ལྟ་བུར་གྱུར་ཏེ་སྣང་མེད་ལྟ་བུར་གྱུར་སོང་ན། ལས་དོན་དང་གང་ཅིའི་ཆ་ནས་འཐུས་ཤོར་ཆེན་པོ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་ཡིན་དུས། དགེ་རྩ་ཚོགས་པའི་བྱེད་སྒོ་རྣམས་ཆ་ཅན་ལྟ་བུ་མ་ཡིན་པར་ལས་ཁུངས་ནང་ལས་ཀ་བྱེད་པའི་སྐབས་དང་། ཚོགས་འདུ་ཚོགས་པའི་སྐབས་གང་དུ་ཡིན་ཡང་། མི་རེ་རེ་ནས་འགན་ཁུར་བླངས་ཏེ་ནུས་པ་ལྡན་པ་ཞིག་བྱ་དགོས་པ་གལ་ཆེན་པོ་རེད། ལས་བསྡོམས་ལྟ་བུ་ཡིན་ན་ཡང་ཤོག་བུའི་སྟེང་དུ་ཡོད་པ་ཙམ་མ་གཏོགས་ལག་ལེན་དངོས་ཀྱི་ཐོག་མེད་པ་ལྟ་བུ་དང་། དེ་བཞིན་དུ་རྩིས་ཁྲ་ལྟ་བུ་ཡིན་ན་ཡང་ཡིག་ཐོག་ཏུ་ཡོད་པ་མ་གཏོགས་ལག་ཐོག་ཏུ་མེད་པ་ལྟ་བུར་གྱུར་ན་གཏན་ནས་མི་འགྲིག་པ་ཞིག་རེད།

ཀིརྟིའི་དགེ་རྩ་ཚོགས་པའི་རྒྱུན་ལས་རྣམས་རྒྱུན་དུ་ལྷན་འཛོམས་བྱ་དགོས་པ་དེ་གལ་ཆེན་པོ་རེད། སྤྱིར་བཏང་ལས་ཀ་ཟེར་བ་ནི་ཅི་ཙམ་ལས་ཀ་བྱས་པའི་ཚོད་ཀྱིས་ལས་ཀ་མང་པོ་ཞིག་རང་བཞིན་གྱིས་འཕེལ་ཡོང་གི་རེད། ལས་ཀ་མི་འདུག་ཅེས་ལས་ཀ་མ་བྱས་པར་བསྡད་པ་ཡིན་ན་ལས་ཀ་ཉུང་དུ་ཉུང་དུ་འགྲོ་རྒྱུ་ཡིན་པ་ང་རང་གི་ཉམས་མྱོང་ཐོག་ནས་གསལ་པོ་ཤེས་ཀྱི་ཡོད། དཔེར་ན།ཁྲོན་པའི་ནང་གི་ཆུ་ཉིན་རེ་བཞིན་བཅུས་པ་ཡིན་ན། ཁྲོན་པའི་ནང་གི་ཆུ་ཡར་འཕེལ་ཡོང་གི་རེད། ཁྲོན་པའི་ནང་གི་ཆུ་ཉིན་རེ་བཞིན་མ་བཅུས་པར་རང་སོར་བཞག་པ་ཡིན་ན་ཁྲོན་པའི་ནང་གི་ཆུ་རང་བཞིན་གྱིས་ཉུང་དུ་འགྲོ་ཡི་རེད། དཔེ་དེ་དང་འདྲ་བར་ལས་ཀ་ཅི་ཙམ་མང་པོ་བྱས་པའི་ཚོད་ཀྱིས་ཡར་རྒྱས་དང་ལས་ཀ་ཇེ་མང་དུ་འགྲོ་ཡི་རེད། དགེ་རྩ་ཚོགས་པའི་རྒྱུན་ལས་ཚོ་ཡིན་ན་ཡང་རྒྱུན་དུ་ལས་ཀའི་ཐོག་ལ་ཤུགས་བརྒྱག་དགོས་པ་འདི་གལ་ཆེན་པོ་རེད།

 

