2022.6.31༄༅།། ང་ཚོ་ཕ་ཡུལ་གཅིག་པ་རྔ་པ་མི་མང་དང་དེ་རིང་ཡང་བསྐྱར་འཛོམས་རྒྱུ་བྱུང་བར་ཤིན་ཏུ་དགའ་པོ་བྱུང་བས་རྣམ་པ་ཚོ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ཐེངས་ང་ཨ་རི་ལ་ཡོང་བ་ཐེངས་གསུམ་པ་དེ་ཡིན། སྔ་ཕྱི་བྱས་ནས་ང་ཚོ་ཡོངས་རྫོགས་ཐུག་རྒྱུའི་གོ་སྐབས་བྱུང་ཡོད། དེ་རིང་ཡང་བསྐྱར་ང་ཚོ་ཡོངས་རྫོགས་མཉམ་འཛོམས་ཐུབ་པར་དགའ་པོ་བྱུང་།

 

སྔོན་མ་ང་ཐེངས་དང་པོ་ཨ་རིར་ཡོང་བའི་སྐབས་ང་ཚོའི་ཕ་ཡུལ་གཅིག་པའི་རྔ་པ་མི་གྲངས་ཉུང་ཉུང་མ་གཏོགས་མེད། སྐབས་དེར་མང་ཆེ་བ་འཚོ་བ་དང་ཡིག་ཆ་སོགས་ཀྱི་ཐོག་ནས་དཀའ་ངལ་ཡོད་པའི་སྐབས་ཤིག་ལ་འཁེལ་ཡོད། རིམ་པས་ཁྱེད་ཚོའི་འཚོ་བའི་གནས་སྟངས་ཡར་རྒྱས་སུ་ཕྱིན་པ་དང་ཡིག་ཆའི་དཀའ་ངལ་སེལ་ནས་དེང་སང་ཡོངས་རྫོགས་ལ་དཀའ་ངལ་མེད་པར་ཤིན་ཏུ་ཡག་པོར་ཆགས་ཐུབ་ཡོད། ཁ་སང་ང་གནམ་ཐང་ལ་འབྱོར་བའི་སྐབས་ཁྱེད་ཚོ་རླངས་འཁོར་སུམ་ཅུ་ནང་ཞིག་ཕེབས་བསུ་ལ་འབྱོར་འདུག་ཟེར། འདིའི་སྟེང་ནས་ཁྱེད་ཚོའི་འཚོ་བ་དང་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་ཕྱིན་ཡོད་པ་མཚོན་གྱི་ཡོད། དེང་སང་ཁྱེད་ཚོའི་འཚོ་བ་དང་དཔལ་འབྱོར་གནས་སྟངས་གང་ཅིའི་ཐད་ནས་ཡར་རྒྱས་འགྲོ་བཞིན་པའི་སྐབས་ཤིག་ལ་འཁེལ་འདུག བོད་པའི་ཁྱིམ་ཚང་རེ་རེ་བྱས་ནས་ཡར་རྒྱས་ཕྱིན་པ་ཡིན་ན། བོད་སྤྱི་པའི་གནས་སྟངས་དེ་རང་བཞིན་གྱིས་ཡར་རྒྱས་འགྲོ་རྒྱུ་ཡིན་དུས།དེ་རིང་ཁྱེད་ཚོའི་གནས་སྟངས་མཐོང་བའི་སྐབས་ང་ཤིན་ཏུ་དགའ་པོ་བྱུང་།

 

གོང་དུ་རྣམ་པ་ཚོའི་ངོས་ནས་སྙན་སེང་གནང་བ་ལྟར།འདི་གར་ཕྲུ་གུ་གསར་པ་མང་པོ་སྐྱེས་ཡོད་པ་དང་། ཕྲུ་གུ་དེ་དག་གཟའ་མཇུག་གི་བོད་པའི་སློབ་གྲྭ་ཁག་ཏུ་གཏོང་བཞིན་ཡོད་པ་དང་། བོད་པའི་སྐད་ཡིག་གི་ཐོག་ལ་ཡིན་ནའང་ཕ་མ་དང་ཕྲུ་གུ་ཡོངས་རྫོགས་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་ཤུགས་བརྒྱག་གི་ཡོད་པའི་སྐོར་གསུང་གི་འདུག དེ་བཞིན་དུ་མདོ་སྨད་པ་སྤྱི་པའི་ཚོགས་ས་དང་། བོད་སྤྱི་པའི་ཚོགས་ས་གང་འདྲ་ཞིག་ཏུ་ཡིན་ནའང་སྤྱི་མཚུངས་ཀྱིས་ཆ་ཤས་བླངས་ཏེ་གང་ཐུབ་ཐུབ་ཀྱིས་ཡག་པོ་བྱེད་ཀྱི་ཡོད་ཅེས་བཀའ་གནང་གི་འདུག་པས་ཤིན་ཏུ་དགའ་པོ་བྱུང་།

