06༄༅།། ཕྱི་ལོ་༢༠༡༨ ཟླ་༦ པའི་ཚེས་༢༡ རེས་གཟའ་ཕུར་བུ། གཟའ་སྐར་འཕྲོད་སྦྱོར་མཆོག་ཏུ་དགེ་བའི་ཉིན་མོར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཚོམས་ཆེན་དུ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་ལ། རབ་འབྱམས་རྒྱལ་བ་ཀུན་ཀྱི་བརྩེ་ཆེན་འཕྲིན་ལས་ཀྱི་རང་གཟུགས། ཚེ་ཡི་ལྷ་མཆོག་འཕགས་མ་ཡིད་བཞིན་འཁོར་ལོའི་ཆོ་ག་དང་འབྲེལ་བའི་སྒོ་ནས་འབྲེལ་ཡོད་གཞིས་བྱེས་གཉིས་ཀའི་ངོ་བོ་མཚོན་པའི་ཐོག་ནས་བརྟན་བཞུགས་ཟབ་རྒྱས་ཤིག་འབུལ་ལམ་ཞུས། གནས་ཚུལ་རྒྱས་པ་འདིར་ཡོད།

བརྟན་བཞུགས་སྐབས་གྲྭ་ཚང་གི་མཁན་པོ་ཆེ་དགེ་བའི་བཤེས་གཉེན་ཆེན་མོ་དཀོན་མཆོག་རྒྱ་མཚོ་མཆོག་གིས་རྡོ་རྗེ་སློབ་དཔོན་མཛད་དེ་མཎྜལ་བཤད་པ་ཕུལ་བ་འདི་ལྟར་ལགས་སོ། །

 

 

ཨོ་ལགས་སོ། །

དེ་ཡང་ཇི་སྐད་དུ། དཔག་ཡས་ཡོད་ཏན་བྱེ་བས་ཡོངས་གཏམས་པའི། །ངོ་མཚར་ཟུང་འཇུག་ཆུ་གཏེར་བསྲུབས་པའི་དཔྱིད། །འཆི་མེད་དཔལ་སྟེར་འཇམ་མགོན་བླ་མ་ཡིས། །མི་ཤིགས་ཚེ་ཡི་ཆར་ཆེན་དེང་འདིར་སྩོལ། །ཞེས་དགེ་ལེགས་སུ་བྱེད་པའི་ཤིས་ཚིག་པདྨ་དཀར་པོའི་མཆོད་སྤྲིན་མདུན་གྱི་ནམ་མཁར་འཐོར་པས་བཀྲ་ཤིས་པའི་སྒོ་འཕར་ཡངས་པོ་རབ་ཏུ་ཕྱེ་སྟེ་གང་ཞུ་པར་བྱེད་པ་ནི། དེ་ཡང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ལས་ཐུགས་བསྐྱེད་དང་སྙིང་སྟོབས་ཕུལ་དུ་སོན་པ། བདག་ཅག་གི་མ་འདྲེས་པའི་མཛའ་བཤེས་ཆེན་མོ་སྟོན་པ་མཉམ་མེད་ཟས་གཙང་གི་སྲས་པོ་དེ་ཉིད་ཀྱིས་དང་པོར་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད། བར་དུ་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་གྲངས་མེད་གསུམ་གྱི་བར་དུ་ཐུགས་ཉམས་སུ་བཞེས། མཐར་འོག་མིན་སྟུག་པོར་བཀོད་པའི་ཞིང་ཁམས་སུ་ངེས་པ་ལྔ་ལྡན་གྱི་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོར་མངོན་པར་རྫོགས་པར་སངས་རྒྱས་ཏེ་རིགས་ཅན་གསུམ་གྱི་གདུལ་བྱ་རྣམས་ལ་ཆོས་འཁོར་ལམ་རིམ་པ་གསུམ་དུ་སྐོར་བར་མཛད་ནས་