2022.8.8 3(བརྟན་བཞུགས་སྔོན་གྱི་གསུང་བཤད།)

 

༄༅།། སྔོན་ལ་བརྟན་བཞུགས་ཀྱི་བྱུང་རིམ་རོབ་ཙམ་ཞིག་སྙན་སེང་ཞུས་ན་རྣམ་པ་ཚོས་གནས་སྟངས་གསལ་པོ་མཁྱེན་པ་ལ་ཕན་ཐོགས་ཡོང་རྒྱུ་ཡིན་པས་དེའི་སྐོར་རོབ་ཙམ་ཞུ་ཆོག་པ་ཞུ་རྒྱུ་ཡིན།

 

དེ་རིང་གི་བརྟན་བཞུགས་ཀྱི་བརྒྱུད་རིམ་ལ་མཚོན་ན། ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ཚེས་ ཉིན་ནི་བོད་རྩིས་ལྟར་ང་ལོ་བརྒྱད་ཅུ་ཐམ་པ་ལོན་པའི་ཚེས་གྲངས་ལ་འཁེལ་གྱི་ཡོད། སྐབས་དེར་ང་ཐེ་ཝན་ནང་ནད་ཡམས་ཀྱི་དབང་གིས་ཟུར་བཀག་ཏུ་བསྡད་ཡོད་ལ། བོད་ནང་དུ་རྒྱ་མིས་དམ་བསྒྲགས་བྱས་ཏེ་རྔ་པ་ཀིརྟི་དགོན་པ་ལྟ་བུ་ལ་མཚོན་ན། གྲྭ་ཕྲུག་ཚོས་ཁ་ཟས་མངར་མོ་ཉོས་ཏེ་ངའི་སྐྱེས་སྐར་སྲུང་བརྩི་བྱ་རྒྱུ་རེད་ཅེས་ཟེར་ནས་ཁ་ཟས་མངར་མོ་བཙོང་སའི་ཚོང་ཁང་ཡོངས་རྫོགས་སྒོ་བརྒྱབ་ཏུ་བཅུག་པར་མ་ཟད། འབྲེལ་ཡོད་དགོན་གྲོང་གཉིས་ཀར་ཤིན་ཏུ་དམ་བསྒྲགས་དང་བཙིར་གནོན་བྱས་ཏེ་དཀའ་ངལ་ཆེན་པོ་སྤྲད་འདུག

དེ་ཕྱིས་ང་ཚུར་རྒྱ་གར་ལ་འབྱོར་བའི་རྗེས་སུ་འབྲེལ་ཡོད་ཚོའི་ངོས་ནས་ང་ལ་གྱ་སྟོན་བྱ་དགོས་པའི་སྐོར་མང་པོ་ཞིག་བཤད་ཡོང་གི་འདུག་པས། ངའི་ངོས་ནས་གྱ་སྟོན་བྱ་རྒྱ་མིན། གྱ་སྟོན་ཞེས་པ་ནི་དགའ་དགའ་སྤྲོ་སྤྲོ་བྱས་ཏེ་སྐྱིད་པོ་བྱ་དགོས་པ་ཞིག་ཡིན་ཡང་། ངའི་གྱ་སྟོན་གྱི་རྐྱེན་པས་འབྲེལ་ཡོད་མི་མང་པོ་ཞིག་ལ་དཀའ་ངལ་སྤྲད་པ་ཡིན་ན་གཏན་ནས་འགྲིག་གི་མི་འདུག གཉིས་ནས་ནད་ཡམས་ཀྱི་དབང་གིས་འཛམ་གླིང་ནང་མི་སྟོང་ཕྲག་མང་པོ་སྡུག་བསྔལ་ལ་སྦྱོར་བསྡད་པ་ཡིན་དུས་གྱ་སྟོན་བྱ་རྒྱུ་དུས་ལ་བབ་པོ་ཞིག་དང་འཚམས་པོ་ཞིག་ཀྱང་ཆགས་ཀྱི་མི་འདུག རྒྱུ་མཚན་འདི་གཉིས་ཀྱི་ཐོག་ནས་གྱ་སྟོན་བྱ་རྒྱུ་མིན་ཞེས་ཡོངས་གྲགས་སུ་བཤད་པ་ཡིན།

