2022.6.29 1༄༅།། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དམིགས་བསལ་ཅན་གྱི་མཛད་སྒོའི་ཐོག་ཆིབས་བསྒྱུར་བསྐྱངས་པའི་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་རྣམ་པ་གཉིས་དང་། ཚོགས་པ་ཁག་གི་སྐུ་ཚབ་རྣམ་པས་གཙོས་སྐུ་མགྲོན་རྣམ་པ། བྱང་ཨ་རིའི་མདོ་སྨད་ས་གནས་རྒྱུན་ལས་ཀྱི་ཚོགས་གཙོ་དང་ལས་བྱེད་པ་རྣམ་པས་གཙོས་པའི་མདོ་སྨད་མི་མང་ཡོངས་རྫོགས་ལ། ངས་ཐོག་དང་པོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

 

བྱང་ཨ་རིའི་ས་གནས་ཀྱི་མདོ་སྨད་པ་རྣམས་ཀྱིས་༸རྒྱལ་བ་རིན་པོ་ཆེའི་འཁྲུངས་སྐར་དུས་ཆེན་འདི་ལོར་དམིགས་བསལ་གྱིས་སྲུང་བརྩི་གནང་བ་འདི་ཤིན་ཏུ་དགེ་མཚན་ཆེན་པོ་ཡོད་པ་ཞིག་རེད་བསམས། མཚམས་རེར་འདི་ལྟར་༸རྒྱལ་བ་རིན་པོ་ཆེའི་འཁྲུངས་སྐར་དམིགས་བསལ་གྱིས་སྲུང་བརྩི་ཞུས་པ་ཡིན་ན། ༸རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་རྗེས་སུ་དྲན་པ་དང་། ༸རྒྱལ་བ་རིན་པོ་ཆེའི་ཆོས་སྲིད་ཀྱི་མཛད་རྗེས་ཁག་ཧ་གོ་བ་དང་དོན་རྟོགས་པ་ཞིག་ཡོང་རྒྱུ་ཡིན་ལ།༸རྒྱལ་བ་རིན་པོ་ཆེའི་མཛད་པ་དང་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་༸རྒྱལ་བ་རིན་པོ་ཆེའི་བཀའ་གསུང་ཅི་སྒྲུབ་ཞུ་ཐུབ་པར་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམས།

 

ལྷག་པར་དུ་བོད་མི་ཡོངས་རྫོགས་ཀྱིས་༸རྒྱལ་བ་རིན་པོ་ཆེར་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་རེད། ༸རྒྱལ་བ་རིན་པོ་ཆེས་སྐུ་ལས་ག་ཚད་བསྐྱོན་ཡོད་མེད་ངས་དེ་རིང་རེ་རེ་བཞིན་ཞུ་མ་དགོས་པར་རྣམ་པ་ཚོས་མཁྱེན་གསལ་ལྟར་རེད། ལྷག་པར་དུ་དེ་རིང་སྐུ་ངོ་རྣམ་པ་གཉིས་ཀྱིས་༸རྒྱལ་བ་རིན་པོ་ཆེའི་མཛད་པ་ཁག་ཞིབ་ཅིང་ཕྲ་བར་བཀའ་གནང་གྲུབ་པ་རེད། ༸རྒྱལ་བ་རིན་པོ་ཆེ་དགུང་ལོ་བརྒྱད་ཅུ་གྱ་བདུན་ལ་ཕེབས་པའི་བར་དུ་བོད་སྤྱི་པའི་བསྟན་སྲིད་ཀྱི་དོན་དང་། འཛམ་གླིང་སྤྱི་ལ་ཞི་བདེ་ཡོང་བའི་དོན་དུ་སྐུ་ལས་ཚད་མེད་བསྐྱོན་པ་རེད། ད་ལྟ་ཡིན་ན་ཡང་བོད་ཀྱི་བསྟན་སྲིད་དང་འཛམ་གླིང་ཞི་བདེའི་དོན་དུ་སྐུ་ལས་བསྐྱོན་དང་སྐྱོན་བཞིན་པ་རེད། ཞེ་ས་མ་ཞུས་ན་སྐུའི་གཡས་གཡོན་ནས་མི་གཉིས་ཀྱིས་བསྐྱོར་ནས་ཕེབས་དགོས་པའི་གནས་སྟངས་ཀྱི་འོག་ནས་ཡིན་ནའང་མུ་མཐུད་བོད་ཀྱི་བསྟན་སྲིད་དང་འཛམ་གླིང་ཞི་བདེའི་དོན་དུ་སྐུ་ལས་བསྐྱོན་གྱི་ཡོད་པ་ནི་ཀུན་གྱིས་མཇལ་རྒྱུ་ཡོད་པ་འདི་རེད། ང་ཚོ་༸རྒྱལ་བ་རིན་པོ་ཆེའི་རྗེས་འཇུག་སློབ་མ་ཞིག་ཡིན་པའི་ཆ་ནས་༸རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་༸རྒྱལ་བ་རིན་པོ་ཆེས་བཀའ་སློབ་སྔ་ཕྱི་མང་པོ་གནང་ཡོད་པ་དེ་དག་གི་དགོངས་དོན་ཁག་དངོས་སུ་ལག་བསྟར་ཞུ་དགོས་པ་ནི་ང་ཚོ་ཡོངས་རྫོགས་ཀྱི་འགན་རེད། བཀའ་སློབ་ཉན་པ་ཙམ་དུ་མ་བཞག་པར་བཀའ་སློབ་ཀྱི་ནང་དོན་ཞིག་རང་གི་ལག་ལེན་དུ་འཁེལ་ཐུབ་པ་ཞུ་དགོས་པ་ནི་ཤིན་ཏུ་ནས་གལ་ཆེན་པོ་རེད།