འགན་འཛིན་གྲོས་ཚོགས་ཀྱིས་དགེ་རྩ་ཚོགས་པའི་རྒྱུན་ལས་ཀྱི་ཐོག་ལ་རྒྱུན་དུ་སྟངས་འཛིན་ནན་པོ་བྱས་ཏེ། འགྲིག་པ་དེ་འགྲིག་པ་དང་། མ་འགྲིག་པའི་རིགས་ལ་ལྷག་བསམ་རྣམ་དག་དང་སྤྱི་སེམས་ཀྱི་ཐོག་ནས་སྐྱོན་འདོན་བྱ་དགོས་པ་དེ་གལ་ཆེན་པོ་རེད། བོད་གཞུང་ལྟ་བུར་མཚོན་ན་ཡང་སྤྱི་འཐུས་གྲོས་ཚོགས་ཀྱིས་བཀའ་ཤག་གི་ཐོག་དྲི་བ་དྲིས་ལན་བྱས་ཏེ་སྟངས་འཛིན་ནན་པོ་གནང་གི་ཡོད་པ་ལྟ་བུ་ཡིན།

 

ཚོགས་པ་ཞིག་ཡིན་ན་ཚོགས་པའི་སྒྲིག་གཞི་དང་མ་འགལ་བའི་ཐོག་ནས་ལས་ཀ་བྱེད་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད། གལ་སྲིད་སྒྲིག་གཞིའི་དོན་ཚན་གང་ཡང་རུང་བ་ཞིག་ལག་ལེན་དུ་འཁེལ་མི་ཐུབ་པ་གཏན་འཁེལ་བ་བྱུང་ཚེ་སྒྲིག་གཞི་དེ་ལ་འགྱུར་བ་བཏང་སྟེ། ལམ་ཕྱོགས་གསར་པ་ཞིག་ལ་བཟོ་བཅོས་གཏོང་དགོས་པ་རེད། སྒྲིག་གཞི་དང་མི་མཐུན་པ་ག་རེ་ཡོང་གི་ཡོད་མེད་དང་། སྒྲིག་གཞི་གང་དང་གང་ལ་བསྒྱུར་བཅོས་གཏོང་དགོས་མིན་ལ་འགན་འཛིན་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་རྒྱུན་དུ་ཐུགས་སྣང་གནང་དགོས། འགན་འཛིན་གྲོས་ཚོགས་ཀྱི་འཐུས་མི་ཡོངས་རྫོགས་ཀྱིས་དགེ་རྩ་ཚོགས་པའི་སྒྲིག་གཞི་ལ་སློབ་སྦྱོང་བྱས་ཏེ། དགེ་རྩ་ཚོགས་པའི་སྒྲིག་གཞི་བློ་ལ་ངེས་ཐབས་བྱ་དགོས་པ་འདི་གལ་ཆེན་པོ་རེད།

ངས་རྒྱུན་དུ་བཤད་བཞིན་པ་ལྟར་ཀིརྟིའི་དགེ་རྩ་ཚོགས་པ་དང་ཀིརྟིའི་བྱེས་པ་གྲྭ་ཚང་གཉིས་རྣམ་པ་ཐ་དད་ཙམ་མ་གཏོགས་ངོ་བོ་གཅིག་ཡིན། དེ་ཡིན་དུས་དགེ་རྩ་ཚོགས་པ་དང་གྲྭ་ཚང་བར་གྱི་མཐུན་ལམ་བརྟན་པོ་གནས་ཐབས་བྱ་དགོས་པ་འདི་གལ་ཆེན་པོ་རེད།ལས་དོན་ཆུང་ཚགས་འགའ་རེའི་ཐོག་ལ་མཚམས་རེར་བསམ་ཚུལ་མ་མཐུན་པ་དང་ཁ་མ་འཆམ་ས་ཡོང་སྲིད་ཀྱང་། མ་མཐུན་པ་གང་འདྲ་ཞིག་བྱུང་བ་ཡིན་ན་ཡང་དེ་འཕྲལ་དུ་སེལ་ཐབས་བྱས་ནས་མཐུན་ལམ་བརྟན་པོ་རྒྱུན་གནས་ཡོང་ཐབས་བྱ་དགོས་པ་འདི་གལ་ཆེན་པོ་རེད། དགེ་རྩ་ཚོགས་པ་དང་གྲྭ་ཚང་གཉིས་ཀྱིས་ད་ལྟའི་བར་དུ་ལས་དོན་ཆེ་ཆུང་ཀུན་གྱི་ཐོག་མཉམ་རུབ་བྱས་ནས་ཡོང་བ་རེད་ལ། མ་འོངས་པར་ཡང་ཕན་ཚུན་མཐུན་ལམ་བརྟན་པོ་དང་གཅིག་ཕན་གཅིག་གྲོགས་ཀྱི་ངོ་བོའི་ཐོག་ནས་ལས་དོན་སྒྲུབ་དགོས་པ་འདི་གལ་ཆེན་པོ་རེད།

