2022.8.9༄༅།། དེ་རིང་འདིར་བརྟན་བཞུགས་ལེགས་གྲུབ་ཀྱི་དགའ་སྟོན་མཛད་སྒོའི་ཐོག་ཕེབས་པའི་གཙོས་གསེར་ཁྲི་རིན་པོ་ཆེ་མཆོག་གིས་གཙོས་མཁན་བླ་སྤྲུལ་རྣམ་པ་དང། ཀིརྟིའི་བྱེས་པ་གྲྭ་ཚང་གི་འདུས་མང་། སྦྱིན་བདག་རྣམ་པས་མཚོན་མང་པོ་ཞིག་ཕེབས་འདུག་པས། ཐོག་དང་པོར་བརྟན་བཞུགས་རྒྱས་པ་ལེགས་གྲུབ་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

 

བརྟན་བཞུགས་རྒྱས་པ་འདི་ལེགས་གྲུབ་བྱུང་བ་ནི། བོད་ཕྱི་ནང་གཉིས་ཀར་ཡོད་པའི་ཀིརྟི་ཚང་གི་སློབ་བརྒྱུད་དུ་གཏོགས་པ་ཡོངས་རྫོགས་ཀྱིས་མཉམ་རུབ་བྱས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་དུས། ཕྱིན་ཆད་ཡིན་ནའང་ཀིརྟི་ཚང་གི་སློབ་མ་སློབ་བརྒྱུད་ཡོངས་རྫོགས་མཉམ་རུབ་གནང་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་ཞིག་རེད་ཅེས་ཞུ་འདོད་བྱུང་།

 

ཀིརྟི་ཚང་གི་བླ་མ་དང་སློབ་བརྒྱུད་རྣམས་གཞན་དང་མི་འདྲ་བའི་དད་པ་དང་དམ་ཚིག་གཙང་མ། བླ་སློབ་བར་དམ་སེལ་བྱུང་མ་མྱོང་བ་ཡིན་ཞེས་ཀིརྟི་ཚང་གི་སློབ་བརྒྱུད་ཀྱི་བླ་རྒན་གྲྭ་རྒན་རྣམས་ཀྱིས་སྤོབས་པ་ཆེན་པོས་རྒྱུན་དུ་ཤོད་ཀྱི་ཡོད། ད་ལྟ་ཡིན་ནའང་ཀིརྟི་ཚང་གི་བླ་མ་དང་སློབ་མ་སློབ་བརྒྱུད་ཡོངས་རྫོགས་གཅིག་གིས་གཅིག་ལ་དད་པ་དམ་ཚིག་གཙང་མ་དང་། དུང་བ་ལ་ལྷད་ཞུགས་མ་མྱོང་བའི་ཐོག་ཏུ་གནས་ཐུབ་ཡོད། མི་རེ་ཟུང་གི་གནས་ཚུལ་གང་དུ་ཡིན་ནའང་ཡོང་གི་ཡོད་ཀྱང་། སྤྱི་ཡོངས་ཀྱི་ཆ་ནས་དད་པ་དམ་ཚིག་ལྷད་མེད་པ་གཙང་མ་གཙང་རྐྱང་ཞིག་གི་ཐོག་ཏུ་ད་ལྟའི་བར་གནས་ཐུབ་པ་བྱུང་ཡོད། ད་ཕྱིན་ཆད་ཡིན་ནའང་དམ་ཚིག་གཙང་མ་སྔར་རྒྱུན་ནང་བཞིན་ཡོང་བ་ལ་རྣམ་པ་ཚོས་ཧུར་ཐག་འབད་ཐག་གནང་དགོས།

 

ངས་དེ་རིང་འདིར་བཤད་པ་རྣམས་བོད་ནང་གི་འབྲེལ་ཡོད་སློབ་བརྒྱུད་རྣམས་ཀྱིས་རིམ་པས་གསན་འགྲོ་ཡི་རེད། བོད་ཕྱི་ནང་གཉིས་ཀར་ཡོད་པའི་ཀིརྟི་ཚང་གི་སློབ་བརྒྱུད་སློབ་མ་ཡོངས་རྫོགས་གཞན་དང་མི་འདྲ་བའི་མཐུན་ལམ་དང་དམ་ཚིག་གཙང་མ་ཞིག་ད་ལྟའི་བར་དུ་ཡོད་པ་བཞིན། མ་འོངས་པར་ཡང་མུ་མཐུད་ནས་ནང་ཁུལ་ལ་མཐུན་ལམ་རྡོག་རྩ་ཆིག་བསྒྲིལ་གནང་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་།