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ཀྱི་རྒྱུད་མ་སྨིན་པ་རྣམས་སྨིན་པ་དང་། སྨིན་པ་རྣམས་གྲོལ་བ། གྲོལ་བ་རྣམས་ལམ་མཐར་ཕྱིན་པར་མཛད། དེ་ལྟ་བུའི་བསྟན་པ་རིན་པོ་ཆེ་ནི་ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་ཕན་བདེའི་གཞི་རྩ་ཉག་གཅིག་ཡིན་པས། རྒྱ་གར་འཕགས་པའི་ཡུལ་དུ་སྟོན་པ་རང་ཉིད་ཀྱི་བཀའ་ལ་དྲང་ངེས་འབྱེད་པར་ལུང་བསྟན་པའི་ཤིང་རྟ་ཆེན་པོ་རྣམ་གཉིས་ཀྱིས་གཙོས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་སོགས་པཎ་གྲུབ་ནམ་མཁའི་སྐར་ཚོགས་ལྟ་བུ་བྱོན་ཏེ་ཐུབ་པའི་བསྟན་པ་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་ལྟ་བུར་མཛད། བྱེ་བྲག་བསིལ་ལྡན་གངས་རིའི་རྭ་བའི་བསྐོར་པའི་ལྗོངས་འདིར་འཕགས་མཆོག་ཕྱག་ན་པདྨོའི་སྒྱུ་འཕྲུལ་གྱི་རོལ་བ་ལས་བྲག་སྲིན་མོ་དང་སྤྲེའུ་བྱང་ཆུབ་སེམས་དཔའ་སོགས་སུ་སྤྲུལ་ནས་ཐོག་མར་མིའི་རྒྱུད་སྤེལ། བར་དུ་རྒྱལ་བློན་སོགས་སུ་སྤྲུལ་ནས་མི་ཆོས་གཙང་མ་བཅུ་དྲུག་དང་ལྷ་ཆོས་དགེ་བ་བཅུའི་སྲོལ་བཏོད། མཐར་ལོ་པཎ་བྱང་ཆུབ་སེམས་དཔའ་སོགས་གང་ལ་གང་འཚམས་སུ་སྤྲུལ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིན་མོ་བཞིན་དུ་གསལ་བར་མཛད། ཁྱད་པར་དུ་དུས་གསུམ་རྒྱལ་བ་ཀུན་གྱི་ཡབ་གཅིག་མཁྱེན་གཏེར་འཇམ་དཔལ་གཞོན་ནུ་མི་ཡི་གར་གྱི་རྣམ་པར་རོལ་བ་ཁམས་གསུམ་ཆེན་ཀྱི་རྒྱལ་པོ་ཤར་ཙོང་ཁ་13པ་བློ་བཟང་གྲགས་པའི་དཔལ་ཞེས་གྲགས་སྙན་གྱི་བ་དན་དཀར་པོ་ས་གསུམ་ན་མངོན་པར་གཡོ་བ་དེ་ཉིད་ཀྱིས་རྒྱ་བོད་ཀྱི་མཁས་པ་དང་གྲུབ་པ་ཆེན་པོ་དག་གིས་མ་ཐོན་པའི་ཟབ་མོ་དབུ་མའི་ལྟ་བ་དང་། གསང་ཆེན་རྡོ་རྗེ་ཐེག་པའི་ཟབ་གནད་མཐའ་ཡས་པ་གསལ་བར་མཛད་དེ། ལྟ་སྒོམ་སྤྱོད་གསུམ་གང་ལ་ཡང་འཁྲུལ་བའི་ཆ་ཕྲ་མོ་ཙམ་ཡང་མེད་པ་མདོ་སྔགས་བཤད་སྒྲུབ་ཐོས་བསམ་སྒོམ་གསུམ་གདན་ཐོག་གཅིག་ཏུ་སྤྱོད་པའི་རང་ལུགས་འཁྲུལ་བྲལ་གསེར་སྦྱངས་བཙོ་མ་ལྟ་བུ་འདི་ཉིད་ཀྱིས་སྟོད་ཛ་ཏིའི་མེ་ཏོག་བཀྲ་བ་ནས