 

དགེ་རྩ་ཚོགས་པ་བཙུགས་ནས་ད་བར་ལོ་བཅུ་ལྷག་འགྲོ་བཞིན་ཡོད་ཀྱང་། མ་འོངས་པར་མུ་མཐུད་སྒྲིག་འཛུགས་འདི་བརྟན་པོ་གནས་ཐབས་སུ་ང་ཚོས་ཅི་ཞིག་བྱེད་དགོས་ཀྱི་འདུག འདིའི་ཐོག་ལ་རྣམ་པ་ཚོས་དགོངས་པ་བཞེས་ནས་གྲོས་བསྡུར་བྱ་དགོས་པ་ནི་གལ་ཆེན་པོ་རེད་བསམས།

ཁ་སང་དེ་རིང་ང་ཚོ་ལ་ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་ག་རེ་འཕྲད་ཡོད་པ་རེད་ཅེ་ན། འཛམ་གླིང་སྤྱི་ཡོངས་ལ་ནད་ཡམས་ཀྱི་དབང་གིས་དཔལ་འབྱོར་གྱི་དཀའ་ངལ་འཕྲད་དེ་ལས་ཀ་ཡོངས་རྫོགས་ཉལ་ནས་ཡོད་པ་ནང་བཞིན།ང་ཚོ་ལ་ཡང་འདས་པའི་ལོ་གཉིས་ཀྱི་རིང་ལས་ཀ་ཤུགས་ཆེན་པོ་བྱེད་མ་ཐུབ་པར་ལྷག་ཡོད།ད་ཕྱིན་ཆད་ཀྱི་མ་འོངས་པའི་ལོ་གཉིས་ཀྱི་རིང་ང་ཚོ་ལ་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་ཡོང་གི་རེད་བསམས། དེ་འདྲ་ཡིན་དུས་ང་ཚོར་ཕུག་གསོག་ཕྲན་བུ་ཡོད་པ་དེ་བེད་སྤྱོད་གཏོང་མཁས་པོ་དང་། དཔལ་འབྱོར་བསྲི་ཚགས་བྱ་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད།གཏོང་དགོས་ངེས་ཀྱི་རིགས་ལ་གཏོང་དགོས་ཀྱང་གཏོང་མི་དགོས་སའི་རིགས་ལ་བསྲི་ཚགས་བྱ་དགོས་ཀྱི་འདུགཆེན་པོ་ཞིག་གི་ཐོག་ལ་བསྲི་ཚགས་བྱེད་ཐུབ་མིན་མི་ཤེས་ཀྱང་། ཆུང་ཚགས་ཀྱི་ཐོག་ལ་བསྲི་ཚགས་བྱ་དགོས་པ་འདི་གལ་ཆེན་པོ་རེད། དཔེར་ན།སྒོར་མོ་གཅིག་གིས་སྒོར་མོ་བརྒྱ་ཐམ་པ་གཏོར་གྱི་ཡོད།སྒོར་མོ་བརྒྱ་ཡིས་སྒོར་མོ་སྟོང་གཏོར་གྱི་ཡོད།དེ་འདྲ་ཡིན་དུས་སྒོར་མོ་གཅིག་གིས་སྒོར་མོ་བརྒྱ་ཐམ་པ་སྐྱོབ་ཐུབ་ཀྱི་ཡོད་པ་དང་། སྒོར་མོ་བརྒྱ་ཡིས་སྒོར་མོ་སྟོང་སྐྱོབ་ཐུབ་ཀྱི་ཡོད་དུས་ཆུང་ས་ནས་སྲི་ཚགས་བྱ་དགོས་པ་འདི་གལ་ཆེན་པོ་རེད་བསམས། ད་ལོ་ང་ཚོར་དེབ་འགའ་ཤས་པར་སྐྲུན་བྱེད་ཆོག་ཆོག་བྱས་ཏེ་རྩོམ་སྒྲིག་བྱས་ཟིན་པ་འགའ་ཤས་འདུག་ཀྱང་། རྩོམ་སྒྲིག་བྱེད་དགོས་པ་དང་ལས་ཀ་བྱེད་དགོས་པའི་རིགས་བྱས་ཏེ་ལས་ཀ་འཐུས་ཤོར་མེད་པར་བྱས་ནས་པར་སྐྲུན་གནས་སྐབས་རིང་བྱེད་མ་དགོས་པ་བྱས་ན་ཞེས་བཤད་པ་ཡིན།

