2023.5.9 2 4༄༅།།  དེ་རིང་གི་མཛད་སྒོ་འདི་ཀིརྟིའི་བྱེས་པ་གྲྭ་ཚང་དབུ་བརྙེས་པའི་དུས་དྲན་དང་བསྟུན་ནས་ཕྱག་འཁྱེར་བཞེས་པའི་ཉིན་མོ་དམིགས་བསལ་བ་ཞིག་ཏུ་གྱུར་ཡོད། དེ་རིང་གྲྭ་པ་རྒན་གཞོན་མང་པོ་ཞིག་གིས་ཕྱག་འཁྱེར་བཞེས་པ་ནི། སོ་སོའི་ངོས་ནས་ལོ་མང་པོའི་རིང་སྐུ་ལས་བསྐྱོན་པའི་གྲུབ་འབྲས་རེད། མ་འོངས་པར་ཡང་སློབ་སྦྱོང་དང་ལས་ཀ་སོགས་རང་རང་གི་འགན་འཁྲིའི་ལས་དོན་ཐོག་མུ་མཐུད་ཧུར་ཐག་འབད་ཐག་གནང་རོགས་ཞེས་ཞུ་རྒྱུ་ཡིན།
དེ་སྔ་ཕན་ཆད་རང་རང་གི་ངོས་ནས་དཀའ་ལས་བརྒྱབས་པ་དེ་དག་ནི་བོད་སྤྱི་པའི་དོན་དག་རེད་ལ། སངས་རྒྱས་ཀྱི་བསྟན་པ་སྤྱིའི་དོན་དག་ཀྱང་རེད། བླ་མ་གྲྭ་ཚང་གི་ཞབས་ཕྱི་ཡང་ཡིན་དུས། ཆོས་དགེ་བ་བྱ་བ་ཡང་འདི་ཡིན་སྙམ་པའི་བསམ་བློ་བཏང་སྟེ་བསགས་ཟིན་པའི་དགེ་བ་དེ་དག་ལ་བསྔོ་བ་སྨོན་ལམ་གྱིས་རྒྱས་ཐེབས་པ་ཞིག་བྱུང་ན་འདི་ཕྱི་གཉིས་ཀ་ལ་ཕན་ཐོགས་ཆེ་བ་ཞིག་ཡོང་གི་རེད། ད་ཕྱིན་ཆད་ཡིན་ནའང་བསྟན་པ་དང་འགྲོ་བའི་དོན་གྱི་བྱ་བ་འདི་ཡིན་སྙམ་པའི་ཐོག་ནས་རང་རང་གི་འགན་དུ་འཁྲི་བའི་ལས་དོན་ཐོག་འབད་བརྩོན་གནང་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན།


རྡ་རམ་ས་ལར་བཞུགས་མཁན་ཚོར་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་དང་གསུང་ཆོས་ལན་མང་ཞུ་རྒྱུའི་སྐལ་བ་བཟང་པོ་ཐོབ་ཡོད་དུས། འདིར་ཡོད་མཁན་རྣམས་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཀྱིས་འཚོས་བསྡད་པ་ལྟ་བུའི་མི་ཞིག་ཏུ་གྱུར་ཡོད། བཀའ་སློབ་ལ་ཉན་པ་ཙམ་དུ་མ་བཞག་པར་རང་རང་གི་ངོས་ནས་གང་ཐུབ་པ་ཞིག་ལག་ལེན་དུ་བསྟར་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད། ༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལག་ལེན་དུ་བསྟར་ཐུབ་པ་ཡིན་ན་ལོ་མང་པོར་རྡ་རམ་ས་ལར་བསྡད་ནས་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་གསུང་ཆོས་ཉན་པའི་དགོས་དོན་གྲུབ་པ་རེད།


དེ་རིང་ལྟ་བུར་ཆ་བཞག་ན་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེས་གསུང་བཤད་ག་རེ་གནང་ཡོད་མེད་ངས་ད་ལྟ་ཉན་རྒྱུ་མ་བྱུང་ཡང། བཀའ་སློབ་ཟབ་ཅིང་རྒྱས་པ་གནང་ཡོད་པ་རེད་བསམས། གསུང་བཤད་འདི་དག་མཛད་སྒོའི་ཆ་ཤས་དང་སྤྱིར་བཏང་གི་འགྲོ་སྟངས་ཙམ་དུ་མ་ལྷག་པར་བྱས་ཏེ་སོ་སོའི་ངོས་ནས་ལག་བསྟར་ཞུ་དགོས་པ་དང། དེ་སྔ་ལོ་མང་རིང་དཀའ་ལས་བརྒྱབ་པར་གྲུབ་འབྲས་ཐོན་པའི་རིགས་ལ་དགའ་བ་སྒོམ་དགོས་པ་དེ་གལ་ཆེན་པོ་རེད།