 

༸རྒྱལ་བ་རིན་པོ་ཆེས་ཁྱིམ་ཚང་རེ་རེའི་ནང་གི་ཉིན་རེ་འཚོ་བ་སྐྱེལ་སྟངས་ནས་བཟུང་སྟེ་ཆོས་སྲིད་གཉིས་ཐད་ལ་བཀའ་སློབ་འདི་མ་གནང་བྱ་བ་ཞིག་མེད།  ༸རྒྱལ་བ་རིན་པོ་ཆེས་བཀའ་སློབ་གནང་བ་བཞིན་མི་རེ་རེའི་ངོས་ནས་ལག་ལེན་དུ་བསྟར་བ་ཡིན་ན། རང་གི་ཚེ་འདི་ཕྱི་གཉིས་ཀ་ལ་དེ་ལྷག་པའི་དགེ་བ་དང་བྱ་བ་བཟང་པོ་ཞིག་བྱ་རྒྱུ་མེད་པ་ཡིན་དུས། ༸རྒྱལ་བ་རིན་པོ་ཆེས་བཀའ་སློབ་གནང་བ་རྣམས་ཉིན་རེའི་འཚོ་བའི་ནང་ལག་ལེན་འཁེལ་ཐབས་གནང་རོགས་ཞེས་སྙན་སེང་ཞུ་འདོད་བྱུང་།

 

བྱང་ཨ་རིའི་མདོ་སྨད་ས་གནས་རྒྱུན་ལས་རིམ་པ་གསུམ་གྱིས་སྔ་ཕྱི་བྱས་ནས་༸རྒྱལ་བ་རིན་པོ་ཆེའི་འཁྲུངས་སྐར་དུས་ཆེན་ལ་ཡོང་རོགས་ཞེས་བཀའ་གནང་བྱུང་ཡང་ད་ཐེངས་མ་གཏོགས་བཅར་ཐུབ་པ་བྱུང་མེད།  ད་ཐེངས་འདིར་བཅར་བའི་སྐབས་ང་ལ་བཀའ་སློབ་ལམ་སྟོན་གནང་རོགས་གསུང་གི་འདུག་ཀྱང།  ང་ལ་དམིགས་བསལ་གྱིས་བཀའ་སློབ་ལམ་སྟོན་ཞུ་རྒྱུ་གང་ཡང་མི་འདུག ད་ལོའི་ལོ་འདི་ལ་མཚོན་ན་དཔལ་ལྡན་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་རྣམ་པ་ཚོ་ཨ་རིའི་ས་གནས་གང་སར་ཕེབས་ཏེ། འདས་མ་འོངས་ད་ལྟ་གསུམ་གྱི་བོད་སྤྱི་པའི་ཆབ་སྲིད་ཀྱི་གནས་སྟངས་གང་ཅིའི་ཐད་ནས་བཀའ་སློབ་སྔ་ཕྱི་རིམ་པ་མང་པོ་གནང་དང་གནང་བཞིན་པ་དང་། བཀའ་སློབ་གནང་བའི་སྐབས་དྲི་བ་ཞུ་མཁན་ཡང་མང་པོ་བྱུང་སོང་། ཁོང་རྣམ་པས་བཀའ་སློབ་གང་གནང་བ་དེ་དག་ཐུགས་ལ་བཞག་ན་དེ་ལས་ལྷག་པའི་ང་ལ་བཀའ་སློབ་ལམ་སྟོན་ཞུ་རྒྱུ་གང་ཡང་མི་འདུག

ཡིན་ནའང་། གལ་པོ་ཆེ་ལ་ནན་ཏན་དང་། དམ་པའི་ཆོས་ལ་བརྒྱ་ཚར།ཞེས་པའི་དཔེ་ལྟར་གལ་ཆེན་པོ་དང་རྒྱུན་དུ་སེམས་ལ་ན་བསྡད་པའི་ཚིག་འགའ་ཤས་ཤིག་རྣམ་པ་ཚོར་ཞུ་འདོད་བྱུང་། 

 

༸རྒྱལ་བ་རིན་པོ་ཆེས་རྒྱུན་དུ། རེ་བ་བཟང་ས་ནས་བརྒྱབ།གྲ་སྒྲིག་སྡུག་ས་ནས་བྱོས།ཞེས་བཀའ་གནང་གི་ཡོད་པ་ལྟར། ང་ཚོ་ཡོངས་རྫོགས་ཀྱིས་༸རྒྱལ་བ་རིན་པོ་ཆེའི་སྐུ་ཐོག་འདིའི་རིང་བོད་ལ་བདེ་སྐྱིད་ཅིག་ཡོངས་བའི་རེ་བ་བཟང་ས་ནས་བརྒྱབ་དགོས་པ་རེད། ཡིན་ནའང་གལ་སྲིད་ང་ཚོའི་མི་ཐོག་འདི་ལ་བོད་ཀྱི་བདེན་མཐའ་མ་གསལ་བ་ཡིན་ན་ང་ཚོས་གྲ་སྒྲིག་ག་རེ་བྱེད་དགོས་ཀྱི་ཡོད་མེད་ཐད་བསམ་བློ་གཏོང་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད།