 

བོད་མི་ཡོངས་རྫོགས་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་བ་ལ་ཆུང་ས་ཁྱིམ་ཚང་དང་ས་གནས་རེ་རེ་ནས་བཟུང་སྟེ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་བྱས་པ་ཡིན་ན།བོད་མི་ཡོངས་རྫོགས་རང་བཞིན་གྱིས་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་གི་རེད། ད་ལྟའི་བར་དུ་ཁྱེད་ཚོ་རྡོག་རྩ་ཆིག་སྒྲིལ་བྱས་ཏེ་ཡོད་པ་ལྟར་ད་ཕྱིན་ཆད་ཡིན་ནའང་རྣམ་པ་ཚོས་བོད་ཆོལ་ཁ་གསུམ་ཡོངས་རྫོགས་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་བའི་ཐབས་ལ་ཧུར་ཐག་འབད་ཐག་གནང་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན།

 

ང་ཕྱི་ལོ་ ༡༩༨༤ ལོར་བོད་ནང་ལྟ་སྐོར་དུ་ཕྱིན་པ་ཡིན།སྐབས་དེར་ལྷ་སར་ཡོད་མཁན་གྱི་ཨ་མདོ་རྔ་པའི་མི་ཕལ་ཆེར་དེ་རིང་འདི་ལ་ཡོད་རྒྱུ་མ་རེད་བསམས། སྐབས་དེར་ང་ལྷ་སའི་གཙུག་ལག་ཁང་དུ་འགྲོ་བའི་སྐབས་གཙུག་ལག་ཁང་གི་ལས་བྱེད་ཚོ་དང་། དཀོར་གཉེར་སོགས་འགན་ཡོད་པའི་ལས་བྱེད་པ་རྣམས་ཀྱིས། ཨ་མདོ་རྔ་པ་ཚོ་ཤིན་ཏུ་ཡག་པོ་ཡོད།ཨ་མདོ་རྔ་པ་ཚོས་བོད་སྤྱི་པའི་ལས་དོན་ཐོག་ཞབས་འདེགས་ཡག་པོ་ཞུ་ཡི་འདུགལྷག་པར་དུ་གཙུག་ལག་ཁང་དུ་རྟེན་བཞེངས་དང་ལྷ་ཁང་ཉམས་གསོ་བྱ་རྒྱུ་སོགས་ཀྱི་ཐོག་ཤུགས་བརྒྱག་མཁན་ཤིན་ཏུ་ཡག་པོ་ཡོད་ཅེས་ཁོང་ཚོས་ང་ལ་གསུང་གི་འདུག

 

ང་བོད་ནང་ལྟ་སྐོར་དུ་འགྲོ་བའི་སྐབས་དེར་རྣམ་པ་སྒེར་པའི་གཉེན་འཕྲད་ཀྱི་རྣམ་པ་ཡིན་པ་གང་ཞིག་ལ།ནང་དོན་བོད་གཞུང་གི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་ཕྱིན་པ་ཡིན། སྐབས་དེར་བོད་སྤྱི་པའི་ལས་དོན་སྣ་ཚོགས་སྒྲུབ་པའི་སྐབས། ཨ་མདོ་རྔ་པ་རྣམས་དང།གཙུག་ལག་ཁང་གི་ལས་བྱེད་རྣམ་པ། གདན་ས་ཁག་གི་ལས་བྱེད་བཅས་ཀྱི་བར་མཐུན་ལམ་དང་འབྲེལ་བ་ཤིན་ཏུ་ཡག་པོ་འདུག ཁོང་ཚོའི་བར་འབྲེལ་བ་དང་མཐུན་ལམ་ཡག་པོ་ཡོད་དུས་ལས་དོན་ཅི་ཞིག་བསྒྲུབས་ཀྱང་དཀའ་ཚེགས་མེད་པར་ཤིན་ཏུ་ཡག་པོ་འགྲུབ་ཐུབ་པ་བྱུང་སོང་། དཔེར་ན། གཙུག་ལག་ཁང་དུ་རབ་གནས་ཆེན་མོ་བསྐྱར་གསོ་ཞུ་རྒྱུ་དང་། ལྷ་མོའི་བླ་མཚོ་ལ་འགྲོ་རྒྱུ་ལ་སོགས་པ་ལས་དོན་ཡོངས་རྫོགས་ལ་ཨ་མདོའི་རྔ་པ་ཚོས་རོགས་པ་ཤིན་ཏུ་ཡག་པོ་གནང་བྱུང་། སྐབས་དེར་ཨ་མདོ་རྔ་པ་ཚོ་ཤིན་ཏུ་ཡག་པོ་ཡོད་ཅེས་མི་ཡོངས་རྫོགས་ཀྱིས་བཤད་ཀྱི་འདུག ད་ལྟ་ལ་ཐུག་གི་བར་དུ་ཨ་མདོ་རྔ་པའི་མིང་ཡག་པོ་ཞིག་གི་ཐོག་ལ་གནས་ཐུབ་ཡོད།

