2022.6.15 1 ༄༅།། ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་སྐུ་ཞི་བར་གཤེགས་ནས་ལོ་ངོ་ ༦༦༠ འཁོར་བའི་རྗེས་དྲན་མཛད་སྒོ་དང་། རིས་མེད་དུས་འཁོར་བགྲོ་གླེང་ཆེན་མོ་ལ་ཕེབས་པའི་མཁས་པ་རྣམ་པ་ལྷན་རྒྱས་ལ་ཐོག་དང་པོ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

                འདི་གའི་བགྲོ་གླེང་ཆེན་མོའི་ཉིན་གཉིས་པའི་བགྲོ་གླེང་ཚོགས་འདུའི་སྐུ་མགྲོན་ལ་ཡོང་རོགས་ཞེས་མགྲོན་ཤོག་འབྱོར་བྱུང་། མགྲོན་འབོད་ཀྱི་ཡི་གེ་འབྱོར་བའི་སྐབས་བགྲོ་གླེང་དང་འབྲེལ་བའི་གནད་དོན་ཐོག་ང་ལ་དམིགས་བསལ་ཕན་ཐོགས་ཡོད་པ་ཞུ་རྒྱུ་གང་ཡང་མེད། ཡིན་ནའང་རྣམ་པ་ཚོའི་བགྲོ་གླེང་ཡག་པོ་ཡོང་བ་དང་། དེང་སང་ཇོ་ནང་བའི་བསྟན་པ་ཉམས་དམའ་བོ་ཡོད་པའི་སྐབས་ལ་རྒྱབ་སྐྱོར་གྱི་ཚུལ་དུ་ང་ཡོང་གི་ཡིན་ཅེས་ཞུས་པ་ཡིན། རྣམ་པ་ཚོར་མཐུན་རྐྱེན་མང་པོ་ཞིག་འཛོམས་ཐུབ་ཀྱི་ཡོད་མེད་ཀྱི་སྐུ་ངལ་ལ་མ་ལྟོས་པར་བགྲོ་གླེང་ཆེན་མོ་འདི་འདྲ་ཞིག་གོ་སྒྲིག་གནང་ཐུབ་པ་དེ་ཤིན་ཏུ་ཡག་པོ་རེད། མ་འོངས་པར་ཡང་འདི་ལས་ལྷག་པའི་བགྲོ་གླེང་ཡག་པོ་དེ་འདྲ་གོ་སྒྲིག་གནང་ཐུབ་པའི་རེ་བ་ཞུ་ཡི་ཡོད།

                དེ་རིང་གི་བགྲོ་གླེང་ཚོགས་སྟངས་དེ་གཞན་དང་མ་འདྲ་བར་ཆོས་བརྒྱུད་སོ་སོའི་མཁས་པ་རྣམས་གདན་འདྲེན་ཞུས་ཏེ། མདུན་འཇོག་གཅིག་གི་སྟེང་ལ་མཁས་པའི་དགོངས་ཚུལ་མ་འདྲ་བ་ཡོངས་རྫོགས་གཅིག་ཏུ་སྤུངས་ཐུབ་པ་ཞིག་གནང་འདུག་པས། རྣམ་པ་ཚོས་བགྲོ་གླེང་གོ་སྒྲིག་གནང་སྟངས་དེ་ཤིན་ཏུ་ཡག་པོ་བྱུང་འདུག མཁས་པ་མཁས་པའི་ནང་དུ་མཛེས། །ཞེས་གསུངས་པ་བཞིན་མཁས་པའི་གསུང་བཤད་རྣམས་ཀྱིས་ཕན་ཐོགས་པོ་དང་ནུས་པ་ཐོན་པ་ཡག་པོ་ཡོང་གི་རེད།

