2022.10.8 1༄༅།། སྐུ་མགྲོན་གཙོ་བོ་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེ་མཆོག་དང་། བཀུར་འོས་བོད་མི་མང་སྤྱི་འཐུས་རྣམ་པ།མདོ་སྨད་དབུས་རྒྱུན་ལས་རྣམ་པ་དང་ས་གནས་རྒྱུན་ལས་རྣམ་པ། བླ་སྤྲུལ་དང་དགེ་འདུན་པ་རྣམ་པ། མདོ་སྨད་མིང་མང་ཡོངས་ལ་ཐེངས་དང་པོ་མདོ་སྨད་པའི་དབྱར་སྐྱིད་ཀྱི་ཉིན་མོར་ཕ་ཡུལ་གཅིག་པ་མང་པོ་ཞལ་འཛོམས་པ་བྱུང་བ་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

མདོ་སྨད་དབྱར་སྐྱིད་ཀྱི་ཐོག་ང་ལ་ཡོང་རོགས་ཞེས་འབྲེལ་ཡོད་གོ་སྒྲིག་གནང་མཁན་ཚོས་མགྲོན་བརྡ་ཞིག་གནང་འབྱོར་བྱུང་། ང་ལོ་བརྒྱད་ཅུ་གྱ་གཅིག་ཡོལ་འགྲོ་བའི་བགྲེས་སོང་ཞིག་ཡིན་པས་ཕར་ཚུར་འགྲོ་རྒྱུར་དཀའ་ངལ་འདུག་པས། གང་ས་ལ་འགྲོ་མ་དགོས་པར་བྱས་ན་བསམས་ནས་སྡོད་ཀྱི་ཡོད་ཀྱང་། ད་ལྟའི་གནས་སྐབས་ལ་མདོ་སྨད་དབུས་རྒྱུན་ལས་དང་ས་གནས་རྒྱུན་ལས་གཉིས་ཀ་གསར་པ་ཡིན་དུས། ཤོག་གསུང་བའི་སྐབས་ཐོག་དང་པོ་ནས་ཁ་བརྡུངས་ན་ཡག་པོ་མི་འདུག་བསམས་ནས་དེ་རིང་ཁྱུག་ཙམ་བཅར་བ་ཡིན།

ངས་སྐད་ཆ་ཤོད་དགོས་པའི་མཛད་རིམ་ཞིག་བཟོས་འདུག་པར་བརྟེན་སྐད་ཆ་ག་རེ་ཤོད་དགོས་མིན་འབྲེལ་ཡོད་ཚོར་སྐད་ཆ་དྲིས་པ་ལ།འདིར་འཛོམས་དགོས་པའི་དགེ་བ་དམིགས་ཡུལ་དང་རྒྱུན་དགོས་མིན་སོགས་གསུང་རྒྱུ་ཞེས་ལན་གནང་འདུག བསྐྱར་དུ་སྐད་ཆ་དྲིས་པའི་སྐབས་མདོ་སྨད་མི་མང་གི་མཐུན་ལམ་དང་དབུས་རྒྱུན་ལས་དང་ས་གནས་རྒྱུན་ལས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་བཀའ་སློབ་གནང་རྒྱུ་ཞེས་ལན་གནང་འདུག