 ད་ལྟ་ཨ་རི་ལ་ཡོད་པའི་མི་ཐོག་རྒན་པ་རྣམས་ལ་རང་རང་གི་བུ་ཕྲུག་ཚ་རྒྱུད་དེ་དག་བསྐྱངས་ནས་བོད་པ་ངོ་མ་ཞིག་ཏུ་གསོ་སྐྱོང་བྱ་དགོས་པའི་འགན་འཁྲི་ཆེན་པོ་ཡོད། བོད་མི་གཞོན་སྐྱེས་འདི་དག་མ་འོངས་པར་བོད་ཀྱི་བདེན་དོན་འཐབ་རྩོད་བྱེད་ཐུབ་མཁན་ཞིག་དང་། བོད་ཀྱི་རྩ་དོན་སྒྲུབ་ཐུབ་མཁན་ཞིག་ཏུ་གསོ་སྐྱོང་གནང་དགོས། ང་ཚོ་རྒན་པ་རྣམས་ཕྱི་མ་ལ་འགྲོ་བའི་སྐབས་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་རྒྱུན་སྐྱོང་བྱེད་ཐུབ་མཁན་གྱི་མི་ཐོག་གསར་པ་ཞིག་ཡོད་སྙམ་པའི་ཡིད་ཆེས་བྱེད་ཐུབ་ས་ཞིག་ཏུ་སྐྱེད་སྲིང་བྱ་དགོས་པའི་འགན་གཙོ་བོ་ཁྱེད་རྣམ་པ་ཚོ་ལ་ཡོད་པ་རེད། ཁྱེད་ཚོ་ཨ་རིར་ཐོག་མར་འབྱོར་བའི་སྐབས་ལྟོ་གོས་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཡོད་ཀྱང་། དེང་སང་སྤྱི་ཡོངས་ཀྱི་ཆ་ནས་དཀའ་ངལ་དེ་དག་སེལ་ཟིན་པ་ཡིན་དུས། རང་གི་མི་རབས་ཕྱི་མ་རྣམས་སྲ་ཐག་ཐག་གི་བོད་མི་ཞིག་ཏུ་གསོ་སྐྱོང་བྱ་དགོས་པའི་འགན་འཁྲི་དམིགས་བསལ་བ་ཞིག་ཁྱེད་ཚོའི་ཕྲག་ཏུ་བབས་ནས་ཡོད། འདིའི་ཐོག་རྣམ་པ་ཚོས་ད་བར་དུ་ཤུགས་བསྐྱོན་གྱི་ཡོད་པ་རེད་ལ། མ་འོངས་པར་མུ་མཐུད་ནས་ཤུགས་བསྐྱོན་རོགས་ཞེས་སྙན་སེང་ཞུ་རྒྱུ་ཡིན།

 

སྐད་ཡིག་གི་ཐོག་ནས་ཡིན་ནའང་བོད་ཀྱི་སྐད་དང་ཡི་གེ་ཡག་པོ་ཤེས་མཁན་གྱི་བོད་ཀྱི་མི་མི་རབས་གསར་པ་ཞིག་གསོ་སྐྱོང་བྱ་དགོས་པའི་འགན་འཁྲི་གཙོ་བོ་དེ་ཁྱེད་ཚོར་ཡོད་པ་རེད། གཟའ་མཇུག་སློབ་གྲྭ་ཆེ་ཆུང་སྣ་ཚོགས་བཙུགས་ཏེ་རང་རང་སོ་སོའི་ངོས་ནས་འབད་བརྩོན་ལྷོད་མེད་གནང་གི་འདུག་ཀྱང་། ད་དུང་དེ་ལས་ལྷག་པ་ཞིག་ཡོང་བའི་དོན་དུ་རྣམ་པ་ཚོ་ཡོངས་རྫོགས་ཀྱིས་ཤུགས་བསྐྱོན་དགོས་ཀྱི་འདུག་ཅེས་ཞུ་འདོད་བྱུང་།

 

ཨ་རིའི་ནང་གི་བུ་ཕྲུག་རྣམས་སློབ་གྲྭ་ཡག་ཤོས་ཁག་ཏུ་གཏོང་ཐུབ་པའི་གོ་སྐབས་དམིགས་བསལ་བ་ཞིག་ཡོད། སློབ་གྲྭ་ཡག་ཤོས་ཀྱི་ནང་དུ་སློབ་སྦྱོང་བྱེད་བཅུག་ནས་མ་འོངས་པར་བོད་སྤྱི་པའི་ལས་དོན་སྒྲུབ་ཐུབ་མཁན་གྱི་མི་གསོ་སྐྱོང་བྱེད་པའི་གོ་སྐབས་ཡག་ཤོས་ཤིག་རྣམ་པ་ཚོའི་ལག་ཏུ་ཡོད་དུས། རང་རང་གི་བུ་ཕྲུག་ཨ་རིའི་ནང་གི་སློབ་གྲྭ་ཡག་ཤོག་ཁག་ཏུ་བཏང་ནས་མ་འོངས་པར་ཤེས་ཡོན་གྱི་ཐོག་ནས་བོད་སྤྱི་པའི་ལས་ཀ་བྱེད་ཐུབ་མཁན་ཞིག་ཡོང་བའི་དོན་དུ་རྣམ་པ་ཚོས་ཤུགས་བསྐྱོན་དགོས་པ་རེད། དེང་སང་ས་གནས་འགའ་ཤས་སུ་བོད་པའི་བུ་ཕྲུག་གིས་ཤེས་ཡོན་གྱི་རྩེ་ཕུད་ཐོན་པ་རེད་ཅེས་པའི་སྐད་ཆ་གོ་རྒྱུ་འདུག་པ་ནི་ཤིན་ཏུ་གཏམ་བཟང་རེད། རྣམ་པ་ཚོ་ཡོངས་རྫོགས་ཀྱིས་བུ་ཕྲུག་གི་ཤེས་ཡོན་སློབ་སྦྱོང་ཐོག་ལ་མུ་མཐུད་ནས་ཤུགས་བསྐྱོན་དགོས་པ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་། 