དེ་རིང་འདིར་ང་ཚོའི་དམིགས་བསལ་འབྲེལ་ཡོད་མི་སྣ་སྐྱ་སེར་གཉིས་ཀ་འཛོམས་ཡོད་དུས། ད་ལྟའི་ཆར་ང་ཚོའི་གནས་སྟངས་སྤྱི་ཡོངས་ཀྱི་ཆ་ནས་ཡག་ཐག་ཆོད་ཡོད། གནས་སྟངས་ཡག་པོ་ཡོད་པའི་སྐབས་ལྷོད་གཡེང་དུ་མ་ཕྱིན་པ་བྱ་དགོས་པ་འདི་གལ་ཆེན་པོ་རེད། ད་འགྲིག་གི་ཡོད་སྙམ་ནས་ཁེངས་སེམས་དང་ལྷོད་གཡེང་གི་དབང་དུ་ཕྱིན་ན་དེས་མ་འོངས་པར་སྐྱོན་ཆེན་པོ་ཡོང་གི་རེད། སྐྱོན་ཆ་བྱུང་བའི་རྗེས་སུ་བསྐྱར་གསོ་བྱ་བ་ལ་དཀའ་ངལ་ཆེན་པོ་ཡོང་གི་ཡོད། ཡར་རྒྱས་ཡོད་པ་དང་གནས་སྟངས་ཡག་པོ་ཡོད་པའི་སྐབས་སུ་ལྷོད་གཡེང་དུ་མ་ཕྱིན་པར་བྱ་དགོས། འཐུས་ཤོར་གྱི་རིགས་ཡོངས་རྫོགས་ཡག་པོ་ཡོད་པའི་སྐབས་ལྷོད་གཡེང་དུ་བཏང་བ་ལ་བརྟེན་ནས་ཡོང་གི་ཡོད་པ་འདི་ཤེས་དགོས།
ཕ་ཡུལ་གྱི་སྐྱ་སེར་དགོན་གྲོང་ཡོངས་རྫོགས་དང། དགོན་སྡེ་ཁག་གི་དགེ་འདུན་པ་ཚོར་སྐུ་ངལ་མང་པོ་ཡོད་ཀྱང་ད་ལྟའི་བར་དུ་དཀའ་ངལ་ཡོངས་རྫོགས་ལ་གདོང་ལེན་བྱས་ཏེ་སྐུ་ལས་བསྐྱོན་པ་ལ་བརྟེན་ནས་ང་ཚོའི་དགོན་མ་ལག་རྣམས་འཆད་ཉན་སློབ་གཉེར་དང་འགྲིག་ལམ་ཀུན་སྤྱོད་གང་ཅིའི་ཐད་ནས་ཡར་རྒྱས་ཆེན་པོ་བྱུང་ཡོད། ད་ལྟ་ཡར་རྒྱས་ཀྱི་གནས་སྟངས་ཡོད་པ་འདིའི་ཐོག་ནས་འཐུས་ཤོར་དུ་མ་འགྲོ་བ་བྱ་དགོས་པ་དེ་གལ་ཆེན་པོ་རེད། ལྷག་པར་དུ་ཡ་རབས་སྤྱོད་བཟང་གི་གཤིས་ཀ་བཟང་པོ་རྒྱུན་འཛིན་ཐུབ་པ་བྱ་དགོས།


དེང་སང་ང་ཚོའི་ཕ་ཡུལ་ཕྱོགས་དཔལ་འབྱོར་གྱི་གནས་སྟངས་ཕྲན་བུ་ཡར་རྒྱས་ཕྱིན་ཡོད། དགོན་པ་གྲྭ་ཚང་ལྟ་བུ་ཡིན་ནའང་འཛུགས་སྐྲུན་སོགས་གང་ཅིའི་ཆ་ནས་ཡག་པོར་གྱུར་ཡོད། གཞིས་བྱེས་གཉིས་ཀར་ཡར་རྒྱས་ཕྲན་བུ་ཡོད་པའི་གནས་སྟངས་འདིའི་ཐོག་ནས་འཐུས་ཤོར་དུ་མི་འགྲོ་བ་ལ་རྣམ་པ་ཚོ་ཡོངས་རྫོགས་ཀྱིས་འགན་བླངས་ནས་ཤུགས་བསྐྱོན་རོགས་ཞེས་ཞུ་རྒྱུ་ཡིན།