མདོ་སྨད་དབུས་དང་ས་གནས་རྒྱུན་ལས་ཀྱི་ལས་ཀ་བྱེད་མཁན་རྣམས་གསར་པ་ཡིན་པས་ཡི་གེ་འབྲི་སྟངས་དག་པོ་དང་ཡག་པོ་ཞིག་བྱུང་མི་འདུག སྤྱིར་ཤེས་ཡོན་གྱི་ཐོག་ནས་མདོ་སྨད་པ་བོད་ཆོལ་ཁ་གསུམ་གྱི་ནང་ནས་ཡག་ཤོས་ལྟ་བུར་གྱུར་ཡོད་དུས།མ་འོངས་པར་ཚོགས་པ་ཁག་གི་ནང་དུ་ཕྱག་ལས་གནང་མཁན་ཚོས་ཡི་གེ་འབྲི་སྟངས་ཚུན་ཆོད་ལ་ཐུགས་སྣང་གནང་དགོས་པ་དེ་གལ་ཆེན་པོ་རེད། རྣམ་པ་ཚོ་ད་ལྟ་གསར་པ་ཡིན་དུས་རིམ་པས་ཉམས་མྱོང་གསོག་བཞིན་ཡར་རྒྱས་འགྲོ་ཡི་རེད། དབུས་རྒྱུན་དང་ས་རྒྱུན་ལྟ་བུ་ཡིན་ན་རྒྱུན་དུ་ཚོགས་པ་ཁག་ལ་ངག་ཐོག་རྐྱང་པ་ནས་མ་ཡིན་པར་ཡིག་ཐོག་ནས་འབྲེལ་བ་མང་པོ་གནང་དགོས་ཀྱི་ཡོད་དུས། ཡི་གེ་འབྲི་སྟངས་དག་པོ་དང་ཚད་དང་ལྡན་པ་ཞིག་ཡོང་བར་རྒྱུན་དུ་དོ་སྣང་གནང་དགོས་པ་དེ་གལ་ཆེན་པོ་རེད།ངས་རྣམ་པ་ཚོ་ལ་སྐྱོན་བརྗོད་བྱས་པ་མ་ཡིན་པར་མ་འོངས་པར་ཡར་རྒྱས་དང་ཡི་གེ་འབྲི་སྟངས་ཚུན་ཆད་ལ་ཐུགས་སྣང་ཡོང་ཐབས་སུ་གསལ་འདེབས་ཀྱི་ཚུལ་དུ་ཞུས་པ་ཡིན།

2022.10.8 5 2022.10.8 6 
2022.10.8 3 2022.10.8 7
2022.10.8 2 2022.10.8 4

དབྱར་སྐྱིད་ལ་འཛོམས་དགོས་པའི་གལ་གནད་དང་། མ་འོངས་པར་དབྱར་སྐྱིད་རྒྱུན་འཛིན་བྱེད་དགོས་མིན་གྱི་ཐད་ལ་བཤད་ན་གསུངས་འདུག དབྱར་སྐྱིད་ལ་འཛོམས་དགོས་པའི་དགོས་པ་དང་རྒྱུ་མཚན་ཡོངས་རྫོགས་ས་གནས་ཚོགས་གཙོས་ཆ་ཚང་གསུངས་གྲུབ་སོང་། དེ་ལས་ལྷག་པ་ང་ལ་ཞུ་རྒྱུ་གང་ཡང་མི་འདུག

གཙོ་བོ་དེ་མདོ་སྨད་དབྱར་སྐྱིད་ལ་འཛོམས་ནས་མདོ་སྨད་པ་རྣམས་དགའ་དགའ་སྤྲོ་སྤྲོ་བྱས་པ་དང་མཉམ་དུ་མདོ་སྨད་པའི་ནང་ཁུལ་གྱི་མཐུན་ལམ་ཡར་རྒྱས་གཏོང་དགོས་པ་ནི་ཤིན་ཏུ་ནས་གལ་ཆེན་པོ་རེད། ལྷག་པར་དུ་དབྱར་སྐྱིད་སོགས་མདོ་སྨད་པ་རྣམས་འདུ་འཛོམས་བྱེད་པའི་སྐབས། མདོ་སྨད་པ་རང་གི་སྲོལ་རྒྱུན་གྱི་ཡ་རབས་སྤྱོད་བཟང་མི་ཉམས་རྒྱུན་འཛིན་བྱ་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་རེད།ཨ་མདོ་རང་ལ་ཐུན་མོང་མ་ཡིན་པའི་ཡ་རབས་སྤྱོད་བཟང་ཞིག་ཡོད་པ་དེ་དག་ཕྱི་རྒྱལ་ལ་སླེབས་པ་དང་མི་དགོས་པར་ཆགས་འགྲོ་བ་དེ་འདྲ་མ་རེད། ང་ཚོ་ས་ཆ་གང་དུ་ཡོད་མེད་ལ་མ་ལྟོས་པར་མདོ་སྨད་རང་གི་སྲོལ་རྒྱུན་གྱི་ཡ་རབས་སྤྱོད་བཟང་རྣམས་རྒྱུན་འཛིན་བྱ་དགོས་པ་གནད་འགག་ཆེན་པོ་རེད།

དེ་རིང་གི་ངའི་མཐོང་སྣང་ལ་མཚོན་ན།མདོ་སྨད་པའི་བུད་མེད་རྣམས་ཀྱིས་མདོ་སྨད་རང་གི་ཐུན་མོང་མ་ཡིན་པའི་ཕྱུ་པ་གྱོན་ནས་མདོ་སྨད་པའི་ཆས་གོས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་བྱས་འདུག་ལ། དེ་རིང་ཚ་བ་ཆེན་པོ་ཡོད་མེད་ལ་མ་ལྟོས་པར་མི་མང་ཆེ་བས་ཕྱུ་པ་གྱོན་ནས་བླ་མ་ཕེབས་པའི་སྐབས་ཐག་རིང་པོ་ནས་ཕེབས་བསུ་ཞུས་འདུག་པ་འདི་མདོ་སྨད་རང་གི་སྲོལ་རྒྱུན་གྱི་གོམས་སྲོལ་དང་འགྲོ་ལུགས་བཟང་པོ་ཞིག་རེད། ཡུལ་ལུང་སོ་སོའི་ཡ་རབས་སྤྱོད་བཟང་གི་རིགས་མི་ཉམས་རྒྱུན་འཛིན་དང་ཡར་རྒྱས་གོང་འཕེལ་གཏོང་དགོས་པ་ང་ཚོ་ཡོངས་རྫོགས་ལ་འགན་ཡོད་པ་རེད།

སྔོན་མ་དབྱར་སྐྱིད་ཅིག་གི་སྐབས་ལ་ངས་ཞུས་མྱོང་། ང་ཚོ་མདོ་སྨད་པ་རྣམས་ཀྱིས་གནའ་སྔ་མོ་ནས་དགེ་འདུན་པ་ལ་ཤིན་ཏུ་ནས་བརྩི་བཀུར་ཆེན་པོ་བྱེད་པའི་གོམས་སྲོལ་བཟང་པོ་ཞིག་ཡོད།དཔེར་ན། འདུ་འཛོམས་སོགས་ཀྱི་སྐབས་སུ་དགེ་འདུན་པ་རྣམས་གྲལ་གྱི་འགོ་ལ་བཞུགས་པ་དང།དེའི་གཤམ་དུ་སྐྱ་བོ་མི་ནག་ཚོ་བཞུགས་པ་ནི་ཨ་མདོ་པའི་སྲོལ་རྒྱུན་ཐུན་མོང་མ་ཡིན་པ་ཞིག་རེད་ཅེས་བཤད་མྱོང་། དེ་རིང་དབྱར་སྐྱིད་གོ་སྒྲིག་གནང་མཁན་ཚོས་དགེ་འདུན་པ་རྣམས་གྲལ་གྱི་འགོ་དང་དེ་ནས་སྐྱ་བོ་མི་ནག་ཚོ་བཞུགས་རྒྱུའི་གྲ་སྒྲིག་གནང་འདུག་པས་ཡག་པོ་བྱུང་འདུགཆོས་ཕྱོགས་ནས་དགེ་འདུན་པ་ཚོར་གུས་ཞབས་དང་བརྩི་མཐོང་ཞུས་ཏེ་གྲལ་གྱི་འགོ་ལ་བཞུགས་འཇུག་པ་དེ་མདོ་སྨད་པའི་ཐུན་མོང་མ་ཡིན་པའི་ལུགས་སྲོལ་བཟང་པོ་ཞིག་ཡིན།

ལྷ་སའི་ཕྱོགས་ལྟ་བུར་མཚོན་ན་དཔོན་པོ་སུ་ཡིན་པ་དེ་གྲལ་གྱི་འགོ་ལ་བཞུགས་པ་མ་གཏོགས། བླ་སྤྲུལ་དང་དགེ་འདུན་པ་གྲལ་གྱི་འགོ་ལ་སྡོད་དགོས་པའི་ལུགས་སྲོལ་ཤུགས་ཆེན་པོ་རང་མེད། ཨ་མདོའི་ཡུལ་དུ་ལུང་པའི་རྒྱལ་པོ་ཞིག་ཡིན་ནའང་ཁོ་རང་གི་སྒང་ལ་བླ་མ་དང་གྲྭ་པ་འཇོག་པའི་ལུགས་སྲོལ་བཟང་པོ་ཞིག་ཡོད། མ་འོངས་པར་ཡིན་ནའང་ལུང་པ་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འདི་དག་མི་ཉམས་པར་རྒྱུན་འཛིན་གནང་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང།