 

དེ་བཞིན་དུ་བོད་མི་རིགས་ལ་ཡོད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་ཡ་རབས་སྤྱོད་བཟང་རེད། ང་ཚོས་ཡ་རབས་སྤྱོད་བཟང་བརླག་སོང་བ་ཡིན་ན་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་རིན་ཐང་བརླགས་སོང་བ་རེད་ལ།བོད་མི་རིགས་དང་མི་རིགས་གཞན་དག་གི་བར་ལ་ཁྱད་པར་མེད་པ་ལྟ་བུར་གྱུར་སོང་བ་རེད། དེ་ཡིན་དུས་ང་ཚོས་ཡ་རབས་སྤྱོད་བཟང་མ་བརླག་པ་ཞིག་དང་ལྷག་པར་དུ་གཞོན་སྐྱེས་ཚོ་ཡ་རབས་སྤྱོད་བཟང་ལྡན་པ་ཞིག་ཏུ་གསོ་སྐྱོང་ཡོང་ཐབས་བྱ་དགོས་པ་ནི་ཤིན་ཏུ་གལ་ཆེན་པོར་གྱུར་ཡོད། ཉེ་ཆར་བོད་མི་གཞོན་སྐྱེས་འགའ་ཤས་ཀྱིས་སྤྱོད་པ་མ་རབས་བྱས་པའི་གནས་ཚུལ་རེ་ཟུང་གོ་ཡོང་གི་འདུག ད་ཆ་དངོས་གནས་ང་ཚོས་གཟབ་གཟབ་བྱ་དགོས་པའི་དུས་ཤིག་ལ་སླེབས་འདུག་ཅེས་པའི་བརྡ་རྟགས་ལྟ་བུ་རེད་བསམས།རྣམ་པ་ཚོས་བོད་མི་གཞོན་སྐྱེས་རྣམས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡ་རབས་སྤྱོད་བཟང་ལྡན་པ་ཞིག་ཡོང་ཐབས་སུ་རྒྱུན་དུ་འགན་བླངས་ནས་བསླབ་བྱ་གནང་རོགས།

 

ཕ་མ་གཉིས་ཀྱིས་རྒྱུན་དུ་ཁྱིམ་ཚང་ནང་དུ་བོད་སྐད་ཤོད་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་ཞིག་རེད། ང་ཚོ་ལ་བོད་སྐད་སློབ་མཁན་གྱི་དགེ་རྒན་དང་པོ་དེ་ཕ་མ་གཉིས་ཡིན། ཕ་མ་གཉིས་ཀྱིས་བུ་ཕྲུག་ཚོ་ལ་བོད་སྐད་ཚིག་རེ་རེ་བཞིན་བསླབས་པ་རེད། ཕ་མ་གཉིས་ཀྱིས་རྒྱུན་དུ་ཁྱིམ་ཚང་ནང་བོད་སྐད་ཤོད་པ་དང་ཆབས་ཅིག་བོད་མིའི་ཡ་རབས་སྤྱོད་བཟང་གི་གོམས་གཤིས་འདི་བུ་ཕྲུག་ཚོའི་མིག་ལྟོས་ལ་འཇགས་ཐབས་བྱ་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་དུས།རྣམ་པ་ཚོས་འདིའི་ཐོག་ཤུགས་བསྐྱོན་རོགས་ཞེས་ཞུ་རྒྱུ་ཡིན།

 

རྣམ་པ་ཚོ་ཐོག་མར་ཨ་རིར་སླེབས་པའི་སྐབས་འཚོ་བ་དང་སྡོད་གནས་གང་ཅིའི་ཐད་ནས་དཀའ་ངལ་མང་པོ་བྱུང་ཡོད། དེང་སང་སྤྱི་ཡོངས་ཀྱི་ཆ་ནས་དཀའ་ངལ་དེ་དག་སེལ་ཐུབ་པ་བྱུང་ཡོད་དུས། བོད་གཞུང་ལ་དྭངས་བླང་དཔྱ་དངུལ་འབུལ་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད།  མི་རེ་རེ་ངོས་ནས་བྱས་ན་དཔྱ་དངུལ་གྲངས་ཉུང་ཉུང་མ་གཏོགས་མེད་པས་འབུལ་མི་ཐུབ་པའི་དཀའ་ངལ་གཏན་ནས་མེད་ཀྱང་། མི་མང་གིས་ཕུལ་བའི་དཔྱ་དངུལ་གྱིས་བོད་གཞུང་ལ་ཕན་ཐོགས་གང་འཚམས་ཤིག་ཡོང་གི་ཡོད། རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས་བོད་གཞུང་གི་ནང་ལ་ནུས་པ་ཞིག་དང་ཆ་ཤས་ཤིག་ཡོད་པའི་མཚོན་བྱེད་ཙམ་དུ་ཡིན་ནའང་དཔྱ་ཁྲལ་ལག་དེབ་བཞེས་ཏེ་དཔྱ་དངུལ་འབུལ་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་དུས། རྣམ་པ་ཚོ་ཡོངས་རྫོགས་ཀྱིས་དྭངས་བླང་དཔྱ་དངུལ་འབུལ་ཐུབ་ཐབས་སུ་ཤུགས་བསྐྱོན་རོགས་ཞེས་ཞུ་རྒྱུ་ཡིན།