། ཤར་རྒྱ་མཚོའི་རྦ་རླབས་དགུང་ལ་རེག་པའི་བར་དུ་ཁྱབ་པར་མཛད། བསྟན་པ་དེ་འཁོར་ལོ་གསུམ་གྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་མཛད་པའི་ཞྭ་སེར་ཅོད་པཎ་འཆང་བའི་མཁས་གྲུབ་ནམ་མཁའི་སྐར་ཚོགས་ལྟ་བུ་བྱོན་པ་རྣམས་ཀྱི་ནང་ནས། ཇི་སྐད་དུ་མདོ་ཕལ་བོ་ཆེ་ལས། ལེགས་སོ་ཡོན་ཏན་ཡེ་ཤེས་རྒྱ་མཚོ་ཅན། །སངས་རྒྱས་བྱང་སེམས་སྨོན་ལམ་ཡང་དག་གནས། །སེམས་ཅན་ཀུན་གྱི་མགོན་དང་གནས་གྱུར་པ། །རྒྱལ་བ་དམ་པ་བསམ་གྱིས་མི་ཁྱབ་འགྱུར། །ཞེས་དང་། སྐྱབས་མགོན་བློ་བཟང་འཕྲིན་ལས་དཀོན་མཆོག་བསྟན་པ་རྒྱ་མཚོ་དཔལ་བཟང་པོའི་ཞལ་གྱི་བུམ་བཟང་ལས། ཞིང་རབ་འབྱམས་ཕྱོགས་བཅུའི་འཇིག་རྟེན་གྱི།།དཔལ་སྟོབས་བཅུ་མངའ་བ་མ་ལུས་པའི།།ཐུགས་མཁྱེན་བརྩེ་ནུས་གསུམ་མི་ཡི་གཟུགས། །ཕ་བླ་མ་ཞེས་གསུངས་པ་ལྟར། དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་བདག་ཉིད། བསྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་མང་ཐོས་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ། བཅུ་ཕྲག་རིག་པའི་གནས་ལ་མཁྱེན་དཔྱོད་མཁའ་ལྟར་ཡངས་པའི་མ་ཧཱ་པཎྜི་ཏ་ཆེན་པོ། ལྷར་དང་བཅས་འགྲོ་བ་ཡོངས་ཀྱི་མ་འདྲེས་པའི་མཛའ་བཤེས་ཆེན་པོ། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོ་སྤྲོ་ཞིང་སྡུད་མཛད་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ། བཤད་སྒྲུབ་འཁོར་ལོ་གསུམ་གྱིས་ཐུབ་བསྟན་གླིང་བཞིའི་ཁྱོན་ལ་འདོད་དགུར་དབང་བསྐུར་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོ། འཕགས་མཆོག་ཕྱག་ན་པདྨོ་མི་ཡི་གར་གྱི་རྣམ་པར་རོལ་བ། རང་ཅག་རྣམས་ཀྱི་མེ་ཏོག་གངས་ལ་ཕོག་པའི་ལྷ་སྐལ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་གཅིག་མཐོང་པ་དོན་ལྡན་༸དོན་གྱི་སླད་དུ་མཚན་ནས་སྨྲོས་ན་༸རྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་གང་ཉིད་ནི། ཇི་སྐད་དུ། དཔལ་ལྡན་ཟླ་བ་གྲགས་པའི་ཞལ་ནས། གང་ཕྱིར་ནམ་མཁའ་དྲི་མ་མེད་ལ་ཟླ་སྣང་གསལ་བར་འབྱུང་པའི་ཕྱིར། །སྔོན་ཚེ་སྟོབས་བཅུ་བསྐྱེད་པའི་ས་ལ་ཁྱོད་ཀྱིས་སླར་ཡང་འབད་གྱུར་ཅིང་། །འོག་མིན་དུ་ནི་གང་གི་དོན་དུ་འབད་གྱུར་གོ་འཕང་མཆོག་ཞི་བ། །ཡོན་ཏན་མཐའ་དག་མཐར་ཐུག་མཚུངས་པ་མེད་པ་དེ་ནི་ཁྱོད་ཀྱི་བརྙེས། །ཞེས་དང་། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དཔལ་བཟང་པོའི་ཞལ་ནས། ཁྱོད་ནི་དཔག་མེད་བསྐལ་པའི་སྔོན་རོལ་ནས། །སྟོབས་བཅུ་མངའ་བའི་རྒྱལ་ཐབས་ལ་བསྐྱོད་ཀྱང་། །འཁྲུལ་བྲལ་བློ་བཟང་བསྟན་པའི་ཤིང་རྟ་ཆེ། །ཕྱོགས་སུ་བསྒྱུར་བའི་བྱེད་པོར་བསམ་བཞིན་བྱོན། །ཞེས་གསུངས་པ་ལྟར། ངེས་པའི་དོན་དུ་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས་ས་དང་ལམ་གྱི་བགྲོད་པ་མཐའ་དག་མཐར་ཕྱིན་ཏེ། ངེས་པ་ལྔ་ལྡན་གྱི་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོར་མངོན་པར་རྫོགས་པར་སངས་རྒྱས་ཤིང་། རྣམ་རྟོག་དང་འབད་བརྩོན་གྱི་མཚན་མ་ཕྲ་མོ་ཙམ་ཡང་མེད་པར། སྐལ་བ་ལྡན་པའི་གདུལ་བྱ་རྣམས་ཀྱི་ཁམས་དང་མོས་པ་སྣ་ཚོགས་པ་ལྟར་གང་ལ་གང་འདུལ་གྱི་གཟུགས་སྐུའི་བཀོད་པ་དུ་མས་སེམས་ཅན་གྱི་དོན་མཛད་པའི་ཚུལ་ནི། ཇི་སྐད་དུ། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཞལ་ནས། ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཡི། །ཚུལ་འདི་རྒྱལ་སྲས་རང་རྒྱལ་ཉན་ཐོས་ཀྱིས། །ཇི་ཙམ་བརྟགས་ཀྱང་བློ་ཡི་ཡུལ་མིན་ན། །ཚངས་དང་དབང་པོ་སོགས་ཀྱི་སྨྲོས་ཅི་འཚལ། །ཞེས་གསུངས་པ་ལྟར་ལགས་ལ། འོན་ཀྱང་ཐུན་མོང་གདུལ་བྱའི་སྣང་ངོར་ཡོངས་གྲགས་འཁྲུངས་རབས་ཀྱི་དབང་དུ་བྱས་ན། བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོའི་དྲུང་དུ་འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་པ་དགྲ་བཅོམ་ཉེ་བར་འཁོར་དང་། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་ནང་ཚན་དུ་སློབ་དཔོན་ཡོན་ཏན་འོད། ཟབ་ལམ་རིམ་གཉིས་ཀྱི་རྣལ་འབྱོར་ལ་