སྤྱིར་རྒྱ་གར་ནང་དུ་ཐུགས་སྤྲོ་གཏོང་མཁན་ཚོགས་པ་མ་འདྲ་བ་མང་པོ་ཡོད་པ་བཞིན་ཚོགས་པ་སྐྱིད་སྡུག་སོ་སོའི་ཐུགས་སྤྲོ་གཏོང་སྟངས་ཀྱང་མ་འདྲ་བ་མང་པོ་ཡོད། ཚོགས་པ་རིགས་ཤིག་གིས་ཐུགས་སྤྲོ་གཏོང་བའི་སྐབས་ཆང་རག་འཐུང་བ་དང་། ཤོ་དང་མ་ཅཱང་བརྒྱག་རྒྱུའི་འགོ་བཙུགས་ཏེ་མཇུག་ཏུ་རྒྱག་རེས་ཤོར་བའི་གནས་ཚུལ་དེ་འདྲ་ཡང་ཡོང་གི་ཡོད། རིགས་ཤིག་གིས་རྒྱན་རྩེད་རྩེས་ཏེ་དེའི་སྟེང་ནས་སྤྱི་པ་ལ་དངུལ་གྱི་ཡོང་འབབ་བཟོ་ཐབས་བྱེད་མཁན་ཡང་ཡོད། ང་ཚོའི་ཐུགས་སྤྲོ་རྒྱན་རྩེད་ལ་སོགས་པའི་ངོ་བོའི་ཐོག་ནས་མ་ཡིན་པར།གཞས་ཞབས་བྲོ་སོགས་རིག་གཞུང་འཁྲབ་སྟོན་གྱི་ཐོག་ནས་ཐུགས་སྤྲོ་གཙང་མ་ཞིག་བྱེད་ཐུབ་ན་མདོ་སྨད་པ་རང་གི་ཡ་རབས་སྤྱོད་བཟང་རྒྱུན་འཛིན་ཐུབ་པ་ལ་ཕན་ཐོགས་ཡོང་གི་རེད་ཅེས་ཞུ་འདོད་བྱུང་།

མདོ་སྨད་མི་མང་གི་མཐུན་ལམ་དང་། དབུས་རྒྱུན་དང་ས་གནས་རྒྱུན་ལས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་ལ་བཀའ་སློབ་གནང་རྒྱུ་གསུང་འདུག འདིའི་སྐོར་༸རྒྱལ་བ་རིན་པོ་ཆེས་རྒྱུན་དུ་བཀའ་སློབ་ལམ་སྟོན་ཕེབས་ཀྱི་ཡོད་ལ།སྲིད་སྐྱོང་དང་སྤྱི་འཐུས་རྣམ་པས་ཀྱང་རྒྱུན་དུ་གསུང་གི་ཡོད་པ་དེ་ལས་ལྷག་པ་ཞིག་ང་ལ་ཞུ་རྒྱུ་གང་ཡང་མི་འདུག

གཙོ་བོ་ནི་མདོ་སྨད་དབུས་རྒྱུན་ལས་ཀྱིས་མདོ་སྨད་མི་མང་གི་ངོས་ནས་བོད་སྤྱི་པའི་ཐོག་ལ་ལས་ཀ་ག་རེ་བྱེད་ཐུབ་ཀྱི་འདུགདེའི་འཆར་གཞིའི་ཐོག་ལ་ཤུགས་བརྒྱག་དགོས་པ་དེ་མདོ་སྨད་དབུས་རྒྱུན་ལས་རྣམ་པའི་ལས་ཀ་དང་ལས་འགན་གྱི་གཙོ་བོ་རེད་མ་གཏོགས། མདོ་སྨད་པའི་སྐྱིད་སྡུག་རྐྱང་པ་ལ་ལྟ་དགོས་པ་དེ་མདོ་སྨད་དབུས་རྒྱུན་ལས་ཀྱི་ལས་འགན་གཙོ་བོ་དེ་མ་རེད།ཆོལ་ཁ་རེ་རེའི་སྤྱི་པའི་ཚོགས་པའི་ལས་འགན་གཙོ་བོ་ནི་རང་རང་གི་ཆོལ་ཁོངས་ཀྱི་མིའི་སྐྱིད་སྡུག་ལ་ལྟ་རྟོག་གནང་རྒྱུ་དང་། རང་རང་གི་ཆོལ་ཁ་རྡོག་རྡོག་བཟོ་རྒྱུ་ཙམ་མ་རེད།ཆོལ་ཁ་གསུམ་གྱི་ཚོགས་པ་སོ་སོའི་ལས་འགན་གཙོ་བོ་ནི། ཆོལ་ཁ་སོ་སོའི་མི་མང་རྣམས་ཀྱིས་བོད་སྤྱི་པའི་ཐོག་ལས་དོན་ག་རེ་བྱེད་ཐུབ་ཀྱི་འདུག ཆོལ་ཁ་སོ་སོའི་ངོས་ནས་བོད་སྤྱི་པའི་ཐོག་ལ་ཞབས་ཞུ་ག་རེ་ཞུ་ཐུབ་ཀྱི་འདུག འདིའི་ཐོག་དགོངས་པ་བཞེས་ནས་འཆར་གཞི་བཟོས་ཏེ་སྤྱི་པའི་ལས་དོན་ཐོག་ནུས་པ་མཉམ་སྤུངས་བྱེད་དགོས་པ་དེ་རེད།