                དཔྱད་ན་དགོངས་པ་གཅིག་ཏུ་འབབ། །ཅེས་ནམ་རྒྱུན་གསུང་སྲོལ་ཡོད་པ་ལྟར། བོད་ཀྱི་ཆོས་བརྒྱུད་མ་འདྲ་བ་ཡོངས་རྫོགས་སྟོན་པ་གཅིག་གི་རྗེས་འབྲངས་ཀྱི་བསྟན་པ་ཡིན་དུས། རྣམ་པ་ཚོས་དཔྱད་བསྡུར་གནང་བའི་སྐབས་མཐར་ཐུག་གི་དགོངས་པ་གཅིག་ཏུ་འབབ་དགོས་པ་ནི་དངོས་ཡོད་གནས་ཚུལ་རེད། ༸རྒྱལ་བ་རིན་པོ་ཆེས་རྒྱུན་དུ་དཔྱད་ན་དགོངས་པ་གཅིག་ཏུ་འབབ་ཀྱི་རེད་ཅེས་གསུངས་ཏེ། བོད་ཀྱི་ཆོས་བརྒྱུད་ཡོངས་རྫོགས་ཀྱི་མཐར་ཐུག་གི་དགོངས་པ་གཅིག་ཏུ་བསྒྲུབས་གནང་གི་ཡོད་དུས། རྣམ་པ་ཚོས་བགྲོ་གླེང་གནང་བའི་སྐབས་ཆོས་བརྒྱུད་སོ་སོའི་བར་གྱི་མི་མཐུན་པའི་ཕྱོགས་ཀྱི་འགལ་བ་གཙོ་བོ་མི་འཛིན་པར། མཐུན་པའི་ཕྱོགས་ལ་འབབ་ཚུལ་གཙོ་བོར་བཟུང་ནས་གསུང་བཤད་གནང་བ་ཡིན་ན་འབབ་ས་གཅིག་གི་ཐོག་ལ་འབབ་ཐུབ་པའི་ཕན་ཐོགས་ཤིག་ཏན་ཏན་ཡོང་གི་རེད་བསམས།

                བོད་ལ་ཆོས་བརྒྱུད་མ་འདྲ་བ་སྣ་ཚོགས་ཡོད་པ་རེད་ལ་མཁས་པ་སོ་སོ་ལ་ཡང་བཞེད་ཚུལ་མ་འདྲ་བ་སྣ་ཚོགས་ཡོད། ཡིན་ནའང་ཆོས་བརྒྱུད་མ་འདྲ་བ་དང་། དགོན་སྡེ་མ་འདྲ་བ། བླ་མ་མ་འདྲ་བ་དེ་དག་ཡོངས་རྫོགས་ཀྱི་དགོངས་པ་གཅིག་ཏུ་མཐུན་པ་ཞིག་བྱུང་བ་ཡིན་ན། ཆོས་བརྒྱུད་དེའི་རྗེས་འབྲངས་ཀྱི་བླ་མ་དང་སློབ་མ། དེ་བཞིན་དུ་སྡེ་པ་དང་གྲོང་པ་ཕན་ཚུན། བསྟན་པའི་སྦྱིན་བདག་དང་བཅས་པའི་བར་ལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་བ་ལ་ཕན་ཐོགས་ཆེན་པོ་ཞིག་ཡོང་གི་ཡོད། དེ་ལྟར་བྱུང་བ་ཡིན་ན་བོད་ཁམས་སྤྱི་ལ་བདེ་སྐྱིད་ཡོང་བར་རང་བཞིན་གྱིས་ཕན་ཐོགས་ཆེན་པོ་ཞིག་ཡོང་གི་འདུག ལྷག་པར་དུ་ཆོས་ཕྱོགས་ནས་ནང་ཁུལ་མཐུན་ལམ་དམ་ཚིག་གཙང་མ་ཞིག་བྱུང་བ་ཡིན་ན། ཆབ་སྲིད་ཀྱི་ཕྱོགས་ནས་བོད་མི་ཡོངས་རྫོགས་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་རྒྱུ་ཡིན་པ་ནི་ཆོས་ཉིད་ལྟ་བུ་ཡིན་དུས། ཆོས་བརྒྱུད་སོ་སོའི་མཐར་ཐུག་གི་དགོངས་པ་གཅིག་ཏུ་གཏན་ལ་འབེབས་པ་ལ་བགྲོ་གླེང་ལ་ཆེད་དུ་ཕེབས་པའི་མཁས་པ་རྣམས་ཀྱིས་རྣམ་དཔྱོད་བཏོན་ནས་གསུང་བཤད་གནང་རོགས་ཞེས་སྙན་སེང་ཞུ་འདོད་བྱུང་།