 

བོད་ཕྱི་ནང་གཉིས་ཀར་ཡོད་པའི་ཀིརྟི་ཚང་གི་སློབ་བརྒྱུད་སློབ་མ་ཡོངས་རྫོགས་ད་ལྟའི་ཆར་གནས་སྟངས་ཤིན་ཏུ་ཡག་པོ་ཞིག་གི་ཐོག་ཏུ་སླེབས་ཐུབ་ཡོད། དགོན་པ་ཁག་ཡིན་ནའང་ཆོས་འཆད་ཉན་དང་བསླབ་པ་སློབ་གཉེར། འགྲིག་ལམ་ཀུན་སྤྱོད་དང་བཅས་པ་མི་གཞན་དག་གི་མིག་དཔེར་འོས་པ་ཞིག་ཏུ་གྱུར་ཐུབ་ཡོད་ལ། ཕྱི་ལོགས་སུ་ཡོད་པའི་ཀིརྟི་ཚང་གི་སློབ་བརྒྱུད་རྣམས་ཀྱང་ཡག་པོ་འདུག་ཅེས་གཞན་གྱིས་བསྟོད་བསྔགས་ཞུ་འོས་པ་ཞིག་ཏུ་གྱུར་ཡོད། གཞན་གྱིས་བསྟོད་བསྔགས་ཞུ་བཞིན་པའི་གནས་བབ་འདི་མུ་མཐུད་ནས་རྒྱུན་འཛིན་ཐུབ་པ་ཞིག་བྱ་དགོས་པ་ནི་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པས་ཧུར་ཐག་འབད་ཐག་གནང་རོགས།

 

ཀིརྟི་ཚང་གི་སློབ་བརྒྱུད་ཀྱི་ཁོངས་ནས་སྤྱི་པའི་དོན་དུ་ལས་ཀ་གཟེངས་སུ་ཐོན་པ་བྱེད་མཁན་འགའ་ཤས་བྱུང་ཡོད། དཔེར་ན། སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་ལགས་དང་། སྐུའི་བླ་སྨན་ཞབས་ཕྱི་པ་བསྟན་འཛིན་མཐའ་ཡས་ལགས། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་དབུ་མཛད་བཀྲ་ཤིས་རྒྱ་མཚོ་ལགས། ནོར་གླིང་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་སྨན་ཤེལ་བློ་གྲོས་ལགས། བོད་རྒྱ་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས། སོ་ན་དཱ་སམ་བྷོ་ཊའི་སློབ་སྤྱི་བུ་མོ་གཡང་འཛོམས་ལགས་སོགས་བོད་གཞུང་དང་མི་མང་ལ་ཞབས་ཕྱི་ཞུ་མཁན་དགེ་རྒན་དང་། རྩོམ་སྒྲིག་པ་སོགས་མང་པོ་ཞིག་ཡོད་པ་ནི་ང་ཚོ་ཀུན་གྱི་གཟི་བརྗིད་དང་སྤོབས་པ་ཞིག་ཏུ་བརྩི་ཡི་ཡོད། ད་ཕྱིན་ཆད་ཡིན་ནའང་ཀིརྟི་ཚང་གི་སློབ་བརྒྱུད་ཀྱི་ཁོངས་ནས་ཐོན་པའི་ཤེས་ཡོན་པ་རྣམས་ཀྱིས་བོད་སྤྱི་པའི་ཐོག་ལ་ཞབས་འདེགས་ཞུ་དགོས་པ་ནི་ཤིན་ཏུ་ནས་གལ་ཆེན་པོ་རེད། བོད་ཕྱི་ནང་གང་དུ་ཡིན་ནའང་ཀིརྟི་ཚང་གི་སློབ་བརྒྱུད་ཀྱི་ཁོངས་སུ་ཤེས་ཡོན་ཅན་མང་པོ་ཞིག་འདུག་པས། ཀུན་གྱིས་སྤྱི་པའི་དོན་ལ་ཧུར་ཐག་འབད་ཐག་གནང་རོགས་ཞེས་ཞུ་འདོད་བྱུང་།