 

འབྲེལ་ཡོད་མང་ཚོགས་ཀྱིས་འོ་ན་བརྟན་བཞུགས་རྒྱས་པ་ཞིག་འབུལ་དགོས་ཀྱི་འདུག་ཅེས་བཤད་ཡོང་གི་འདུག་པས། དངུལ་དངོས་ཀྱི་འགྲོ་སོང་ཆེན་པོ་བཏང་བ་ལྟ་བུ་མ་ཡིན་པར་ཆོས་ཕྱོགས་རྐྱང་པའི་ཐོག་ནས་བརྟན་བཞུགས་ཕུལ་བ་ཡིན་ན་མ་འགྲིག་པ་མི་འདུག་ཅེས་བཤད་པ་ཡིན།

 

ལོ་མང་པོའི་གོང་ནས་ངའི་སྐྱེས་སྐར་དང་བསྟུན་ནས་ཕ་ཡུལ་མང་ཚོགས་ཀྱིས་སྲོག་བླུ་དང་སྨན་སྦྱིན། སྦྱིན་གཏོང་གིས་མཚོན་པའི་སྡིག་སྤོང་དགེ་སྒྲུབ། སློབ་ཕྲུག་ཚོ་ལ་སློབ་ཡོན་གྱི་རོགས་རམ། རྒས་གཅོང་ཉམ་ཐག་ཚོ་ལ་འཚོ་གོས་ཀྱི་ཐོག་ནས་རོགས་པ་བྱ་རྒྱུ། མི་མང་གིས་སྤྲོ་སྐྱིད་གཏོང་བ་སོགས་བྱེད་སྒོ་མང་པོ་ཞིག་བྱས་ཡོད་ཀྱང་། བར་ལམ་ནས་རྒྱ་ནག་གཞུང་གིས་དམ་བསྒྲགས་དབང་གིས་དེ་དག་ཡོངས་རྫོགས་བྱེད་མི་ཆོག་པ་ལྟ་བུར་ཆགས་འདུག

 

2022.8.8 2 2 2022.8.8 2 1
2022.8.8 2 4 2022.8.8 2 3
2022.8.8 2 8 2022.8.8 2 5
2022.8.8 2 6 2022.8.8 2 7

ང་ལ་སྐད་ཆ་གོ་སའི་བརྒྱུད་ལམ་གཞན་དག་མེད་ནའང་གསར་ཤོག་ནང་ཐོན་པ་ལྟར་བྱས་ན། ངའི་སྐྱེས་སྐར་ཉིན་ཀིརྟིའི་དགོན་ཁག་གི་གྲྭ་པ་ཚོ་ཕྱི་ལ་ཐོན་མི་ཆོག་ཟེར་བ་དང་། སྤྱི་ཚོགས་ཀྱི་དྲ་ལམ་ཁག་ཏུ་ངའི་པར་བརྒྱུད་བཀོད་བྱས་མི་ཆོག་ལ། ངའི་མིང་ཙམ་ཡང་བྲིས་ན་མི་ཆོག གལ་སྲིད་དེ་དག་བྱས་པ་ཡིན་ན་རྗེས་མ་ཁྲིམས་ཆད་ནན་པོ་ཞིག་གཅོད་རྒྱུ་ཡིན་ཞེས་འཇིགས་སྐུལ་དང་དམ་བསྒྲགས་ཆེན་པོ་བྱེད་ཀྱི་ཡོད་འདུག དེར་བརྟེན་ཕ་ཡུལ་གྱི་མང་ཚོགས་ལ་ངའི་སྐྱེས་སྐར་ཉིན་དགའ་དགའ་སྤྲོ་སྤྲོ་བྱེད་པའི་གོ་སྐབས་གཏན་ནས་ཡོད་མི་འདུག

 