ང་ཚོའི་གྲྭ་ཚང་ལྟ་བུར་མཚོན་ན་རྒན་པ་ཚོར་སྤྱི་སེམས་ཆེན་པོ་ཡོད་པ་བཞིན་གཞོན་པ་ཚོས་དེ་ལ་མིག་ལྟོས་བྱས་ཏེ་སྤྱི་བའི་ལས་དོན་ལ་ཤ་ཚ་དང་སྤྱི་སེམས་ཡོད་དགོས་པ་འདི་གལ་ཆེན་པོ་རེད། དེ་རིང་ཕྱག་འཁྱེར་བཞེས་མཁན་གྱི་གྲས་ནས་རྡོ་རྗེ་གླིང་ངོ་ཕྱོགས་ནས་ཡིན་པའི་གྲྭ་པ་འགའ་ཤས་ཤིག་འདུག།ཁོང་ཚོས་ལོ་མང་པོའི་རིང་དཀའ་ལས་བརྒྱབ་པ་ལ་བརྟེན་ནས་ད་ལྟ་ཕྱག་འཁྱེར་བཞེས་མཁན་གྱི་གྲས་སུ་སླེབས་ཐུབ་ཡོད། ཁྱེད་ཚོས་མུ་མཐུད་དཀའ་ལས་བརྒྱབ་སྟེ་གྲྭ་གཞོན་འོག་མ་རྣམས་ལ་མིག་དཔེ་ཡག་པོ་སྟོན་ཐུབ་པ་ཞིག་བྱ་དགོས། ལྷག་པར་དུ་བོད་སྐད་དང་བོད་ཡིག་ཡག་པོ་སྦྱངས་ཏེ་བོད་ཀྱི་རིག་གཞུང་སོ་སོའི་ཤ་གསེང་རུས་གསེང་ལ་ཐིམ་ཐུབ་པ་ཞིག་བྱ་དགོས་པ་དེ་གལ་ཆེན་པོ་རེད། བོད་ཡིག་དང་བོད་སྐད་ཡག་པོ་མ་ཤེས་ན་བོད་ཀྱི་ཆོས་དང་རིག་གཞུང་ཡག་པོ་དང་གཏིང་ཟབ་པོ་ཞིག་ཤེས་ཐབས་གཏན་ནས་ཡོད་པ་མ་རེད། དེ་ཡིན་དུས་ལོ་ན་གཞོན་པ་ཚོར་རྒྱུན་དུ་བོད་སྐད་ཤོད་དགོས་པ་དང། བོད་ཀྱི་ཆོས་དང་རིག་གཞུང་ལ་སློབ་སྦྱོང་ཡག་པོ་བྱ་དགོས་པའི་བསླབ་བྱ་དང་མིག་ལྟོས་ཡག་པོ་འཇོག་ཐུབ་པ་བྱ་དགོས་པ་དེ་གལ་ཆེན་པོ་རེད།