 

ང་ཚོ་འདིར་འཐུས་མི་གང་འཚམས་ཡོད་པ་རེ་རེ་ལ་ལས་འགན་དམིགས་བསལ་བ་རེ་ཡོད། རིགས་ཤིག་དགོན་པ་གྲྭ་ཚང་གི་འཐུས་མི་བྱས་ནས་ཡོང་གི་ཡོད་པ་དང་། རིགས་ཤིག་ལྷ་སྡེ་ཤོག་ཀ་སོ་སོའི་འཐུས་མི་བྱས་ཏེ་ཡོང་གི་ཡོད།སོ་སོའི་ཁྱབ་ཁོངས་གང་གི་འཐུས་མི་བྱེད་ཀྱི་ཡོད་ན་ཁོངས་དེ་དང་དེེའི་ས་གནས་ས་ཐོག་གི་གནས་སྟངས་ལ་རྒྱུས་ལོན་བྱས་ཏེ་ང་ཚོས་ཤེས་ཐབས་བྱ་དགོས་པ་འདི་གལ་ཆེན་པོ་རེད། དགོན་པ་དང་ཤོག་ཀ་སོ་སོ་ལ་འབྲེལ་བ་བྱེད་པའི་སྐབས་སུ་འཐུས་མི་སོ་སོས་འགན་ཁུར་བླངས་ནས་འབྲེལ་བ་བྱ་དགོས་པ་ནི་གལ་ཆེན་པོ་རེད། དེང་སང་རྒྱ་ནག་གཞུང་གི་སྲིད་བྱུས་ཀྱི་གནས་སྟངས་དབང་གིས་དགོན་པ་དང་ཤོག་ཀ་སོ་སོར་ཐད་ཀར་འབྲེལ་བ་བྱེད་དཀའ་ནའང་། བརྒྱུད་ལམ་སྣ་ཚོགས་ཀྱི་ཐོག་ནས་དགོན་པ་དང་ཤོག་ཀ་སོ་སོའི་ལོ་རྒྱུས་དང་བདེ་སྡུག་གི་གནས་སྟངས་སོགས་ལ་རྒྱུས་ལོན་བྱས་ཏེ་སྤྱི་པའི་སྡིངས་ཆའི་སྟེང་ལ་གནས་ཚུལ་འཁྱེར་ཡོང་དགོས་པ་དང་། ང་ཚོས་མི་མང་གི་བདེ་སྡུག་ཤེས་ཐུབ་པ་དང་དེ་ལ་ང་ཚོས་ལྟ་ཐུབ་པ་ཞིག་བྱ་དགོས་པ་འདི་གལ་ཆེན་པོ་རེད། ཉིན་ཤས་ཀྱི་རིང་ཚོགས་འདུ་ཚོགས་པའི་སྐབས་རྐྱང་པ་མ་ཡིན་པར་འཐུས་མི་ཚོས་རྒྱུན་དུ་དོ་སྣང་བྱས་ཏེ་འགན་ཁུར་ལེན་དགོས། དེ་རིང་འཐུས་མི་གསར་པ་འགའ་ཤས་ཡོད་པ་དེ་དག་གིས་ཀྱང་འཐུས་མིས་འགན་ཁུར་ལེན་སྟངས་དང་སྒྲིག་གཞི་ལ་སློབ་སྦྱོང་བྱ་དགོས་པ་ནི་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་། 

 