 

བོད་ཆོལ་ཁ་གསུམ་གྱི་མཐུན་ལམ་ནི་གལ་ཆེ་ཤོས་ནང་གི་ཆེ་ཤོས་དེ་ཡིན།རྒྱ་གར་རྒྱ་གར་ལ་ཐེངས་དང་པོ་བཙན་བྱོལ་དུ་འབྱོར་བའི་སྐབས་༸རྒྱལ་བ་རིན་པོ་ཆེའི་བཀའ་གསུང་ཅི་སྒྲུབ་ཞུ་ཡི་ཡིན། བོད་ཆོལ་ཁ་གསུམ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཞུ་རྒྱུ་ཡིན་ཞེས་མནའ་གན་མཐུ་མོ་ཆེ་ཞེས་པ་དེ་བཞག་པ་ནས་བཟུང་སྟེ་ད་ལྟ་ལ་ཐུག་གི་བར་དུ་བོད་རྒྱ་ཆེ་མི་མང་སྤྱི་ཡོངས་ཀྱི་ངོས་ནས་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་གྱི་ངང་གནས་ཐུབ་པ་བྱུང་ཡོད། མཚམས་རེར་བཤད་ཚུལ་གླེང་ཚུལ་མི་མཐུན་པ་རེ་ཡོང་རྒྱུ་ཡིན་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ལྟ་བུ་ཡིན་པས་དེ་ལ་གནད་འགག་ཆེན་པོ་གང་ཡང་མེད། རྒྱ་ཆེ་ས་ནས་བོད་ཆོལ་ཁ་གསུམ་གྱི་ནང་ཁུལ་ལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་ཐབས་བྱ་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་རེད།

 

རྒྱ་ནག་གུང་ཁྲན་ལ་དགོས་པ་ནི་བོད་ཆོལ་ཁ་གསུམ་ནང་ཁུལ་གྱི་ཆིག་སྒྲིལ་དང་མཐུན་ལམ་འཐོར་ཞིག་ཏུ་འགྲོ་དགོས་པ་འདི་རེད། རྒྱ་གུང་ཁྲན་མི་དགའ་ས་གཙོ་བོ་ནི་བོད་ཆོལ་ཁ་གསུམ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་དུ་གནས་པ་དང་། བོད་མི་རྣམས་ཀྱིས་༸རྒྱལ་བ་རིན་པོ་ཆེའི་བཀའ་གསུང་ཅི་སྒྲུབ་བྱེད་པ། བོད་གཞུང་སྲ་བརྟན་དུ་གནས་པ་བཅས་ནི་རྒྱ་ནག་གུང་ཁྲན་མི་དགའ་ས་གཙོ་བོ་དེ་རེད།

 

བོད་ཆོལ་ཁ་གསུམ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་བ་ལ། ཆོལ་ཁ་སོ་སོའི་ངོས་ནས་འགན་ལེན་དགོས། ཆོལ་ཁ་སོ་སོའི་ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་བྱས་པའི་ཐོག་ནས་བོད་ཆོལ་ཁ་གསུམ་ག་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་བ་ལ་འབད་བརྩོན་ཞུ་དགོས་ཀྱི་རེད་ཅེས་ངས་སྔོན་མ་ནས་བཤད་ཀྱི་ཡོད།

 

ལྷག་པར་དུ་མདོ་སྨད་ཆོལ་ཁ་ནི་བོད་མི་ཡིན་པ་ཙམ་མ་ཡིན་པར་ང་ཚོ་༸རྒྱལ་བ་རིན་པོ་ཆེ་དང་ཕ་ཡུལ་གཅིག་པ་དང་། ༸རྒྱལ་བ་རིན་པོ་ཆེའི་སྐུ་རྩ་སྐུ་བདག་ཡིན་པའི་ཆ་ནས་བོད་ཆོལ་ཁ་གསུམ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་ཐབས་བྱ་དགོས་པའི་འགན་འཁྲི་དམིགས་བསལ་བ་ཞིག་བབས་ཡོད་པ་རེད། ༸རྒྱལ་བ་རིན་པོ་ཆེས་རྒྱུན་དུ་བོད་ཆོལ་ཁ་གསུམ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་བྱ་དགོས་པའི་བཀའ་གནང་གི་ཡོད་དུས། ང་ཚོ་༸རྒྱལ་བ་རིན་པོ་ཆེའི་སྐུ་རྒྱབ་ལ་ཡོད་ཅེས་སྤོབས་པ་དང་ལྡན་པའི་ཐོག་ནས་༸རྒྱལ་བ་རིན་པོ་ཆེའི་ཅི་གསུང་བཀའ་སྒྲུབ་ཞུ་བའི་སྤོབས་པ་དང་ལྡན་པ་ཞིག་ཡོད་དགོས་པ་དེ་རེད། ༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་སྔ་ཕྱིར་གནང་བའི་དགོངས་དོན་ལྟར་བོད་ཆོལ་ཁ་གསུམ་ཡོངས་རྫོགས་རྡོག་རྩ་ཆིག་སྒྲིལ་ཡོང་བ་ལ་མདོ་སྨད་ཆོལ་ཁའི་ངོས་ནས་དམིགས་བསལ་གྱིས་འགན་བླངས་ཏེ་ཧུར་ཐག་འབད་ཐག་གནང་རོགས་ཞེས་རེ་འདུན་ཞུ་འདོད་བྱུང་།