 

དེ་ཙམ་མ་ཟད་བོད་སྤྱི་པའི་ཐོག་དཀའ་ངལ་ཤུགས་ཆེན་པོ་འཕྲད་པའི་སྐབས་ཨ་མདོ་རྔ་པའི་ནང་གི་མི་མང་པོ་ཞིག་གིས་རང་སྲོག་བློས་བཏང་གིས་བོད་སྤྱི་པའི་ཞབས་འདེགས་ཞུས་ཏེ། བོད་པ་ཡོངས་རྫོགས་ཀྱིས་ཨ་མདོ་རྔ་པ་ནི་གཞན་དང་མི་འདྲ་བར་བོད་སྤྱི་པའི་ལས་དོན་ཐོག་སེམས་ཤུགས་ཆེན་པོ་ཡོད་མཁན་ཞིག་ཡིན་ཅེས་ངོས་འཛིན་ཡག་པོ་ཡོད་པ་དང་ཆེ་མཐོང་ལྡན་པ་ཞིག་བྱུང་ཡོད། སྔ་ནས་ད་བར་དུ་ཨ་མདོ་རྔ་པ་ཡོངས་རྫོགས་ཀྱིས་ཧུར་ཐག་འབད་ཐག་གནང་བསྡད་ཀྱི་འདུག ད་ཕྱིན་ཆད་ཡིན་ནའང་རྣམ་པ་ཚོས་ཨ་མདོ་རྔ་པའི་མཚན་སྙན་གྲགས་ཡག་པོ་ཡོད་པ་དེ་བརྫད་དུ་མ་བཅུག་པར་(བཙོག་པ་མ་བྱས་པའི་དོན།)ཧུར་ཐག་འབད་ཐག་གནང་རོགས་ཞེས་ངའི་ངོས་ནས་རེ་འདུན་ཞུ་རྒྱུ་ཡིན།

 

ཁྱེད་ཚོ་ནང་ཁུལ་ནས་ཕན་ཚུན་གཅིག་གིས་གཅིག་ལ་བོད་སྤྱི་པའི་ལས་དོན་ཐོག་ང་ཚོས་དཀའ་ལས་མཉམ་དུ་བརྒྱག་རྒྱུ་དང་། ཡ་རབས་སྤྱོད་བཟང་བྱ་རྒྱུ་ཡིན་ཞེས་བསླབ་བྱ་བརྒྱག་དགོས་པ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་།

 