2022.6.15 2 2022.6.15 3

                ཀུན་མཁྱེན་དོལ་པོ་པ་སངས་རྒྱས་རྟོན་པ་བཞི་ལྡན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་མཆོག་སྐུ་ཞི་བར་གཤེགས་ནས་ལོ་ངོ་ ༦༦༠ འཁོར་བའི་ལོ་ཡུན་རིང་པོ་འདིའི་ནང་ལ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། བོད་ཀྱི་བསྟན་པ་ལ་མཛད་རྗེས་ཆེན་པོ་བཞག་པ་དེ་དག་ད་ལྟའི་བར་རྒྱུན་གནས་ཐུབ་པ་ཞིག་བྱུང་ཡོད། རྣམ་པ་ཚོར་ད་ལྟའི་ཆར་མི་གྲངས་ཉུང་ཉུང་མ་གཏོགས་མེད་ནའང་། ད་ཕྱིན་ཆད་ཁོང་རྣམ་པའི་མཛད་པའི་རྒྱུན་བསྐྱངས་ནས་བསྟན་པ་དར་སྤེལ་དང་རྒྱུན་གནས་ཐུབ་པར་བྱ་དགོས་པ་ནི་རྣམ་པ་ཚོ་ལ་འགན་འཁྲི་དམིགས་བསལ་བ་ཞིག་ཡོད།

                དེང་སང་ཇོ་ནང་བའི་བསྟན་པའི་ཐོག་དངོས་སུ་འགན་བཞེས་མཁན་གྱི་མིའི་གྲངས་ཁ་ཉུང་ངུ་དང་མཁས་པ་མང་པོ་མེད་པ་སོགས་གང་ཅིའི་ཐད་ནས་ཕྲན་བུ་ཉམས་དམའ་བའི་སྐབས་ཡིན། བསྟན་པ་རྒྱུན་འཛིན་དར་སྤེལ་བྱ་བ་ནི་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་དགོས་པ་མ་གཏོགས། རྒྱུ་བཅའ་ལག་དང་དགོན་པ་རྫིག་པོ་ཡོད་པ་ཙམ་གྱི་ཐོག་ནས་བསྟན་པ་འཛིན་ཐུབ་ཀྱི་མེད། རྣམ་པ་ཚོས་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་མཛད་པ་ལོ་དྲུག་བརྒྱ་ལྷག་རིང་གནས་པ་དེ་བསྐྱར་དུ་དར་སྤེལ་མཛད་ནས་ཉམས་ལེན་གྱི་གྲུབ་འབྲས་གཞན་ལ་སྟོན་རྒྱུ་ཡོད་པ་ཞིག་གནང་ཐུབ་དགོས་པ་ནི་ཤིན་ཏུ་ནས་གལ་ཆེན་པོ་རེད། འདིའི་ཐོག་ལ་སྒོམ་གྲྭའི་ནང་གི་སྒོམ་བརྒྱག་མཁན་ཚོ་ཡིན་ནའང་ཉམས་བཞེས་གནང་ནས་གྲུབ་འབྲས་གཞན་ལ་སྟོན་ཐུབ་པ་ཞིག་བྱུང་བ་ཡིན་ན། སངས་རྒྱས་ཀྱི་བསྟན་པ་ཡུན་དུ་གནས་པ་ལ་ནུས་པ་ཆེན་པོ་ཞིག་ཐོན་གྱི་རེད།