 

མཚམས་རེར་ལས་ཀ་བྱེད་སྟངས་ཀྱི་ཐོག་ནས་ནོར་འཁྲུལ་ཕྲན་བུ་ཡོང་གི་འདུག ནོར་འཁྲུལ་འདིའི་རིགས་མང་ཆེ་བ་ནི་དགྲ་དགའ་གཉེན་སྡུག་གིི་ལས་ཀ་ཤ་སྟག་ཡིན་པས་དེ་རྩ་བ་ནས་མི་དགོས་པ་ཞིག་རེད། ནོར་འཁྲུལ་འདི་རིགས་མ་འོངས་པར་མུ་མཐུད་མི་ཡོང་བའི་དོན་དུ། ནོར་འཁྲུལ་ཆེན་པོའི་རིགས་ཆུང་དུ་གཏོང་བ་དང་། ཆུང་ངུའི་རིགས་གཏན་ནས་མེད་པ་ཞིག་ཡོང་ཐབས་བྱ་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན།

 

དེང་སང་གི་གནས་སྟངས་འགའ་ཤས་ལ་བལྟས་པ་ཡིན་ན། རྒྱ་གུང་ཁྲན་གྱིས་ང་ཚོའི་ནང་ལ་སིམ་འཛུལ་བྱེད་ཀྱི་མེད་དམ་སྙམ་པའི་ཚོར་བ་དང་དོགས་པ་ཞིག་ཡོང་གི་འདུག དེ་ཡིན་དུས་ལས་དོན་གང་ཅིའི་ཐོག་བོད་མི་ཡོངས་རྫོགས་ཀྱིས་བརྟག་དཔྱད་དང་དོགས་ཟོན་གནང་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད། གཞུང་སྒེར་གཉིས་ཀའི་ཐོག་ནས་དོགས་ཟོན་མ་བྱས་པར་སྣང་མེད་དུ་བཞག་ན། སིམ་འཛུལ་གྱི་ནུས་པ་དེ་ཤུགས་ཆེན་པོར་འགྲོ་མི་སྲིད་པ་ཞིག་མ་རེད། རྒྱུན་དུ་དོགས་ཟོན་བྱས་པ་ཡིན་ན་སིམ་འཛུལ་གྱི་ནུས་པ་ཤུགས་ཆེན་པོར་མ་གྱུར་པའི་གོང་ནས་མེད་པར་བཟོ་ཐུབ་པ་ཞིག་ཡིན་དུས་རྣམ་པ་ཚོས་རྒྱུན་དུ་དོགས་ཟོན་གནང་རོགས་ཞེས་ཞུ་འདོད་བྱུང་།

 

བོད་གཞུང་ཟེར་ན་འདྲ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་ན་འདྲ། བོད་གཞུང་དགའ་ལྡན་ཕོ་བྲང་ཟེར་ན་རེད། གང་ལྟར་ཡང་བོད་ཕྱི་ནང་གི་བོད་མི་ཡོངས་རྫོགས་ཀྱིས་འདི་ནི་བོད་གཞུང་ཡིན་པ་ལ་ངོས་འཛིན་དང་ཡིད་ཆེས་གཙང་མ་བྱེད་བཞིན་ཡོད། བོད་ཕྱི་ནང་གི་བོད་མི་ཡོངས་རྫོགས་ཀྱིས་ཡིད་ཆེས་ཞུ་སའི་གཞུང་འདི་བརྟན་པོ་གནས་ཐབས་བྱ་དགོས་པ་ནི་ང་ཚོ་ཡོངས་རྫོགས་ལ་འགན་ཡོད་པ་ཞིག་རེད། ༸རྒྱལ་བ་རིན་པོ་ཆེས་ལོ་མང་པོའི་རིང་གཡས་སྐྱོར་གཡོན་སྐྱོར་གནང་ནས་བཙུགས་པའི་གཞུང་འདི་འཐོར་ཞིག་ཏུ་ཕྱིན་པ་ཡིན་ན། ༸རྒྱལ་བ་རིན་པོ་ཆེས་ལོ་མང་པོའི་རིང་སྐུ་ལས་བསྐྱོན་པ་དེ་འཕྲོ་བརླག་ཏུ་ཕྱིན་པ་རེད། བོད་ནང་གི་བོད་རྒྱ་ཆེ་མི་མང་གིས་བོད་གཞུང་འདི་ལ་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད་པ་ཡིན་དུས། གཞུང་འདི་འཐོར་ཞིག་ཏུ་ཕྱིན་པ་ཡིན་བོད་ཕྱི་ནང་གི་རྒྱ་ཆེ་མང་ཚོགས་རེ་བ་དང་ཡིད་ཆེས་ཞུ་སའི་གཞུང་ཞིག་མེད་པར་ཆགས་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད།