2022.8.9 1 2022.8.9 2
2022.8.9 3 2022.8.9 4
2022.8.9 5 2022.8.9 6

 

དེ་རིང་ཀིརྟི་ཚང་གི་སློབ་བརྒྱུད་ཡོངས་རྫོགས་མཉམ་རུབ་ཆེ་ཤོས་དེ་བྱུང་བ་རེད། ད་ཕྱིན་ཆད་ཡིན་ནའང་མཉམ་རུབ་གནང་དགོས་པ་དེ་གལ་ཆེན་པོ་རེད། ཡིན་ནའང་མཉམ་རུབ་བྱས་པའི་ཐོག་ནས་སྐད་ཆ་བཤད་སྟངས་སོགས་ཀྱིས་མི་ལ་ཕོགས་འགྲོ་བ་དང་། མི་ལ་མ་བདེ་བ་བྱུང་ན་ཡག་པོ་གཏན་ནས་མེད་པས་ཀུན་གྱིས་གཟབ་གཟབ་གནང་རོགས།

 

ང་ཚོའི་མཉམ་རུབ་དེ་ཐོར་མ་སོང་བ་ཞིག་བྱ་དགོས་པ་དེ་གལ་ཆེན་པོ་རེད། མཉམ་རུབ་ཅེས་པ་ནི་ག་དུས་ཡིན་ནའང་དགོས་མཁོ་ཡོད་པ་དང་ཕན་ཐོགས་ཡོད་པ་ཞིག་ཡིན། སྒེར་གྱི་བྱ་བ་དང་ཆོས་དང་རིག་གཞུང་གི་བྱ་བ་གང་གི་ཐོག་ཏུ་ཡིན་ནའང་མཉམ་རུབ་ནི་ཤིན་ཏུ་གལ་ཆེན་པོ་ཞིག་ཡིན། ཡིན་ནའང་ཕྱོགས་གཞན་པ་ཞིག་ལ་ཁ་གཏད་གཅོག་པའི་ཆེད་ལྟ་བུ་དང་། ལུང་ཚན་ཕན་ཚུན་བར་ཁ་ལ་རྒྱ་འཛིན་པའི་དོན་དུ་མཉམ་རུབ་བྱ་བ་ནི་ཡག་པོ་མ་རེད་ལ། དེས་སྤྱི་སྒེར་གཉིས་ཀ་ལ་ཕན་ཐོགས་གང་ཡང་མེད་པ་ཞིག་རེད། གནའ་སྔ་མོ་ཡིན་ན་ང་ཚོའི་ནང་ཁུལ་ལ་དེ་འདྲའི་ཆགས་སྡང་ཕྱོགས་རིས་ཀྱི་རིགས་མང་པོ་ཞིག་ཡོད་པ་དེ་འདྲ་མིན་པར། ང་ཚོ་ལེགས་པའི་ཕྱོགས་ལ་མཉམ་རུབ་བྱ་བའི་དོན་དུ་ཀུན་གྱིས་ཤུགས་བརྒྱག་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ཡང་བསྐྱར་ནན་གྱིས་ཞུ་རྒྱུ་ཡིན།

ད་ཕྱིན་ཆད་ཀིརྟི་ཚང་གི་སློབ་བརྒྱུད་ཀྱི་ཁོངས་ནས་མི་མ་རབས་ཀྱི་རིགས་མ་ཡོང་བ་བྱ་དགོས་པ་ནི་ཤིན་ཏུ་ནས་གལ་ཆེན་པོ་རེད། ད་ལྟའི་བར་དུ་ཀིརྟི་ཚང་གི་སློབ་བརྒྱུད་ཀྱི་ཁོངས་ནས་སྤྱོད་པ་ངན་པ་སྐད་གྲགས་ཡོད་པ་བྱུང་མེད། ཡིན་ནའང་ད་ཕྱིན་ཆད་དེ་འདྲ་མི་ཡོང་བའི་དོན་དུ་ཀུན་གྱིས་གཟབ་གཟབ་བྱ་དགོས། དཔེར་ན། ཕྱི་ལོགས་སུ་སྡོད་མཁན་ཚོང་པ་ཞིག་ཡིན་ནའང་འདྲ། ནག་ཚོང་དང་དུག་རྫས་ཀྱིས་ཚོང་ལས་བྱ་བ་དང་། སྐུ་གསུང་ཐུགས་རྟེན་གྱིས་ཚོང་ལས། ཚོན་ཆའི་རིགས་ཀྱིས་ནག་ཚོང་བྱེད་མཁན་ལྟ་བུ་སྤྱོད་པ་ངན་པའི་རིགས་མེད་པ་ཞིག་དགོས།