                དེང་སང་མི་ཐོག་གསར་རྙིང་བརྗེ་འགྲོ་ཡི་ཡོད་པ་རེད་ལ། ལྷག་པར་དུ་བོད་ཀྱི་མཁས་པའི་མི་ཐོག་གསར་རྙིང་བརྗེ་འགྲོ་ཡི་ཡོད། ཇོ་ནང་བ་ལ་ད་ལྟ་མཁས་པ་མང་པོ་ཞིག་བཞུགས་མེད་པའི་དུས་ཚོད་ཉག་ཕྲ་བའི་སྐབས་ཤིག་ལ་འཁེལ་ཡོད་དུས། རྣམ་པ་ཚོས་དུས་སྐབས་འདི་འདྲ་ཞིག་ལ་དོན་དམ་པའི་ཇོ་ནང་བའི་བསྟན་པ་རྒྱུན་གནས་དར་འཕེལ་ཡོང་བ་ལ་དམིགས་ཀྱིས་བཀར་ནས་སྐུ་ལས་བསྐྱོན་དགོས་པ་དེ་ཤིན་ཏུ་གལ་ཆེན་པོར་གྱུར་ཡོད། ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་ཕེབས་པ་ནས་བཟུང་སྟེ་འདིའི་ཐོག་ཤུགས་བསྐྱོན་གྱི་ཡོད་པའི་རྣམ་པ་ཞིག་ངས་མཐོང་སོང་། རྣམ་པ་ཚོས་དོན་དམ་པའི་ནང་གི་ཆོས་ཚུལ་ངོ་མ་དེའི་ཐོག་ལ་ཤུགས་བསྐྱོན་དགོས་པ་དེ་ཤིན་ཏུ་ནས་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་།

                སྔོན་མ་རྒྱལ་ཚབ་རིན་པོ་ཆེ་ཁྲི་སྟོན་གྱི་མཛད་སྒོའི་ཐོག་ལ་ཡང་ང་བཅར་བ་ཡིན། ཀིརྟི་ཚང་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་ང་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་ཡིན། སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་ཇོ་ནང་གི་དགོན་པ་ཞིག་གི་ནང་ལ་ཐེངས་དང་པོ་འགྲོ་མཁན་དེ་ཕལ་ཆེར་ང་ཡིན་རྒྱུ་རེད། ཕྱི་ལོ་ ༡༩༨༤ ལོར་ང་བོད་ནང་དུ་འགྲོ་བའི་སྐབས་ཨ་མདོ་རྔ་པའི་ཙི་ནང་དགོན་པས་ཡོང་རོགས་ཞེས་རེ་འདུན་གནང་བ་བཞིན་ཕྱིན་པ་ཡིན་ལ། ཁོ་རང་ཚོའི་ངོས་ནས་ཀྱང་ང་ལ་ལྷག་བསམ་རྣམ་དག་གིས་སྣེ་ལེན་ཞུས་ཏེ་ཇོ་ནང་གི་སྒྲུབ་ཁང་རང་གི་ནང་དུ་གདན་འདྲེན་ཞུས་སོང་། སྐབས་དེར་ངས་ཁོང་ཚོར་ཇོ་ནང་གི་བསྟན་པ་ཉག་ཕྲ་བའི་སྐབས་འདིར་བསྟན་པ་རྒྱུན་འཛིན་དང་དར་སྤེལ་ཁྱེད་ཚོའི་ངོས་ནས་གནང་དགོས་པ་རེད་ཅེས་རེ་འདུན་ཞུས་མྱོང་། དེ་བཞིན་དུ་རྔ་པའི་ཕྱོགས་ཀྱི་ཇོ་ནང་གི་དགོན་པ་ཡོངས་རྫོགས་ཀྱི་ནང་དུ་ཡོང་རོགས་ཞེས་རེ་འདུན་གནང་གི་འདུག་པ་ལྟར་ཡོངས་རྫོགས་ལ་བཅར་བ་ཡིན། ང་ཕྱིན་པ་དེས་ཕན་ཐོགས་ཀྱང་ཕྲན་བུ་རེ་བྱུང་སོང་། དཔེར་ན། འབྲོག་དགེ་དགོན་པའི་བླ་བྲང་གཉིས་འདུ་ཁང་བཞེངས་སའི་ས་ཆའི་ཐོག་ཐུགས་མ་མཐུན་པའི་རྐྱེན་གྱིས་འདུ་ཁང་བཞེངས་མ་ཐུབ་པར་ལྷག་བསྡད་འདུག་པས། ངས་དེ་ལྟར་མ་བྱེད་ཅེས་ཕྱོགས་གཉིས་ལ་བསླབ་བྱ་བྱས་ཏེ་འདུ་ཁང་བཞེངས་སའི་ས་མིག་གསར་པ་ཞིག་གཏན་འབེབས་བྱས་པ་ཡིན། རྗེས་སུ་ས་ཆ་གསར་པ་དེའི་ཐོག་འདུ་ཁང་བཞེངས་ཐུབ་པ་བྱུང་སྟེ་དགོན་པ་ཡོངས་རྫོགས་དམ་ཚིག་མཐུན་པོའི་ཐོག་ནས་མཉམ་དུ་གནས་ཐུབ་པ་བྱུང་ཡོད།