རྡོར་གདན་ཀིརྟིའི་སྒར་བསམ་ཡས་གླིང་འཛུགས་སྐྲུན་བྱེད་བཞིན་ཡོད་པ་ད་ཆ་ཡག་པོ་ཡོང་རྒྱུ་ཡིན་པའི་རྣམ་འགྱུར་གསལ་པོ་ཡོང་གི་འདུག།མ་འོངས་པར་ང་ཚོའི་གྲྭ་ཚང་འདི་དབྱར་ས་དང་དགུན་ས་ལྟ་བུ་བྱས་ཏེ། དགུན་ཁ་གྲྭ་པ་གང་འཚམས་ཤིག་རྡོ་རྗེ་གདན་ལ་ཕེབས་ཐུབ་པའི་འཆར་གཞི་ཞིག་བཟོ་བཞིན་ཡོད། སློབ་གཉེར་པ་དང་དགེ་རྒན་ཁག་ཅིག་རྒྱུན་པར་ས་གནས་གཅིག་ཏུ་བསྡད་པ་མ་གཏོགས་ས་ཆ་བརྗེས་ནས་ཕེབས་ཐུབ་ཀྱི་ཡོད་པ་མ་རེད། མཚམས་རེར་ས་གནས་སྤོས་ནས་འགྲོ་ཐུབ་པ་ཡིན་ན་འཕྲོད་བསྟེན་དང་གང་ཅིའི་ཆར་ཕན་ཐོགས་ཡོང་གི་རེད་ལ། རྡོ་རྗེ་གདན་ལ་མཚོན་ན་དགོན་པ་ཁག་བཞི་བཅུ་ལྔ་བཅུ་ལྷག་ཡོད་པ་དེ་དག་དང་ཕྲན་བུ་མ་འདྲ་བ་བྱས་ཏེ་འཆད་ཉན་སློབ་གཉེར་ཡོད་པའི་ལྟེ་གནས་ཤིག་བཟོ་ཐུབ་པ་ཡིན་ན། སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་ཕན་ཐོགས་ཤིག་ཏན་ཏན་ཡོང་གི་རེད་བསམས། འདིའི་ཐོག་ང་ཚོ་ཡོངས་རྫོགས་ཀྱིས་མ་འོངས་པར་རིམ་པས་འགན་བཞེས་ཏེ་ཤུགས་བརྒྱག་དགོས།


དེང་སང་དཀའ་ངལ་ཆེ་ཤོས་ཤིག་ནི་གྲྭ་རྒྱུན་མེད་པའི་དཀའ་ངལ་རེད། གྲྭ་རྒྱུན་གྱི་ཐོག་ཡོངས་རྫོགས་ཀྱིས་འགན་བླངས་ཏེ་དཀའ་ལས་བརྒྱབ་ནས་འབད་བརྩོན་གནང་གི་ཡོད་པ་རེད། གྲྭ་རྒྱུན་གང་ཡོད་པ་དེ་དག་ལ་སློབ་སྦྱོང་ཡག་པོ་ཞིག་སྤྲད་དེ་བདག་སྐྱོང་ཡག་པོ་བྱ་དགོས་པ་དེ་ཤིན་ཏུ་ནས་གལ་ཆེན་པོ་རེད།  མི་སྤྱིར་བཏང་བ་ཞིག་གསོ་སྐྱོང་བྱ་དགོས་པ་ནི་ང་ཚོའི་ལས་འགན་དམིགས་བསལ་བ་གང་ཡང་མ་རེད། ང་ཚོས་ཆོས་འཆད་ཉན་དང་བསླབ་པ་སློབ་གཉེར། འགྲིག་ལམ་ཀུན་སྤྱོད་ཡག་པོ་ཡོད་མཁན་གྱི་མི་ཞིག་ཏུ་གསོ་སྐྱོང་བྱ་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་རེད། ལྷག་པར་དུ་མི་རབས་གཞོན་པ་རྣམས་ཀུན་སྤྱོད་ཡག་པོ་ཞིག་ཡོང་ཐབས་བྱ་དགོས།


རྒན་པ་རྣམས་ཀྱིས་ད་ལྟའི་བར་དུ་ཀིརྟི་ཚང་གི་བསྟན་པ་སྐྱོང་རོགས་བྱས་པ་རེད། ཀིརྟི་ཚང་གི་བསྟན་པ་སྐྱོང་རོགས་ཞེས་པ་ནི་ངེས་པར་དུ་ཁྲི་ཞིག་གི་སྒང་ལ་བསྡད་ནས་དཔེ་ཁྲིད་བྱ་དགོས་པ་ཙམ་ཞིག་མིན། རྒྱལ་པོ་ཞིག་ཡིན་ནའང་བསྟན་པ་སྟོབས་ཀྱིས་སྐྱོང་གི་ཡོད་ལ། སྐྱ་པོ་མི་ནག་ཅིག་ཡིན་ནའང་སོ་སོའི་གནས་སྟངས་དང་འཚམས་པའི་ཐོག་ནས་བསྟན་པ་སྐྱོང་ཪོགས་བྱེད་སྟངས་ཤིག་ཡོད། མི་སེར་དཀྱུས་མ་ཞིག་ཡིན་ནའང་དད་པ་དག་སྣང་དང་དཔལ་འབྱོར་ལྟ་བུས་རྒྱབ་སྐྱོར་བྱས་པ་ལ་བརྟེན་ནས་བསྟན་པ་སྐྱོང་རོགས་བྱེད་སྟངས་ཤིག་ཡོད་པ་རེད། བསྟན་པ་སྐྱོང་བའི་བྱ་བ་དེ་སྒོ་སྣ་ཚོགས་ནས་བྱ་དགོས་པ་ཞིག་ཡིན། ཁྱེད་ཚོས་ད་ལྟའི་བར་དུ་བསྟན་པ་སྐྱོང་རོགས་བྱས་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།


ད་ཆ་ང་ལོ་བརྒྱད་ཅུ་གྱ་གཉིས་བརྒལ་བ་རེད། ཉེ་བའི་ལོ་འགའ་ཤས་རིང་ནས་ཨ་མཆོག་གིས་ཀྱང་གསལ་པོ་གོ་ཐུབ་ཀྱི་མི་འདུག།དཔེར་ན། དེ་རིང་མཛད་རིམ་ཀློག་བསྡད་པའི་ཚིག་འབྲུ་གཅིག་ཀྱང་གོ་ཡི་མི་འདུག་པས། ད་ཆ་བོད་ཕྱི་ནང་གཉིས་ཀའི་དགོན་པ་ཁག་གི་ནང་དུ་འགན་བཞེས་མཁན་རྣམས་ཀྱིས་སྔར་ལས་ཀྱང་འགན་ཆེ་བ་ཞིག་བཞེས་ཏེ། མི་ཐོག་རྒན་པ་རྣམས་ཀྱིས་རྩིས་སྤྲོད་བྱས་པའི་འགན་འཁྲི་དེ་ཁྱེད་ཚོས་ཁྱོག་ཐུབ་པ་བྱ་དགོས་པའི་དུས་ལ་བབས་ཡོད། མི་ཐོག་གོང་མ་རྣམས་ཀྱིས་ང་ཚོ་ལ་རྩིས་སྤྲོད་གནང་བ་ལྟར་རྩིས་ལེན་ཐུབ་མཁན་ཞིག་བྱེད་ཀྱི་ཡིན་སྙམ་པའི་བསམ་བློ་དང་སྤོབས་པ་ཡོད་དགོས་པ་རེད་མ་གཏོགས། གསར་བརྗེ་ལ་དགའ་མདོག་ལྟ་བུས་རྙིང་པ་ཡོངས་རྫོགས་ལ་དགག་པ་རྒྱག་མཁན་ཞིག་ཏུ་གྱུར་ན་གཏན་ནས་མི་འགྲིག།གཞིས་བྱེས་གཉིས་ཀྱི་འབྲེལ་ཡོད་དགོན་མ་ལག་ཡོངས་རྫོགས་ལ་བཅའ་ཡིག་བློ་གསལ་འཇུག་ངོགས་ཀྱི་ཐོག་ནས་ལམ་སྟོན་ཞིག་ངའི་ངོས་ནས་ཞུས་ཡོད། ང་ཤེས་ཡོན་ཆེན་པོ་ཡིན་པ་དང༌འཇོན་ཐང་ཆེན་པོ་ཡིན་པའི་རྒྱུ་མཚན་གྱིས་ལམ་སྟོན་བྱེད་ཐུབ་པ་བྱུང་བ་ཞིག་མ་རེད། རྒྱ་གར་དུ་ཡོད་པའི་གདན་ས་སེར་འབྲས་དགེ་གསུམ་གྱིས་ལོ་མང་པོའི་རིང་སྐུ་ལས་བསྐྱོན་ནས་ལམ་ཁ་གཏོད་པ་དང། ༸རྒྱལ་བ་རིན་པོ་ཆེས་བཀའ་སློབ་གནང་བ་ཁག་གི་སྙིང་པོ་གཞི་རྩར་བཟུང་ནས་ལམ་སྟོན་ཞུས་པ་ཞིག་ཡིན་དུས། ལམ་སྟོན་འདིའི་ཐོག་ལ་རྣམ་པ་ཚོ་ཡོངས་རྫོགས་འགྲོ་ཐུབ་པར་འབད་བརྩོན་ཧུར་ཐག་འབད་ཐག་གིས་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༥ ཚེས་ ༩ ལ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.