 

དེ་བཞིན་དུ་ཆབ་སྲིད་ཀྱི་ཕྱོགས་ནས་ཡིན་ནའང་ཆབ་སྲིད་བཙོག་པའི་ནང་དུ་ལག་པ་བརྐྱངས་ཏེ་ལས་ཀ་འདྲ་མིན་བྱ་བ་དང་། བོད་པའི་ནང་ཁུལ་ལ་འཐེན་ཁྱེར་གྱི་སྐད་ཆ་ཤོད་མཁན། སྤྱི་ཚོགས་ཀྱི་མཐུན་ལམ་སོགས་ལ་གནོད་པའི་རྩོམ་ཡིག་ངན་པ་སྤེལ་མཁན་གྱི་རིགས་ལྟ་བུ་མ་ཡོང་བའི་ཐོག་ལ་འབྲེལ་ཡོད་ཀུན་གྱིས་འབད་བརྩོན་བྱ་དགོས་པ་རེད་ལ། གཅིག་གིས་གཅིག་ལ་བསླབ་བྱ་བརྒྱབ་རེས་བྱས་ཏེ་བོད་སྤྱི་པའི་དོན་ལ་བསམ་བློ་གཏོང་མཁན་ཞིག་དང་། ༸རྒྱལ་བ་རིན་པོ་ཆེའི་ཅི་གསུང་བཀའ་སྒྲུབ་ཞུ་མཁན་གྱི་མི་ཞིག་ཡོང་ཐབས་བྱ་དགོས། འདིའི་ཐོག་ལ་རྣམ་པ་ཚོ་ཡོངས་རྫོགས་ཀྱིས་ཧུར་ཐག་འབད་ཐག་གནང་རོགས་ཞེས་ཞུ་རྒྱུ་ཡིན།

 

ང་ཚོ་ལ་མཉམ་རུབ་ཀྱི་ཚོགས་པ་ལྟ་བུ་འགའ་ཤས་ཤིག་ཆགས་ཡོང་གི་འདུག མཉམ་རུབ་ཀྱི་ཚོགས་པ་རྣམས་ཀྱིས་གང་ཐུབ་ཀྱིས་ངན་སློང་ལ་སྦྱིན་པ་གཏོང་བ་དང་། སློབ་ཡོན་གྱི་རོགས་རམ་བྱ་རྒྱུ་སོགས་གང་ཐུབ་ཐུབ་ཀྱིས་གཞན་ལ་ཕན་ཐོགས་སྒྲུབ་མཁན་ཞིག་བྱ་དགོས་པ་དེ་གལ་ཆེན་པོ་རེད་བསམ།

 

དེ་རིང་བརྟན་བཞུགས་ཀྱི་ཆེད་དུ་བློ་འཛིན་གྱི་རྒྱུགས་འབུལ་མཁན་ཤིན་ཏུ་མང་པོ་བྱུང་སོང་། ཁྱེད་ཚོས་བརྟན་བཞུགས་ཀྱི་ཆེད་དུ་རྒྱུགས་ཕུལ་བ་ཡིན་དུས་ཁྱེད་རྣམས་ལ་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། བརྟན་བཞུགས་ཀྱི་ཆེད་དུ་རྩོམ་ཡིག་འབྲི་མཁན་ཡང་མང་པོ་བྱུང་འདུག་པ་རྣམས་ལ་ཡང་ཐུགས་རྗེ་ཆེ། དེ་བཞིན་དུ་སྦྱིན་བདག་རྣམས་ཀྱིས་རང་རང་གིས་དཀའ་ལས་བརྒྱབ་སྟེ་འདིར་ཡོང་ནས་བརྟན་བཞུགས་ཕུལ་བ་ཡིན་དུས་རྣམ་པ་ཚོ་ལ་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