ངས་སྔོན་མ་ནས་བརྟན་བཞུགས་དེ་ཆོས་ཕྱོགས་རྐྱང་པའི་ཐོག་ནས་ཞུས་ན་ཞེས་ལམ་སྟོན་བྱས་ཡོད་དུས། གྲྭ་པ་སྒེར་པ་སོ་སོའི་ངོས་ནས་དམིགས་བསལ་གྱིས་འབད་བརྩོན་ཆེན་པོ་བྱས་འདུག།ལམ་རིམ་ཆེན་མོ་དང་། སྤྱོད་འཇུག་ཆེན་མོ། དྲང་ངེས་ལེགས་བཤད་སྙིང་པོ། དབུ་མ་རིགས་ཚོགས་དྲུག ༸སྐྱབས་མགོན་ལམ་རིམ། ཕར་ཕྱིན་སྤྱི་མཐའ་དཔྱོད། སྡོམ་གསུམ་བསླབ་བྱ་ལ་སོགས་པའི་གཞུང་ཆེ་ཆུང་མང་པོ་ཞིག་བློ་རྒྱུགས་འབུལ་མཁན་ཕལ་ཆེར་བརྒྱ་ཕྲག་བཅུ་ཙམ་བྱུང་ཡོད་ཚོད་འདུག དགོན་པ་ཁག་གི་གྲྭ་པ་བརྒྱ་ཆ་བརྒྱད་ཅུས་བརྟན་བཞུགས་ཀྱི་ཆེད་དུ་རྒྱུགས་སྤྲོད་ནང་ཆ་ཤས་བླངས་ཡོད་པ་རེད་ཟེར། ལོ་ལ་མཚོན་ན་དགུང་ལོ་བརྒྱད་ཅུ་གྱ་དགུ་ཅན་ནས་དགུང་ལོ་བཅུ་ཐམ་པའི་བར་གྱི་གྲྭ་པས་རྒྱུགས་སྤྲོད་ཀྱི་ཆ་ཤས་བླངས་འདུག་ཟེར།

 

དེ་བཞིན་དུ་ཀིརྟིའི་བྱེས་པ་གྲྭ་ཚང་ལ་མཚོན་ན་བློ་རྒྱུགས་འབུལ་མཁན་མི་གྲངས་བཞི་བཅུ་ཞེ་གསུམ་དང་། རྩོམ་དེབ་འབྲི་མཁན་མི་ལྔ། ཕ་ཡུལ་དུའང་རྩོམ་དེབ་འབྲི་མཁན་མང་པོ་བྱུང་ཡོད་ཚོད་འདུག་ཀྱང་དམ་བསྒྲགས་ཀྱི་དབང་གིས་གསལ་པོ་རྒྱུས་ལོན་བྱེད་ཐུབ་ཀྱི་མི་འདུག

 

མང་ཚོགས་ཀྱི་སྒྲུབ་ཐོ་ཇི་བཞིན་འབྱོར་ཐུབ་ཀྱི་མི་འདུག་ཀྱང་དད་པ་རྩེ་གཅིག་གི་ཐོག་ནས་སྐྱབས་འགྲོ་དང་མ་ཎི་གྲངས་གསོག་བྱེད་རྒྱུས་མཚོན་པའི་དགེ་སྒྲུབ་ཤིན་ཏུ་རྒྱ་ཆེན་པོ་བྱས་འདུག་པས་ཁོང་ཚོས་བསགས་པའི་དགེ་ཚོགས་རྒྱ་ཆེན་པོ་དེ་དག་རྫོགས་བྱང་ལ་བསྔོ་བའི་དོན་དུ་ཞལ་འདོན་གསུང་སྐབས་སུ་བླ་སྤྲུལ་དགེ་འདུན་མང་དང་བཅས་པས་ཐུགས་སྨོན་སྐྱབས་འཇུག་གནང་རོགས་ཞེས་ཞུ་རྒྱུ་ཡིན།

 