བོད་གཞུང་འདི་བརྟན་པོ་ཡོང་བ་ལ་རྣམ་པ་ཚོ་ཡོངས་རྫོགས་ཀྱིས་ཆར་པ་ཆུ་གྲོགས་དང་། ཉི་མ་མེ་གྲོགས་ཞེས་པའི་དཔེ་ལྟར་རང་སོ་སོའི་ངོས་ནས་བོད་གཞུང་བརྟན་པོ་དང་ཚགས་ཚུགས་པོ་ཞིག་ཡོང་ཐབས་བྱ་དགོས་པའི་འགན་འཁྲི་དང་དུ་ལེན་དགོས། བོད་རྒྱ་ཆེ་མི་མང་གིས་བདམས་པའི་གཞུང་གང་འདྲ་ཞིག་སླེབས་པ་ཡིན་ནའང་དེ་ལ་མི་མང་གིས་རྒྱབ་སྐྱོར་གནང་དགོས། གཞུང་འདི་ལ་རྒྱབ་སྐྱོར་ཞུས་པ་ཡིན་ན་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་འགྲུབ་པ་ཞིག་ཡོང་གི་རེད་ལ། བོད་རྒྱ་ཆེ་མི་མང་གིས་རེ་བ་རྒྱག་སའི་བོད་གཞུང་འདི་སྲ་བརྟན་དུ་གནས་ཐུབ་པ་ཞིག་རང་བཞིན་གྱིས་ཡོང་གི་རེད། དེ་ཡིན་དུས་རྣམ་པ་ཚོས་ཧུར་ཐག་འབད་ཐག་གནང་གི་ཡོད་པ་རེད་ལ་མ་འོངས་པར་ཡང་འདིའི་ཐོག་ཤུགས་སྐྱོན་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན།

 

༸རྒྱལ་བ་རིན་པོ་ཆེ་དགུང་ལོ་བརྒྱ་དང་བཅུ་གསུམ་བར་དུ་བཞུགས་རྒྱུ་ཡིན་པའི་ཞལ་བཞེས་བཟང་པོ་གནང་ཡོད་པ་རེད་ལ། དེང་སང་ཡང་རྒྱུན་དུ་ཁོང་དགུང་ལོ་བརྒྱ་ལྷག་བཞུགས་ཐུབ་པར་ཐུགས་འདུན་ཡོད་ཅེས་གསུང་གི་ཡོད། དེ་ལྟར་ཡོང་བ་ལ་རྒྱུ་རྐྱེན་རྟེན་འབྲེལ་ཕུན་སུམ་ཚོགས་པ་མང་པོ་འཛོམས་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་རེད། གཟབ་གཟབ་གནང་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན།

 

བོད་མི་ཡོངས་རྫོགས་ཀྱིས་༸རྒྱལ་བ་རིན་པོ་ཆེའི་ཅི་གསུང་བཀའ་སྒྲུབ་ཞུས་པ་ཡིན་ན་༸རྒྱལ་བ་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་ཞུས་པའི་དོན་གོ་ཆོད་ཀྱི་ཡོད། ༸རྒྱལ་བ་རིན་པོ་ཆེའི་ཅི་གསུང་བཀའ་སྒྲུབ་ཞུ་མ་ཐུབ་ན་འཁྲུངས་སྐར་མཛད་སྒོ་ཚུགས་པ་ཙམ་གྱིས་ཕན་ཐོགས་ཆེན་པོ་དེ་ཙམ་ཡོད་པ་མ་རེད། དེ་རིང་ནས་བཟུང་སྟེ་༸རྒྱལ་བ་རིན་པོ་ཆེའི་གསུང་འདི་དང་འདི་ལག་བསྟར་ཞུ་ཡི་སྙམ་པའི་ཐོག་ནས་རང་སོ་སོའི་ངོས་ནས་དམ་བཅའ་རེ་འཇོག་ཐུབ་དགོས་པ་དེ་གལ་ཆེན་པོ་རེད། དཔེར་ན། ང་ལྟ་བུ་ཡིན་ན་འཇོན་ཐང་ཆེན་པོ་ཡོད་མེད་ལ་མ་ལྟོས་པར་༸རྒྱལ་བ་རིན་པོ་ཆེར་ཞལ་མཇལ་བ་ནས་བཟུང་སྟེ་ད་ལྟ་ལ་ཐུག་གི་བར་དུ་སོ་སོའི་ངོས་ནས་གང་ཐུབ་ཅི་ཐུབ་ཞུས་པའི་ཁུལ་ཡིན། ཁྱེད་ཚོ་སུ་ཡིན་ནའང་དེ་ལྟར་ཞུས་པ་ཡིན་ན་མ་འོངས་པར་རང་ཉིད་རྒས་འཁོགས་ཆགས་པའི་སྐབས། ངའི་མི་ཚེ་འདི་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་དང་མཐུན་པ་ཡག་པོ་བྱུང་སོང་སྙམ་པའི་དགའ་བ་སྒོམ་འོས་པ་ཞིག་ཡོང་ཐུབ་ངེས་ཡིན་དུས། རྣམ་པ་ཚོ་ཡོངས་རྫོགས་ཀྱིས་ཧུར་ཐག་འབད་ཐག་གནང་རོགས་ཞེས་ཞུ་རྒྱུ་ཡིན།ཐུགས་རྗེ་ཆེ།