མདོ་སྨད་ས་གནས་རྒྱུན་ལས་རྣམས་ཀྱིས་ས་གནས་སོ་སོར་ཡོད་པའི་མདོ་སྨད་པ་དཀའ་ངལ་ཅན་རྣམས་ཀྱི་དཀའ་ངལ་སེལ་ཐབས་བྱ་བ་དང་། ས་གནས་སོ་སོའི་མདོ་སྨད་པ་རྒས་འཁོགས་བདག་མེད་དང་ལས་མེད་དཀའ་ངལ་ཅན་ཚོའི་དཀའ་ངལ་སེལ་ཐབས་གནང་དགོས་པ་རེད། འདི་གའི་མདོ་སྨད་ས་གནས་རྒྱུན་ལས་རྣམ་པས་ལས་འགན་དེ་གཙོ་བོར་གནང་བཞིན་ཡོད་དུས།ལས་དོན་འདི་དག་གི་ཐོག་རྣམ་པ་ཚོས་མུ་མཐུད་ཤུགས་རྒྱག་རོགས་ཞེས་ཞུ་རྒྱུ་ཡིན།

སྔོན་ནས་ད་ལྟ་ལ་ཐུག་གི་བར་དུ་མདོ་སྨད་རྒྱ་ཆེའི་མི་མང་གིས་༸རྒྱལ་བ་རིན་པོ་ཆེའི་བཀའ་གསུང་ཅི་སྒྲུབ་ཞུས་ཏེ་༸རྒྱལ་བ་རིན་པོ་ཆེའི་དགོངས་པའི་བཞེངས་ཕྱོགས་སུ་ལངས་ནས་བརྟན་པོ་བྱས་ནས་བསྡད་པ་རེད། ད་ཕྱིན་ཆད་ཡིན་ནའང་༸རྒྱལ་བ་རིན་པོ་ཆེའི་བཀའ་གསུང་ཅི་སྒྲུབ་ཞུས་ཏེ་ལངས་ཕྱོགས་བརྟན་པོ་འཛིན་དགོས་པ་ནི་ཤིན་ཏུ་ནས་གལ་ཆེན་པོ་རེད། ངས་དཔེར་མཚོན་ཞིག་ཞུས་པ་ཡིན་ན། ཨ་མདོ་རྔ་པ་ལ་རྒྱ་མིས་དམ་བསྒྲགས་ཆེན་པོ་བྱས་ཏེ་དམག་མིས་དགོན་པའི་མཐའ་བསྐོར་ནས་ཡོད་པའི་སྐབས། རྔ་པ་ཀིརྟི་དགོན་པའི་གྲྭ་པ་ཞིག་ཕྱི་ལོགས་སུ་ཆབ་གསང་ལ་ཕྱིན་དུས། ཁོང་དམག་མིས་བཟུང་ནས་ཉེས་རྡུང་གཏོང་བའི་སྐབས། དེའི་ཉེ་འཁོར་གྱི་གྲྭ་པ་ཚོས། ཁོ་ཕྱི་ལོགས་ལ་ཆབ་གསང་ལ་ཕྱིན་པ་ཙམ་མ་གཏོགས་ཉེས་པ་གང་ཡང་ཡོད་པ་མ་རེད་ཅེས་དམག་མི་ཚོར་གསལ་བཤད་བྱས་འདུག་ཀྱང་། དམག་མི་ཚོས་ཁོང་ཚོའི་གསལ་བཤད་ལ་ཉན་རྒྱུའི་ཚབ་ཏུ་དམག་མི་མང་པོ་ཞིག་ཡོང་ནས་གྲྭ་པ་ཚོ་ལ་ཉེས་རྡུང་ཚད་མེད་བཏང་འདུག་པར་མ་ཟད། དམག་མིའི་ཁ་ལག་བཟོ་མཁན་ཞིག་གིས་གྲྭ་པ་ཞིག་གི་སྒལ་བ་ལ་ཚལ་གྲི་གཞུས་ཏེ་སོག་པ་བཅག་ནས་སྨན་ཁང་ལ་འཁྱེར་དགོས་བྱུང་བ་རེད། ཡིན་ནའང་སྐབས་དེ་དུས་གྲྭ་པ་རྣམས་ཀྱིས་ང་ཚོས་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་བཞིན་འཚེ་བ་མེད་པ་བྱ་དགོས་པ་རེད། དམག་མི་ཚོར་ཕྱིར་ཡ་ལན་མི་སློག་པར་ས་ལ་སྡོད་ཅེས་བཤད་ནས་ཁོ་ཚོའི་ཉེས་རྡུང་གཟེད་པ་རེད། འདི་ལྟར་རང་གི་སྲོག་ལ་ཐུག་པའི་སྐབས་སུ་ཡང་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་གྱི་དགོངས་དོན་ལྟར་འཚེ་མེད་ཞི་བའི་རྒྱ་ལས་བརྒལ་གྱི་ཡོད་པ་མ་རེད། འདི་ནི་ངས་གསལ་པོ་ཤེས་པའི་དཔེ་མཚོན་ཙམ་ཡིན། མདོ་སྨད་ཀྱི་ས་ཁུལ་གཞན་རྣམས་སུ་འདི་དང་འདྲ་བ་མང་པོ་ཞིག་གིས་བོད་སྤྱི་པའི་རྩ་དོན་གྱི་ཆེད་དུ་ཧུར་ཐག་འབད་ཐག་གནང་གི་ཡོད་པ་རེད།