ངས་རྒྱུན་དུ་ཞུ་བཞིན་པ་ལྟར་བརྟན་བཞུགས་འདི་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་འབུལ་གྱི་ཡོད་སྙམ་པའི་ཐོག་ནས་ཐུགས་སྨོན་གནང་རོགས་གནང་། ལྷག་པར་དུ་དེ་རིང་འདིར་ཚོགས་མགོན་དུ་ཕེབས་པ་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེའི་ཕྱག་གཡས་པ་ལྟ་བུ་གནང་ནས་བཞུགས་ཡོད་པ་རེད། ཤིན་ཏུ་དཀའ་དྲིན་ཆེན་པོ་ཡིན། ད་དུང་ཡང་རིན་པོ་ཆེ་མཆོག་སྐུ་ཚེ་རིང་པོར་བཞུགས་ཏེ་༸རྒྱལ་བ་རིན་པོ་ཆེར་ཞབས་ཕྱི་སྒྲུབ་དགོས་པ་དེ་ད་ལྟའི་ཆར་ཤིན་ཏུ་གལ་ཆེན་པོར་འགྱུར་བཞིན་ཡོད། དེ་ཡིན་དུས་རིན་པོ་ཆེ་མཆོག་སྐུ་ཚེ་རིང་པོར་བཞུགས་པའི་ཐུགས་སྨོན་སྐྱབས་འཇུག་གནང་རོགས་ཞུ་རྒྱུ་དང་། དེ་བཞིན་དུ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་ཡིན་ན་རེད། བླ་སྤྲུལ་རྣམ་པ་ཚོ་སུ་ཞིག་ཡིན་ན་ཡང་སྐུ་ཚེ་རིང་པོར་བཞུགས་ཐུབ་པའི་ཐུགས་སྨོན་སྐྱབས་འཇུག་གནང་རོགས་ཞེས་སྔོན་འགྲོའི་ཚུལ་དུ་ཞུ་རྒྱུ་ཡིན།

 

བླ་སྤྲུལ་འདུས་མང་ཡོངས་རྫོགས་ཀྱིས་གཞན་གྱིས་དགེ་བ་རླབས་ཆེན་པོ་བསྒྲུབས་པ་དེ་དག་ལ་རྗེས་སུ་ཡི་རང་གནང་བའི་ཐོག་ནས་རྫོགས་བྱང་དུ་བསྔོ་བ་ཞིག་གནང་རོགས་ཞེས་ཞུ་རྒྱུ་ཡིན།

 

 

(བརྟན་བཞུགས་མཇུག་གི་གསུང་བཤད།)

 

 བརྟན་བཞུགས་ཀྱི་རྗེས་སུ་ཞལ་བཞེས་ཐོབ་པའི་ཚུལ་གྱིས་སྐད་ཆ་ཞིག་བཤད་དགོས་ཀྱི་རེད་ཅེས་ང་ལ་བཤད་ཀྱི་འདུག ང་ལ་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། ས་བཅད་མ་སྟོང་ཙམ་དུ་ཚིག་འགའ་ཤས་ཤིག་ཞུ་རྒྱུ་ཡིན།

 

སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག།གཙོས་གསེར་ཁྲི་རིན་པོ་ཆེ་དང་ཅོག་རྩེ་གསེར་ཁྲི་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་གཙོས་བླ་སྤྲུལ་དགེ་འདུན་འདུས་མང་ཡོངས་དང་། དགོན་སྡེ་དང་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ། སྐུ་མགྲོན་རྣམ་པ། དེ་རིང་འདིར་བརྟན་བཞུགས་ལ་ཆེད་དུ་ཕེབས་པའི་འབྲེལ་ཡོད་མང་ཚོགས་བཅས་བརྟན་བཞུགས་ལ་འདུ་འཛོམས་གནང་བར་ཐུགས་རྗེ་ཆེ་ཞེས་ཐེངས་དང་པོར་ཞུ་རྒྱུ་ཡིན།

 

༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་དེ་རིང་འདིར་ཕེབས་པ་ཙམ་མ་ཡིན་པར་ཀིརྟི་ཚང་གི་སློབ་བརྒྱུད་ཡོངས་ལ་བཀའ་སློབ་ཟབ་ཅིང་རྒྱས་པ་གནང་བ་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

 

དེ་རིང་བརྟན་བཞུགས་འབུལ་མཁན་ཚོགས་སྡེ་སོགས་སྡེ་ཚན་མ་འདྲ་བ་བཅོ་ལྔ་ཡོད་འདུག ཁྱེད་ཚོས་དཀའ་ལས་བརྒྱབ། འགྲོ་སོང་བཏང་སྟེ་དད་པ་དང་དམ་ཚིག་བརྟན་པོའི་ཐོག་ནས་བརྟན་བཞུགས་ཕུལ་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

 