 

ང་ཚོ་དངོས་སུ་གདོང་ཐུག་ཐུབ་ཀྱི་མེད་ཀྱང། བོད་ནང་གི་བོད་མི་ང་ཚོ་དང་འབྲེལ་ཡོད་བརྒྱ་ཆ་བརྒྱ་ཡིས་སེམས་གཏིང་ནས་ད་ཐེངས་ཀྱི་བརྟན་བཞུགས་འདི་ལ་ཆ་ཤས་བླངས་ཡོད་པ་ཡིན་དུས། ཁོང་ཚོ་ཡོངས་རྫོགས་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་། དགོན་པ་ཁག་གི་དགེ་འདུན་པ་རྣམས་ཀྱིས་ཀྱང་བརྟན་བཞུགས་ཀྱི་ཆེད་དུ་ཡིན་གསུངས་ནས་ཆོས་འཆད་ཉན་དང་། བསླབ་པ་སློབ་གཉེར་སོགས་གང་ཅིའི་ཐད་ཧུར་ཐག་འབད་ཐག་གནང་སོང་། བློ་འཛིན་བྱེད་མཁན་ལ་མཚོན་ན་ཁ་སང་ངས་ཞུས་པ་ལྟར་ཀིརྟིའི་དགོན་ཁག་གི་གྲྭ་པའི་བརྒྱ་ཆ་བརྒྱད་ཅུས་བརྟན་བཞུགས་ནང་ཆ་ཤས་བླངས་ཏེ་བློ་རྒྱུགས་ཕུལ་འདུག དེ་ཡང་ཉི་མ་དང་ཟླ་བ་མང་པོའི་རིང་དཀའ་ལས་བརྒྱབས་ཏེ་གཞུང་ཆེན་མོ་བློ་འཛིན་བྱེད་མཁན་ཡང་ཤིན་ཏུ་མང་པོ་བྱུང་འདུག

 

ཁ་སང་བོད་ནང་དུ་མངོན་གསལ་དོད་པོས་ཕྱི་ལོགས་སུ་ཐོན་ཏེ་ངའི་སྐྱེས་སྐར་ལ་དགའ་དགའ་སྤྲོ་སྤྲོ་བྱེད་ཐུབ་ཀྱི་མེད་ནའང། གྲྭ་པ་སྒེར་པ་སོ་སོའི་ངོས་ནས་བརྟན་བཞུགས་འབུལ་གྱི་ཡོད་པ་གསལ་པོ་ཡིན་དུས། རྣམ་པ་ཚོས་དད་དམ་གཡོ་བ་མེད་པའི་ཐོག་ནས་བརྟན་བཞུགས་ཕུལ་བ་ཤིན་ཏུ་དགའ་པོ་བྱུང་།

 

དམ་ཚིག་མཐུན་པོའི་སྒོ་ནས་ཕུལ་བའི་བརྟན་བཞུགས་དེ་ལ་ནུས་པ་དམིགས་བསལ་བ་ཞིག་ཡོད་པ་རེད་བསམས། གང་ཡིན་ཟེར་ན་ངའི་སྐུ་གོང་མ་དགུང་ལོ་ཉེར་གཅིག་མ་གཏོགས་བཞུགས་མེད། དེའི་གོང་མ་དགུང་ལོ་བཅུ་དྲུག་མ་གཏོགས་མ་བཞུགས་དུས། ང་ཀིརྟི་ཚང་གི་སྤྲུལ་སྐུ་ལ་ངོས་འཛིན་ཞུས་ཟིན་པའི་རྗེས་སུ་སྐུ་ཚེ་རིང་པོར་སྡོད་དགོས་ཀྱི་ཡོད་ཅེས་འབྲེལ་ཡོད་དགོན་གྲོང་ཀུན་གྱིས་རེ་བ་བརྒྱབ་སྟེ། ཞབས་བརྟན་སྒྲུབ་རྒྱུ་དང་། ཚེ་ཐར་གཏོང་རྒྱུ་སོགས་སྡིག་སྤོང་དགེ་སྒྲུབ་ཤིན་ཏུ་རྒྱ་ཆེན་པོ་ཞིག་གནང་བའི་བཀའ་དྲིན་ལ་བརྟེན་ནས་ད་ལྟ་ང་ལོ་བརྒྱད་ཅུ་གྱ་གཅིག་བར་དུ་སྡོད་ཐུབ་པ་ཞིག་བྱུང་བ་རེད། ད་ལྟ་ཡིན་ནའང་ཁྱེད་ཚོས་བརྟན་བཞུགས་ཕུལ་ཏེ་ཚེ་རིང་པོར་སྡོད་དགོས་པའི་རེ་བ་བརྒྱབ་ཀྱི་ཡོད་པ་འདིའི་ཐོག་ནས་ད་དུང་ཡིན་ནའང་ང་ཚེ་རིང་པོར་སྡོད་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད།