                སྔ་མོ་རྔ་པ་ཀིརྟི་དགོན་པར་ཡར་འགྲོ་མར་འགྲོ་བྱེད་པའི་སྐབས་བསེ་དགོན་པའི་རྒྱབ་ལོགས་ཀྱི་ལམ་ཁ་ནས་འགྲོ་དགོས་ཀྱི་ཡོད་ཀྱང་ཡ་བྱེད་ཀྱི་མེད་དུས་གནའ་སྔ་མོ་ང་བསེ་དགོན་པའི་ནང་ལ་འགྲོ་མྱོང་མེད། ཕྱི་ལོ་ ༡༩༨༤ ལོར་བོད་ནང་དུ་འགྲོ་བའི་སྐབས་བསེ་དགོན་པས་གདན་འདྲེན་ཞུས་པར་མ་ཟད། བསེ་དགོན་པའི་བླ་མ་རྣམ་པ་གཉིས་ཀས་ད་ཕྱིན་ཆད་དགོན་པ་གོང་འོག་གཉིས་ཀའི་མཐུན་ལམ་ཡག་པོ་ཡོང་བ་ལ་རིན་པོ་ཆེས་ཐུགས་འགན་བཞེས་རོགས་གནང་། ང་ཚོས་ཀྱང་འབད་བརྩོན་བྱེད་ཀྱི་ཡིན་ཅེས་གསུངས་ཏེ་ཤིན་ཏུ་ཡག་པོ་གནང་གི་འདུག།དུས་དེ་ནས་བཟུང་སྟེ་རྔ་པ་ཀིརྟི་དགོན་པ་དང་བསེ་དགོན་པའི་བར་གྱི་མཐུན་ལམ་ཤིན་ཏུ་ཡག་པོར་གནས་ཐུབ་ཡོད། ཨ་མདོ་རྔ་པ་ཁུལ་གྱི་ཀིརྟི་དགོན་པ་དང་ཇོ་ནང་དགོན་ཁག་བར་གྱི་འབྲེལ་བ་ཤིན་ཏུ་ཡག་པོར་གྱུར་ཡོད།

                དགོན་སྡེ་ཁག་གི་འབྲེལ་བ་ཡག་པོ་བྱུང་བ་ཡིན་ན། དགོན་པའི་ལྷ་སྡེ་ཚོའི་བར་གྱི་འབྲེལ་བ་དང་མཐུན་ལམ་རང་བཞིན་གྱིས་ཡག་པོ་ཡོང་བ་ལ་ཕན་ཐོགས་ཡོང་གི་འདུག།ལྷ་སྡེ་ཚོའི་བར་གྱི་འབྲེལ་བ་དང་མཐུན་ལམ་ཡག་པོ་བྱུང་བ་ཡིན་ན། བོད་ཁམས་སྤྱི་ཡོངས་ཀྱི་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་བ་ལ་ཕན་ཐོགས་ཡོང་གི་འདུག སྤྱི་པའི་ཐོག་ལ་མཐུན་ལམ་དགོས་ཀྱི་འདུག་ཅེས་བཤད་པ་མ་གཏོགས་ས་ཁུལ་སོ་སོའི་བར་གྱི་མཐུན་ལམ་ཡོང་ཐབས་ལ་དོ་སྣང་མ་བྱས་པ་ཡིན་ན། སྤྱི་པའི་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཞེས་པ་དེ་ཡོང་ཐབས་མེད་པ་ཞིག་རེད། མཛུབ་མོ་ལྔ་བཅིངས་ཁུར་ཚུར་ཞེས་བཤད་སྲོལ་ཡོད་པ་ལྟར་ས་ཁུལ་སོ་སོ་ནས་མཐུན་ལམ་ལ་ཤུགས་རྒྱག་དགོས་པ་འདི་གལ་ཆེན་པོ་རེད།