ལྷག་པར་དུ་བོད་ནང་གི་འབྲེལ་ཡོད་མང་ཚོགས་ཀྱིས་དཀའ་ངལ་སྣ་ཚོགས་ཡོད་མེད་ལ་མ་ལྟོས་པར། སེམས་གཏིང་གི་རེ་བའི་ཐོག་ནས་ང་ཚེ་རིང་པོར་སྡོད་རྒྱུར་རེ་བ་བརྒྱབ་ནས་སོ་སོའི་ངོས་ནས་བརྟན་བཞུགས་ཕུལ་གྱི་ཡོད་པ་ཡིན་དུས། ང་ཚོའི་བར་ལ་ལས་ཀྱི་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ཡིན་དུས་རྣམ་པ་ཚོའི་བརྟན་བཞུགས་ལ་ནུས་པ་དམིགས་བསལ་བ་ཞིག་ཡོད་པ་རེད། ངའི་ངོས་ནས་ད་དུང་ཡང་ཚེ་རིང་པོར་སྡོད་རྒྱུར་སྨོན་ལམ་བརྒྱག་གི་ཡིན། རྣམ་པ་ཚོ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

 

ང་ཆུང་དུས་བོད་ནང་དུ་ཡོད་སྐབས་དགོན་སྡེ་དང་ལྷ་སྡེ་མང་པོ་ཞིག་ལ་སྐོར་བ་བརྒྱབ་ནས་འགྲོ་བའི་སྐབས། མི་མང་པོ་ཞིག་གིས་མིག་མིག་ཆུ་དང་མ་བྲལ་བར་བྱས་ཏེ་ང་ལ་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པ་ངས་གསལ་པོ་དྲན་གྱི་འདུག ཕྱི་ལོ་ ༡༩༨༤ ལོར་ང་བོད་ནང་ལྟ་སྐོར་དུ་འགྲོ་བའི་སྐབས་སུ་ཡང་འབྲེལ་ཡོད་མང་ཚོགས་ཀྱིས་སེམས་གཏིང་ནས་མིག་མིག་ཆུ་དང་མ་བྲལ་བར་ཞུས་ཏེ་ང་ལ་རེ་བ་བརྒྱབ་པ་དང་། རྒྱ་གར་ནང་གཉེན་འཕྲད་ལ་ཡོང་མཁན་ཚོས་མིག་ཆུ་བཏང་ནས་རེ་བརྒྱབ་པ་ནང་བཞིན་ངའི་ངོས་ནས་ཁོང་ཚོར་ཕན་ཐོགས་པའི་བྱ་བ་ཆེན་པོ་གང་ཡང་བྱེད་ཐུབ་མེད་ནའང་། ང་རང་གིས་ད་ལྟའི་བར་དུ་གང་ཐུབ་ཐུབ་ཅིག་བྱས་ཡོད།

 

འབྲེལ་ཡོད་དགོན་གྲོང་ཡོངས་རྫོགས་ཀྱིས་ངའི་གང་བཤད་པ་ལ་རྒྱབ་སྐྱོར་གནང་སྟེ་ཆོས་འཆད་ཉན་དང་བསླབ་པ་སློབ་གཉེར། འགྲིག་ལམ་ཀུན་སྤྱོད། དེ་བཞིན་དུ་མང་ཚོགས་ཀྱི་ངོས་ནས་སྡིག་སྤོང་དགེ་སྒྲུབ་དང་ཡ་རབས་སྤྱོད་བཟང་བྱ་རྒྱུས་མཚོན་པའི་ངས་གང་བཤད་པ་ལ་ཉན་ཏེ་ཧུར་ཐག་འབད་ཐག་གནང་སོང་། དཔེར་ན། བསླབ་བྱ་སོ་གཉིས་གསེར་བྲིས་བྱས་ཏེ་ཤིན་ཏུ་ནས་བརྩི་མཐོང་ཆེན་པོ་གནང་སོང་། ཁོང་ཚོས་ད་བར་དུ་ཧུར་ཐག་འབད་ཐག་གནང་བ་དང་། ང་ལ་རེ་བ་ཆེན་པོ་བརྒྱབ་པ་སོགས་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་པ་ལ་བརྟེན་ནས་ང་ཚེ་རིང་པོར་གནས་ཀྱི་རེད་བསམ་གྱི་འདུག

 