 

དེ་བཞིན་དུ་ང་མི་ཞིག་ཡིན་པའི་ཆ་ནས་སྨན་བཅོས་འཕྲོད་བསྟེན་ཚུལ་བཞིན་བྱ་དགོས་པ་དེ་གལ་ཆེ་ཤོས་ཡིན་དུས། ངའི་ངོས་ནས་སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་ཐོག་ལ་དོ་སྣང་དང་འབད་བརྩོན་ཞུ་རྒྱུ་ཡིན་ལ། སྨན་བཅོས་འཕྲོད་བསྟེན་ཡག་པོ་བྱེད་ཐུབ་པ་ཡིན་ན་དེ་ཚེ་རིང་པོར་སྡོད་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་དུས། གྲྭ་ཚང་དང་དགེ་རྩ་ཚོགས་པའི་ངོས་ནས་ངའི་སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་ཐོག་འགན་ལེན་གྱི་འདུག ངའི་ངོས་ནས་སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་ཐོག་ལ་དོ་སྣང་དང་འབད་བརྩོན་བྱེད་རྒྱུ་ཡིན།

 

སློབ་དེབ་བློ་གསལ་མགུལ་རྒྱན་ལ་དེབ་ཕྲེང་མང་པོ་ཞིག་ཡོད་པ་དེ་དག་འཕྲུལ་དེབ་ཏུ་བཟོས་པ་ཆོས་རིག་ལས་ཁུངས་ཀྱི་དྲ་རྒྱའི་ཐོག་ཏུ་སྔོན་མ་ནས་བཀོད་ཟིན་ཡོད། ཡིན་ནའང་ང་ཚོའི་སློབ་བརྒྱུད་སློབ་མ་རྣམས་ལ་ཐད་ཀར་དྲ་རྒྱའི་ཐོག་ནས་ལེན་ཐུབ་པའི་ཆ་རྐྱེན་དམིགས་བསལ་བ་ཞིག་བཟོ་ཐུབ་ཡོད་པ་མ་རེད། གཟའ་དར་གྱིས་དཀའ་ལས་བརྒྱབ་ནས་འཕྲུལ་དེབ་ཆ་ཚང་ཞིག་བཟོས་ཡོད། འཕྲུལ་དེབ་རྣམས་དེ་རིང་དངོས་སུ་ངས་སྒོ་འབྱེད་བྱས་པ་ཡིན་དུས། འབྲེལ་ཡོད་སྒེར་པ་སོ་སོའི་ངོས་ནས་དྲ་ཐོག་ལ་བཞག་སྟེ་བཏང་ཐུབ་ན་ཁྱབ་རྒྱ་ཆེན་པོ་ཡོང་གི་རེད་བསམས།

 