སྔོན་མ་ང་ལོ་བདུན་ཅུ་དོན་གྲངས་ཡིན་པའི་སྐབས་སུ་རྗེས་མ་ལོ་བརྒྱད་ཅུ་ཟིན་པ་དང་ང་རྒས་ཡོལ་གཙང་མ་ཞིག་བྱེད་ཀྱི་ཡིན་སྙམ་པ་ཞིག་སེམས་ལ་རྒྱུན་པར་འཁོར་གྱི་ཡོད། དེང་སང་ཨ་མཆོག་གིས་མི་གོ་བ་མ་གཏོགས་གཟུགས་པོའི་གནས་སྟངས་ལ་སྐྱོན་ཆ་ཆེན་པོ་གང་ཡང་མི་འདུག་པས།ཐེ་ཝན་ལ་རྒྱུན་རིང་བསྡད་པའི་སྐབས་སུ་ད་དུང་ཡང་སེམས་ཤུགས་ཡར་འཕར་ནས་རྒྱ་གར་ལ་ཕྱིན་ནས་མ་འོངས་པར་འདི་དང་འདི་བྱེད་དགོས་ཀྱི་འདུག་ཅེས་རོགས་པ་ཚོ་ལ་བཤད་པ་ཡིན། ལོ་སྔ་མའི་དགུན་ཁ་རྡོ་རྗེ་གདན་ལ་ཕྱིན་ཏེ་མ་འོངས་པའི་ལས་འཆར་གོ་སྒྲིག་བྱས་པ་ཡིན། ད་ང་ལོ་བརྒྱད་བཅུ་གྱ་གྲངས་ལ་སླེབས་ཟིན་པ་ཡིན་དུས་ངའི་ལས་འགན་གཙོ་བོ་ནི།ལས་ཀ་ལ་མཇུག་སྐྱོང་ཡག་པོ་བྱས་ཏེ་ལས་བསྡོམས་བརྒྱག་རྒྱུའི་དུས་ལ་སླེབས་ཡོད། ད་དུང་ཡང་ལོ་འགའ་ཤས་རིང་ངས་ལས་བསྡོམས་བརྒྱག་རྒྱུ་དང་ལམ་སྟོན་བྱ་རྒྱུས་མཚོན་པའི་ལས་ཀའི་ཐོག་ངས་ཧུར་ཐག་འབད་ཐག་བྱ་རྒྱུའི་སེམས་ཤུགས་ཆེན་པོ་ཡོད་ལ། ཁྱེད་ཚོ་ཡིན་ན་ཡང་མ་འོངས་པར་མུ་མཐུད་ཧུར་ཐག་འབད་ཐག་བྱེད་རོགས་བྱོས་ཞེས་ཞུ་འདོད་བྱུང་།

 

ཡིན་ནའང་ད་ཆ་ལོ་བརྒྱད་ཅུ་གྱ་གྲངས་ཟིན་པ་ཡིན་དུས་རིམ་གྱིས་ལས་ཀ་ཐམས་ཅད་རྩིས་སྤྲོད་དགོས་པའི་དུས་ལ་སླེབས་ཡོང་གི་རེད། རྣམ་པ་ཚོས་ངའི་ལས་ཀ་ཆ་ཚང་རྩིས་ལེན་ཐུབ་པའི་ནུས་པ་ཡོད་པ་ཞིག་ད་ལྟ་ནས་བཟོ་དགོས། ངས་ལས་ཀ་རྩིས་སྤྲོད་བྱེད་ས་ཁྱེད་ཚོ་ཡིན་པ་མ་གཏོགས་དེ་ལས་གཞན་པ་ཕྱི་ལོགས་ནས་ཁྲིད་ཡོང་རྒྱུ་སུ་ཡང་མེད།ཁྱེད་ཚོས་མི་རེ་ངོ་རེ་ནས་ལས་ཀ་རྩིས་ལེན་ཐུབ་ངེས་ཤིག་དང་ལས་ཀ་བྱེད་ཐུབ་མཁན་ཞིག་ཡོང་བར་ད་ལྟ་ནས་འབད་བརྩོན་དང་གྲ་སྒྲིག་བྱ་དགོས་པ་འདི་གལ་ཆེན་པོ་རེད།

 

མ་འོངས་པར་བོད་ནང་དུ་ཀིརྟིའི་དགེ་རྩ་ཚོགས་པའི་འགན་འཛིན་གྲོས་ཚོགས་ཚོགས་ཐུབ་པའི་དབང་དུ་བྱས་ན།འགན་འཛིན་གྲོས་ཚོགས་ཀྱི་འཐུས་མི་བཞི་བརྒྱ་ལྔ་བརྒྱ་ཡོད་པའི་གྲོས་ཚོགས་ཆེན་པོ་ཞིག་ཆགས་རྒྱུ་རེད། ད་ལྟའི་གནས་སྐབས་སུ་རྒྱ་གར་ནང་དུ་ང་ཚོ་ལ་ནུས་པ་ཆེན་པོ་མེད་ཀྱང་མ་འོངས་པའི་ལས་འགན་དེ་ང་ཚོ་ཆ་ཚང་ལ་འཁྲི་ཡི་ཡོད།

 