འོན་ཀྱང་ང་མ་ལག་རྡུམ་མ་ལྟར་ཆོས་སྲིད་གཉིས་ཐད་ནས་ནུས་པ་མེད་མཁན་ཞིག་ཡིན་ནའང་། སོ་སོའི་ངོས་ནས་ཧུར་ཐག་འབད་ཐག་བྱེད་ཀྱི་ཡོད་ལ། འབྲེལ་ཡོད་མང་ཚོགས་རྣམས་ངའི་སེམས་ནས་ནམ་ཡང་བརྗེད་ཀྱི་མེད། ཐ་ན་རྨི་ལམ་ཚུན་ཆོད་དུ་བོད་ནང་གི་འབྲེལ་ཡོད་མང་ཚོགས་ཀྱི་བདེ་སྡུག་དང་འབྲེལ་བའི་བྱ་བ་ལ་བསམ་བློ་འཁོར་ཡོང་གི་འདུག

 

རྣམ་པ་ཚོས་བརྟན་བཞུགས་ཕུལ་བ་ཡིན་དུས་ང་རང་གིས་རྒྱུན་དུ་སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་ཐོག་དོ་སྣང་བྱས་ཏེ་ང་རང་ཚེ་རིང་པོར་སྡོད་ཐུབ་པར་འབད་བརྩོན་གང་ཡོང་བྱ་རྒྱུ་ཡིན།

 

ངས་བཤད་རྒྱུ་གཙོ་བོ་ཞིག་ནི། འབྲེལ་ཡོད་རྒྱ་མིའི་ལས་བྱེད་ཚོའི་ངོས་ནས་ངའི་སྐྱེས་སྐར་ལ་ཁ་གཡར་ནས་བོད་ནང་གི་འབྲེལ་ཡོད་མང་ཚོགས་ལ་དཀའ་ངལ་ཐོལ་བ་ཞིག་མི་སྤྲོད་པའི་རེ་བ་ཞུ་ཡི་ཡོད། འབྲེལ་ཡོད་ལས་བྱེད་རྣམས་ཀྱིས་མང་ཚོགས་ལ་གནོན་བཙིར་དང་དཀའ་ངལ་སྤྲད་པས་ཕན་ཐོགས་གང་ཡང་ཡོད་པ་མ་རེད། འབྲེལ་ཡོད་མང་ཚོགས་ལ་བཙིར་གནོན་དང་དཀའ་ངལ་ཐོལ་བ་མེད་པ་ཞིག་གནང་རོགས་ཞེས་རེ་བ་ཞུ་ཡི་ཡོད།

 

ང་ལོ་བརྒྱད་ཅུ་ཐམ་པ་ལོན་པའི་བར་དུ་ཆོས་སྐྱོང་སྲུང་མ་ཚོ་ཡིན་ན་ཡང་ང་ལ་གྲོགས་དང་འཕྲིན་ལས་མིག་མཐོང་ལག་ཟིན་ཡོད་པ་གནང་སོང་། དཔེར་ན། ཀིརྟི་ཚང་གི་ཐུན་མོང་མ་ཡིན་པའི་སྲུང་མ་རྒྱལ་ཆེན་རྡོ་རྗེ་དཔའ་བོ་རྩལ་ཡིན་ན་ཡང་རེད། གནས་ཆུང་ཆོས་རྒྱལ་ཆེན་པོ་ཡིན་ན་རེད། (ང་ཚོའི་ཕ་ཡུལ་དུ་གནའ་སྔ་མོ་ནས་གནས་ཆུང་ཆོས་རྒྱལ་གྱི་སྐུ་རྟེན་ཡང་ཡོད་པ་རེད།) འབྲེལ་ཡོད་སྲུང་མ་རྣམས་ཀྱིས་གྲོགས་འཕྲིན་ལས་ཐུན་མོང་མ་ཡིན་པ་ཞིག་བསྒྲུབས་སོང་། དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ཆོས་སྐྱོང་སྲུང་མ་རྣམས་ལ་ཐུགས་རྗེ་ཆེ་ཞེས་༸སྙན་སེང་ཞུ་ཡི་ཡིན། ཐུགས་རྗེ་ཆེ། ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༨ ཚེས་ ༨ ཉིན།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.