ངའི་དམིགས་ཡུལ་གཙོ་བོ་ནི། གྲྭ་པ་ལོ་ཆུང་རྣམས་གྲྭ་པ་ཡང་དག་པ་ཞིག་དང་སློབ་སྦྱོང་ཚད་ལྡན་ཡོང་ཐུབ་པ་ཞིག་དམིགས་ཡུལ་གཙོ་བོར་བཟུང་ཡོད་དུས། སློབ་དེབ་འདིའི་ཐོག་ནས་མི་མང་པོ་ཞིག་ལ་ཕན་ཐོགས་ཏན་ཏན་ཡོང་གི་རེད་བསམ། དེ་རིང་འཕྲུལ་དེབ་དབུ་འབྱེད་བྱེད་ཐུབ་པ་བྱུང་བ་ཡག་པོ་བྱུང་སོང་། དེ་རིང་ནས་བཟུང་སྟེ་འཕྲུལ་དེབ་གཅིག་གིས་གཅིག་ལ་སྤྲད་དེ་གཞན་ལ་ཕན་ཐོགས་ཡོང་བའི་དོན་དུ་ཀུན་གྱིས་འགན་ཁུར་ནས་འགྲེམས་སྤེལ་བྱེད་ཐུབ་པ་བྱ་དགོས། བོད་པ་ཙམ་མ་ཡིན་ལ་དྭགས་དང་ཁུ་ནུ་སྤི་ཏི་སོགས་ཀྱིས་མཚོན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་མཁན་ཚོ་ལ་ཡིན་ནའང་སློབ་དེབ་འདི་དག་གིས་ཕན་ཐོགས་ཆེན་པོ་ཡོང་གི་རེད། ཁྱབ་རྒྱ་ཆེན་པོ་ཡོང་བའི་དོན་དུ་འབྲེལ་ཡོད་ཀུན་གྱིས་འདིའི་ཐོག་ལ་ཤུགས་བརྒྱབ་ཐུབ་པ་ཡིན་ན་ཡག་པོ་ཡོང་གི་རེད་བསམ་གྱི་འདུག

 

རྒྱ་མིས་བོད་ནང་དུ་དམ་བསྒྲགས་བྱས་པའི་དབང་གིས་སློབ་དེབ་འདི་དག་བོད་ནང་གི་འབྲེལ་ཡོད་དགོན་སྡེ་ཁག་ཏུ་དངོས་སུ་སློབ་ཚན་ལ་འཇོག་ཐུབ་པར་དཀའ་ངལ་ཡོད་ཀྱང་། སྒེར་པ་སོ་སོའི་ངོས་ནས་དྲ་ཐོག་ནས་ཕབ་བཤུས་བྱས་ཏེ་བལྟ་ཐུབ་ན་ཕན་ཐོགས་ཡོང་གི་རེད། འདིའི་ནང་ཆོས་དང་མཐུན་པའི་བསླབ་བྱ་མང་པོ་ཡོད་པ་རེད་ལ་གཏམ་དཔེ་ཡང་མང་པོ་ཡོད། མདོར་ན། ངའི་ངོས་ནས་ཕུན་སུམ་ཚོགས་པ་ཞིག་བཟོས་ཡོད་དུས་འདིས་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་གྱི་འདུག

 

བཀྲ་ཤིས་རྒྱ་མཚོ་ནི་རྔ་པ་ཀིརྟི་དགོན་པ་ནས་རྒྱ་གར་དུ་སླེབས་པ་ནས་བཟུང་སྟེ་ངས་བཤད་པ་ལྟར་ཁོ་རང་རྒྱུད་སྟོད་གྲྭ་ཚང་ལ་ཕྱིན། རྒྱུད་སྟོད་གྲྭ་ཚང་དུ་ལོ་མང་པོའི་རིང་དཀའ་ངལ་ལ་མ་འཛེམས་པར་ཐེམ་པ་རིམ་འཛེགས་ཀྱིས་འཆད་ཉན་སློབ་གཉེར་ལ་ཧུར་ཐག་འབད་ཐག་བྱས་ཏེ། ད་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུད་སྟོད་གྲྭ་ཚང་གི་དབུ་མཛད་ལ་བསྐོ་བཞག་གནང་བ་ཞིག་རེད། འདི་གའི་གྲྭ་ཚང་ལ་སྒྲུབ་ཁ་ལྟ་བུ་གང་འདྲ་ཞིག་བྱེད་དགོས་བྱུང་ཡང་ཁོང་གིས་ཧུར་ཐག་འབད་ཐག་གནང་གི་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༨ ཚེས་ ༩ ཉིན།

 

 

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.