བོད་གཞིས་བྱེས་གཉིས་ཀར་ཡོད་པའི་མདོ་སྨད་པ་རྣམས་ཀྱིས་༸རྒྱལ་བ་རིན་པོ་ཆེ་ང་ཚོ་དང་ཕ་ཡུལ་གཅིག་པ་ཡིན་བསམ་པ་དེའི་ཐོག་ནས་ཀྱང་དམིགས་བསལ་༸རྒྱལ་བ་རིན་པོ་ཆེའི་བཀའ་གསུང་ཅི་སྒྲུབ་སྤོབས་པ་དང་ལྡན་པ་ཞིག་གི་སྒོ་ནས་ཞུ་ཐུབ་པ་ཞིག་བྱ་དགོས་པ་དེ་གལ་ཆེན་པོ་རེད། དེ་རིང་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་བསྐྱར་མ་ཞུས་པ་མ་གཏོགས། ངས་རྒྱུན་དུ་ཞུ་ཡི་ཡོད་པས་རྣམ་པ་ཚོ་མང་ཆེ་བས་གསན་ཡོད་པ་རེད།

མཐའ་དོན་མདོ་སྨད་པའི་དབྱར་སྐྱིད་ཀྱི་ཐོག་ནས་ནང་ཁུལ་གྱི་མཐུན་ལམ་གོང་འཕེལ་ཡོང་བ་དང་། གཞས་དང་ཞབས་བྲོ་ལྟ་བུ་ཡིན་ནའང་མདོ་སྨད་རང་གི་གཞས་དང་ཞབས་བྲོ་འཁྲབ་སྟོན་ཞུ་རྒྱུ་དང་། རྩེད་མོའི་རིགས་ལྟ་བུ་ཡིན་ནའང་མདོ་སྨད་རང་གི་ཐུན་མོང་མ་ཡིན་པའི་རྩེད་མོའི་རིགས་རྩེ་དགོས་པ་རེད། བྱིས་པ་ཆུང་ཆུང་ཚོ་ལ་ཡིན་ནའང་མདོ་སྨད་རང་ལ་ཐུན་མོང་མ་ཡིན་པའི་རྩེད་མོ་རྩེ་རྒྱུ་མང་པོ་ཡོད། གྲ་སྒྲིག་གནང་མཁན་ཚོའི་ངོས་ནས་འདིའི་རིགས་ཉམས་གསོ་བྱེད་ཐུབ་ན་མ་འོངས་པར་རིག་གཞུང་གི་ཆ་ཤས་ཤིག་རྒྱུན་འཛིན་བྱེད་ཐུབ་པར་ཕན་ཐོགས་ཡོང་གི་རེད། ཐུགས་རྗེ་ཆེ། (ཕྱི་ལོ་༢༠༢༢ལོའི་ཟླ་༡༠ཚེས་)

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.