ཁྱེད་ཚོ་རྒན་པ་རྣམས་རྒྱ་གར་ལ་སླེབས་ནས་ལོ་མང་པོ་ཕྱིན་ཡོད་དུས་༸རྒྱལ་བ་རིན་པོ་ཆེས་བཀའ་སློབ་ག་རེ་གནང་གི་ཡོད་པ་དང།བོད་གཞུང་གིས་ལས་དོན་གང་འདྲ་བྱས་ནས་སྒྲུབ་ཀྱི་ཡོད་མེད་བཅས་གསལ་པོ་ཤེས་མཁན་ཞིག་ཡིན་དུས། ༸རྒྱལ་བ་རིན་པོ་ཆེས་བཀའ་སློབ་གནང་བའི་དགོངས་དོན་ལྟར་མ་འོངས་པར་སྒྲིག་འཛུགས་འདི་མང་གཙོ་ཡང་དག་པ་ཞིག་གི་ཐོག་ལ་ཁྲིད་ཐུབ་ཐབས་སུ་ང་ཚོ་ཡོངས་རྫོགས་ཀྱིས་འགན་བླངས་ཏེ་འབད་བརྩོན་བྱ་དགོས་པ་རེད་ལ།མི་རེ་རེའི་ངོས་ནས་གྲ་སྒྲིག་རེ་བྱ་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད།

 

དེ་རིང་འགན་འཛིན་གྲོས་ཚོགས་ཀྱི་ལས་རིམ་ནང་འཐུས་མི་སྒེར་པའི་བསམ་འཆར་གྱི་རིགས་ཉུང་ཉུང་རེད་འདུག ཚོགས་འདུ་མ་ཚོགས་པའི་གོང་ནས་འཐུས་མི་རེ་རེས་བསམ་བློ་ཞིབ་ཚགས་བཏང་སྟེདོན་ཚན་འདི་དང་འདིའི་ཐོག་ལ་སྐད་ཆ་བཤད་ཀྱི་ཡིན་སྙམ་པའི་གྲ་སྒྲིག་ཡོད་པའི་ཐོག་ནས་ཚོགས་འདུ་ལ་ཡོང་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་རེད། དེ་འདྲ་མ་བྱུང་ན་མང་གཙོའི་འགྲོ་ལམ་ཙམ་མ་གཏོགས་ཕན་ཐོགས་ཆེན་པོ་ཡོང་དཀའ།འཐུས་མི་རྣམས་ཀྱིས་མ་འོངས་པར་ཚོགས་འདུའི་ཐོག་སྤྱི་པ་ལ་ཕན་པའི་གྲོས་གཞི་གང་མང་འདོན་དགོས་པ་འདི་གལ་ཆེན་པོ་རེད། ཡིན་ན་ཡང་རང་གིས་བཏོན་པའི་གྲོས་གཞིའི་ཐོག་མ་ཕྱིན་པ་ཡིན་ནའང་དེ་ལ་ཨུ་ཚུགས་བྱ་དགོས་པ་དང་ཁོང་ཁྲོ་ལངས་དགོས་པའི་རྒྱུ་མཚན་ཡང་མེད། དེ་ཡང་མང་གཙོའི་འགྲོ་སྟངས་ཤིག་རེད། གང་ལྟར་མང་གཙོ་ཡང་དག་པ་ཞིག་གི་ཐོག་ལ་འགྲོ་ཨེ་ཐུབ་བལྟ་དགོས་པ་གལ་ཆེན་པོ་རེད།

ཁ་སང་ངས་བལྟ་བའི་སྐབས་རྣམ་པ་ཚོ་མང་ཆེ་བ་རྒས་ཁོགས་ལྟ་བུར་ཆགས་ཡོང་གི་འདུག རྣམ་པ་ཚོ་མང་ཆེ་བ་ང་དང་མཉམ་དུ་སྐྱིད་སྡུག་མཉམ་གཤིབ་བྱས་ཏེ་རྒས་ཁོག་ལ་ཆགས་པ་འདི་གཟི་བརྗིད་ཆེན་པོ་རེད། ད་ལྟའི་བར་དཀའ་ལས་བརྒྱབ་པ་ནང་བཞིན་མ་འོངས་པར་ཡང་མུ་མཐུད་དཀའ་ལས་བརྒྱག་རོགས་ཞེས་ཞུ་རྒྱུ་ཡིན།ཐུགས་རྗེ་ཆེ། (ཕྱི་ལོ་༢༠༢༢ལོའི་ཟླ་༤ཚེས་༢༢)

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.