ཨ་རི་ལ་གསར་དུ་སྐྱེས་པའི་བུ་ཕྲུག་མང་པོ་ཞིག་ཡོད་དུས་ཕྲུ་གུ་དེ་དག་བོད་སྐད་ཡག་པོ་ཤེས་པ་ཞིག་དང་། བོད་པ་ངོ་མ་ཞིག་ཡོང་བའི་ཐབས་ལ་ཁྱེད་ཚོས་ཤུགས་བརྒྱག་དགོས། གཙོ་བོ་དེ་ཕྲུ་གུའི་ཕ་མ་གཉིས་ཀྱིས་ཤུགས་བརྒྱག་དགོས། ཕ་མ་གཉིས་ཀྱིས་ཁྱིམ་ཚང་གི་ནང་རྒྱུན་དུ་བོད་སྐད་གཙོ་བོ་བྱས་ནས་བཤད་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་རེད། སློབ་གྲྭའི་ནང་དུ་ཉིན་རེར་ཚིག་མང་པོ་ཤེས་མི་ཐུབ་ཀྱང་། རྒྱུན་དུ་ཁྱིམ་ཚང་ནང་བོད་སྐད་གཙོ་བོ་བྱས་ཏེ་བཤད་བསྡད་པ་ཡིན་ན། ཕྲུ་གུ་ཚོས་བོད་སྐད་ཀྱི་ཚིག་གསར་པ་མང་པོ་ཞིག་དཀའ་ངལ་མེད་པར་རང་བཞིན་གྱིས་ཤེས་འགྲོ་ཡི་རེད། ཕ་མ་སོ་སོའི་ངོས་ནས་ཀྱང་བོད་ཀྱི་སྐད་དང་ཡི་གེ་ལ་རྒྱུན་དུ་སློབ་སྦྱོང་བྱ་དགོས་པ་དེ་གལ་ཆེན་པོ་རེད་བསམས། ཕ་མ་ཚོ་ལ་བོད་ཀྱི་སྐད་ཡིག་གི་ཤེས་ཚད་ཅི་ཙམ་ཡག་པོ་ཡོད་དེའི་ཚོད་ཀྱིས་ཕྲུ་གུ་ཚོ་ལ་ཡང་བོད་ཀྱི་སྐད་ཡིག་གི་ཤེས་ཚད་ཡག་པོ་འགོ་ཐུབ་ཀྱི་ཡོད་དུས། ཁྱེད་ཚོ་ཕ་མ་རྣམས་ཀྱིས་རྒྱུན་དུ་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་བྱ་དགོས་པ་འདི་གལ་ཆེན་པོ་རེད། ཕ་མ་ཚོས་རྒྱུན་དུ་བོད་ཀྱི་སྐད་ཡིག་ལ་གང་ཐུབ་ཀྱིས་སློབ་སྦྱོང་བྱས་པ་ཡིན་ན། བུ་ཕྲུག་ཚོའི་སེམས་ལ་བོད་ཀྱི་སྐད་དང་ཡི་གེ་འདི་སྦྱང་དགོས་པ་ཞིག་རེད་འདུག ང་ཚོའི་ཕ་མ་ཚོས་རྒྱུན་དུ་བོད་ཀྱི་སྐད་ཡིག་སྦྱོང་གི་འདུག་སྙམ་པའི་མིག་ལྟོས་བཟང་པོ་འཇོག་ཐུབ་པ་ཞིག་རང་བཞིན་གྱིས་ཡོང་གི་རེད།

 

ལྷག་པར་དུ་ཕ་མ་ན་གཞོན་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་དོ་སྣང་བྱས་ཏེ་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་བྱ་རྒྱུའི་ཐད་ཤུགས་བརྒྱག་དགོས། ཕྲུ་གུ་ཚོས་ལུང་པ་འདི་ནས་དབྱིན་ཇིའི་སྐད་ཡིག་རང་བཞིན་གྱིས་ཤེས་ཡོང་གི་རེད། ལུང་པ་འདིའི་ནང་དབྱིན་ཇིའི་སྐད་ཡིག་མ་ཤེས་པའི་དཀའ་ངལ་འཕྲད་ཀྱི་མ་རེད་བསམས། བུ་ཕྲུག་རྣམས་བོད་ཡིག་དང་བོད་སྐད་གཏན་ནས་མི་ཤེས་མཁན་ཞིག་ཏུ་ཆགས་རྒྱུའི་ཉེན་ཁ་ཞིག་ཡོད་དུས། ཁྱེད་ཚོས་བོད་ཀྱི་སྐད་ཡིག་ཐོག་ལ་ཤུགས་བརྒྱག་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད་ཅེས་ངས་རེ་འདུན་ཞུ་རྒྱུ་ཡིན།

 

 

ཁྱེད་ཚོ་ནང་ཁུལ་འཆམ་མཐུན་གྱི་ངང་ནས་གནས་ཐུབ་ཀྱི་ཡོད་པ་དེ་ངས་གསལ་པོ་ཤེས་ཀྱི་འདུག མ་འོངས་པར་ཡིན་ནའང་རྣམ་པ་ཚོ་འཆམ་མཐུན་གྱི་ངང་ནས་གནས་ཐུབ་པ་གནང་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༦ ཚེས་ ༣༠ ཉིན།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.