 

བྱང་ཨ་རིའི་མདོ་སྨད་མི་མང་ནས་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྗེས་ལ་ཆེ་བསྟོད་གསེར་གྱི་གཟེངས་རྟགས་འབུལ་བཞེས་གནང་བའི་རྗེས་ཀྱི་གསུང་བཤད།

 

2022.6.29 2༄༅།། བྱང་ཨ་རིའི་མདོ་སྨད་པ་ཡོངས་རྫོགས་ཀྱི་ངོས་ནས་ང་ལ་གསེར་གྱི་གཟེངས་རྟགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷག་པར་དུ་གཟེངས་བསྟོད་འདི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་ཚོགས་གཞོན་རྣམ་པ་གཉིས་ཀྱི་ཕྱག་བརྒྱུད་ནས་གནང་བ་ལ་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

 

ངའི་ངོས་ནས་དམིགས་བསལ་འཇོན་བཞག་པ་དང་། དམིགས་བསལ་བྱས་རྗེས་བཞག་པ་གང་ཡང་ཡོད་པ་མ་རེད། བོད་གཞུང་དང་བོད་མི་མང་ལ་ཞབས་ཕྱི་ཕྲན་བུ་ཞུས་པ་རེད། བོད་གཞུང་དང་མི་མང་ལ་ཞབས་ཕྱི་ཕྲན་བུ་ཞུ་ཐུབ་པའི་གོ་སྐབས་དེ་ཡང་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེས་གནང་བ་ཞིག་རེད། ངའི་ངོས་ནས་༸རྒྱལ་བ་རིན་པོ་ཆེས་བཀའ་སློབ་གང་གནང་བ་དེ་གང་ཐུབ་ཅི་ཐུབ་ཀྱིས་ལག་བསྟར་ཞུས་དང་ཞུ་བཞིན་པ་ཡིན་ལ། དེ་ལ་བརྟེན་ནས་ཁྱེད་རྣམ་པས་མཐོང་ཆེན་པོ་གནང་བའི་གནས་སྟངས་འདི་བྱུང་བ་རེད། ༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་དང་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ངའི་མི་ཚེ་འདི་བཟང་མཐའ་ལ་འཁྱོལ་བ་ཞིག་བྱུང་བ་རེད། ང་ད་ལོ་ལོ་བརྒྱད་ཅུ་གྱ་གཅིག་ལ་སླེབས་ཡོད། ད་ལྟའི་བར་དུ་༸རྒྱལ་བ་རིན་པོ་ཆེའི་བཀའ་གསུང་ཅི་སྒྲུབ་ཞུ་རྒྱུར་འབད་བརྩོན་ཞུས་པ་ཡིན། རྣམ་པ་ཚོའི་ངོས་ནས་ཡིན་ན་ཡང་གང་ཐུབ་ཅི་ཐུབ་ཀྱིས་༸རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་སྒྲུབ་ཐུབ་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་རེད།

 

རྣམ་པ་ཚོས་བདེན་པ་དང་། དྲང་མོ། མངོན་ལྐོག་མེད་པར་བོད་སྤྱི་པའི་དོན་ལ་བསམ་བློ་བཏང་ནས་ཕྱག་ལས་གནང་ཐུབ་པ་ཡིན་ན་མ་འོངས་པར་མི་ཚེ་བཟང་མཐའ་ལ་འཁྱོལ་བ་ཞིག་ཏན་ཏན་ཡོང་གི་རེད། དེ་འདྲ་ཡིན་དུས་ངས་རྒྱུན་དུ་ཞུ་བཞིན་པ་ལྟར་རྣམ་པ་ཚོས་༸རྒྱལ་བ་རིན་པོ་ཆེའི་བཀའ་གསུང་ཅི་སྒྲུབ་གནང་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན།

 

དེ་རིང་གི་གནས་ཚུལ་འདི་དག་བོད་ནང་དུ་ཡིན་ནའང་ང་ཚོ་དང་འབྲེལ་བ་ཡོད་མེད་ཀྱི་མི་མང་པོ་ཞིག་གིས་དམིགས་བསལ་ཐུགས་སྣང་གནང་གི་ཡོད་པ་རེད་བསམས། བོད་ནང་དུ་བཞུགས་པའི་བོད་རྒྱ་ཆེ་མི་མང་རྣམས་སེམས་ཤུགས་མ་ཆག་པར་སྔར་བཞིན་འབད་བརྩོན་གནང་བ་ཡིན་ན་གྲུབ་འབྲས་ལེགས་པོ་ཞིག་ཏན་ཏན་ཐོན་ངེས་ཡིན་དུས་རྣམ་པ་ཚོས་སེམས་ཤུགས་མ་ཆག་པར་ད་ལྟ་བཞིན་ཧུར་ཐག་འབད་ཐག་གནང་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༦ ཚེས་ ༢༩ ཉིན།

 

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.