                ལྟ་བའི་ཐོག་ནས་ཇོ་ནང་གི་གཞན་སྟོང་ཆེན་མོ་ཟེར་གྱི་ཡོད་དུས་གློ་བུར་དུ་བལྟས་པ་ཡིན་ན། མིང་གི་ཐོག་ནས་བཞེད་སྲོལ་མ་འདྲ་བ་ཞིག་ཡིན་པའི་མཐོང་ཚུལ་ཡོང་མཁན་ཡོད་པ་རེད་ལ། དེ་ལྟར་གསུང་མཁན་ཡང་ཡོང་གི་ཡོད་པ་རེད། དཔྱད་ན་དགོངས་པ་གཅིག་ཏུ་འབབ་པའི་ཐོག་ནས་གཞན་སྟོང་ཆེན་མོ་དེ་ཡང་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ལམ་མ་ནོར་བ་ངོ་མ་ཞིག་ཡིན་དུས། དངོས་ཡོད་གནས་ཚུལ་ལ་བོད་ཀྱི་ཆོས་བརྒྱུད་ཡོངས་རྫོགས་མཐར་ཐུག་གི་དགོངས་པ་གཅིག་ཏུ་འབབ་ཀྱི་ཡོད་པ་ལྟར། འདི་དག་ཡོངས་རྫོགས་དགོངས་པ་གཅིག་ཏུ་སྒྲུབ་པ་ལ་ཇོ་ནང་གི་རྒྱལ་ཚབ་རིན་པོ་ཆེས་དབུས་པའི་བགྲོ་གླེང་ལ་ཕེབས་པའི་མཁས་པ་རྣམས་ཀྱིས་རྣམ་དཔྱོད་ཀྱི་རྩལ་བཏོན་ནས་གསུང་བཤད་རིམ་པས་གནང་རོགས་ཞེས་ངའི་ངོས་ནས་རེ་འདུན་ཞུ་རྒྱུ་ཡིན།

                དཔལ་རྒྱལ་བ་ཇོ་ནང་གི་བསྟན་པ་འདི་དར་རྒྱས་ཡུན་གནས་ཡོང་བ་ལ། བོད་ནང་དུ་ས་ཁུལ་མ་འདྲ་བ་སྣ་ཚོགས་ལ་ཇོ་ནང་གི་དགོན་པ་མང་པོ་ཡོད་པ་དེ་དག་གིས་ཧུར་ཐག་འབད་ཐག་གནང་དགོས། ལྷག་པར་དུ་དཔལ་དུས་ཀྱི་འཁོར་ལོའི་ཐོག་ལ་ཇོ་ནང་བ་ཚོར་ཉམས་བཞེས་གནང་སྟངས་ཐུན་མོང་མ་ཡིན་པ་དམིགས་བསལ་བ་ཞིག་ཡོད་པ་དེའི་རྒྱུན་མ་ཆད་པར་དར་སྤེལ་གནང་དགོས་པ་ནི་ཤིན་ཏུ་ནས་གལ་ཆེན་པོ་ཡིན་དུས། རྣམ་པ་ཚོ་ཡོངས་རྫོགས་ཀྱིས་འདིའི་ཐོག་ལ་འབད་བརྩོན་གནང་རོགས་ཞེས་བགྲོ་གླེང་འདི་བརྒྱུད་ནས་རེ་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༦ ཚེས་ ༡༥ ཉིན།

ཉིན་དེའི་སྐུ་པར་རྒྱས་པ་འདིར་ཡོད་པས་དགྱེས་གཟིགས་འཚལ།

               

               

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.