དབང་འབྱོར་བའི་གྲུབ་ཆེན་བརྒྱད་ཅུའི་ནང་ཚན་དུ་གྲུབ་ཆེན་དྲིལ་བུ་བ། བྱང་ཕྱོགས་ཤམ་བྷ་ལའི་ཆོས་རྒྱལ་རིམ་བྱོན་རྣམས་ཀྱི་ཁྲོད་དུ་རྒྱལ་བུ་གཙུག་ཕུད་ཅན། བསིལ་ལྡན་གངས་རིའི་ལྗོངས་འདིར་འཕྲིན་ལས་གསེར་གྱི་འཁོར་ལོས་འདོད་རྒུལ་དབང་བསྒྱུར་བའི་ཆོས་རྒྱལ་རིམ་བྱིན་རྣམས་ཀྱི་ཁྲོད་དུ་སེ་སྣོན་གནམ་ལྡེ་བཙན། སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྣམས་ཀྱི་ཁྲོད་དུ་ནག་ཚོ་ལོ་ཆེན་ཚུལ་ཁྲིམས་རྒྱལ་བ་སོགས་དང་། ཁྱད་པར་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་བ་ཆེན་པོའི་ཞལ་སློབ་གནམ་གྱིས་ས་བཀབ་པ་ལྟ་བུ་རྣམས་ཀྱི་ཁྲོད་དུ་བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་བདུན་གྱི་ནང་ཚན་མདོ་རོང་གི་མཁས་པ་མི་བཞིའི་ཡ་གྱལ་ ༧ རོང་ཆེན་དགེ་འདུན་རྒྱལ་མཚན། ལྷ་དམག་བྱེ་བ་དུང་ཕྱུར་དངོས་སུ་བཀྱེ་སྟེ་ནག་ཕྱོགས་ཐལ་བར་བརློག་མཛད་ ༧ གྲུབ་དབང་བསྟན་པ་རིན་ཆེན། སྣང་སྲིད་ཟིལ་གྱིས་གནོན་ཅིང་གནས་ཞལ་དུ་མ་འབྱེད་མཁན་ ༧ འགྲོ་མགོན་བསྟན་པ་རབ་རྒྱས། སྐུ་ལ་གནམ་ལྕགས་བབས་ཀྱང་མེ་ཏོག་གི་ཆར་བཞིན་དུ་གྱུར་པ་ ༧ ཐོགས་མེད་བློ་བཟང་འཇམ་དབྱངས། ལུང་དང་རྟོགས་པའི་ཡོན་ཏན་དང་མཛད་པ་འཕྲིན་ལས་ཀྱི་རྣམ་ཐར་འགྲན་ཟླ་མེད་པས་ཨོ་རྒྱན་པདྨ་ཀ་ར་སླར་བྱོན་པ་ལྟ་བུ་གྱུར་པ་ ༧ གྲུབ་དབང་བློ་བཟང་བསྟན་པའི་རྒྱལ་མཚན། གནས་ལྔ་གཟིགས་པའི་མ་ཧཱ་པཎྜི་ཏ་ཆེན་པོ་ ༧ དགེ་འདུན་ཆོས་ཀྱི་དབང་ཕྱུག གཞན་ཕན་གྱི་འཕྲིན་ལས་ནམ་མཁའ་དང་མཉམ་ཞིང་འགྲོ་བ་ཡོངས་ཀྱི་མ་འདྲེས་པའི་མཛའ་བཤེས་དམ་པ་ ༧ ཀུན་དགའ་ཆོས་འཕགས་ཐུབ་བསྟན་ཉི་མ། ཡོངས་རྫོགས་བསྟན་པའི་མངའ་བདག་མཁས་ཤིང་གྲུབ་པའི་དབང་ཕྱུག་ ༧ སྐྱབས་མགོན་བློ་བཟང་འཕྲིན་ལས་དཀོན་མཆོག་བསྟན་པ་རྒྱ་མཚོ། མཁྱེན་དཔྱོད་ཀྱི་བློ་གྲོས་མཁའ་ལྟར་ཡངས་པ་ ༧ སྐྱབས་མགོན་སྐལ་བཟང་བློ་གྲོས་ཀུན་དགའ་ལུང་རྟོགས་རྒྱ་མཚོ། བརྟན་མཁས་ཀྱི་ཡོན་ཏན་རབ་ཏུ་རྫོགས་པའི་ ༧ སྐྱབས་མགོན་ངག་དབང་བློ་བཟང་བསྟན་པ་ཚེ་རིང་དཔལ་བཟང་པོའི་བར་ཀྱི་འཁྲུངས་རབས་གསེར་གྱི་རི་ཚར་དུ་དངར་བ་ལྟ་བུར་བྱོན་པ་རྣམས་ཀྱིས་བསྟན་པ་དང་འགྲོ་པའི་དོན་མཛད་ཚུལ་ནི་བདག་ལྟ་བུའི་བསམ་བརྗོད་ཀྱི་ཡུལ་ལས་འདས་ཤིང། དེ་ལྟ་བུའི་མཁས་པ་དང་གྲུབ་པའི་དབང་ཕྱུག་འཁྲུངས་རབས་ཟམ་མ་ཆད་པར་བྱོན་པ་རྣམས་ཀྱི་སྤྲུལ་བའི་ཟློས་གར། ༸སྐྱབས་མགོན་མཐོང་བ་དོན་ལྡན་ཆོས་ཀྱི་རྒྱལ་པོ་མཆོག་ནི། ཇི་སྐད་དུ། རྗེ་བཙུན་བྱམས་པ་མགོན་པོའི་ཞལ་ནས། གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་པ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། །ཅེས་དང་། སྤྱི་ནོར་༧་གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་ཞལ་ནས། སླར་ཡང་ཀུན་གསལ་དབྱིངས་ལས་ཆུ་འཁུར་བཞིན། །འབད་དང་རྟོག་པ་ཉེར་ཞིའི་ཆོས་སྐུ་ལས། །འགོག་མེད་འཆར་བའི་མཆོག་སྤྲུལ་ཉིན་བྱེད་དབང་། །ཀུན་དགའི་འདབ་སྟོང་གྲོལ་བའི་གཉེན་དུ་མཛེས། །ཞེས་གསུངས་པ་ལྟར། དགེ་བཅུའི་དཔལ་དང་ལྡན་པའི་ཐེ་རོང་སྟག་མོའི་སྒང་དུ་རིགས་རུས་ཕུལ་དུ་ཕྱིན་པ་ཡབ་ཨ་ཚེ་དང་ཡུམ་ཨོ་རྒྱན་མཚོ་རྣམ་གཉིས་ཀྱིས་སྲས་སུ་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་བསམ་བཞིན་དུ་མཚན་དཔེའི་མེ་ཏོག་མངོན་པར་བཞད། མདོ་སྨད་ལྷོ་རྒྱུད་ཀྱི་བཤད་སྒྲུབ་བསྟན་པའི་ཤིང་རྟ་བ་ཆེན་པོ་ཀུན་མཁྱེན་འཇམ་དབྱངས་བཞད་པ་༸བསྟན་པའི་རྒྱལ་མཚན། འཇིགས་མཛད་དུས་དགྲའི་དབང་ཕྱུག་མི་ཡི་གར་གྱི་རྣམ་པར་རོལ་པ་མ་ཧཱ་པཎྜི་ཏ་ཆེན་པོ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ། སྤྲུལ་བའི་ཆོས་རྒྱལ་ཆེན་པོ་གནས་ཆུང་རྡོ་རྗེ་གྲགས་ལྡན་སོགས་ལྷ་དང་བླ་མས་ལུང་བསྟན་དང་ངོས་འཛིན་རྩེ་མཐུན་བྱུང་བ་ལྟར་སྐུ་ཕྲེང་གོང་མ་རྣམས་ཀྱི་ཆོས་སྟོན་པའི་ཁྲི་འཕང་མཐོན་པོར་ཞབས་པད་བཀྲ་ཤིས་ཀྱི་རེ་ཁ་མངོན་པར་བཀོད་དེ་ས་གསུམ་ཀྱི་རྒུད་པ་མཐའ་དག་ལེགས་པར་བསལ་ཅིང་བཀྲ་ཤིས་པའི་སྒོ་འཕར་དང་པོར་ཕྱེས། དེ་ཡང་ཇི་སྐད་དུ། སློབ་དཔོན་དབྱིག་གི་གཉེན་པོའི་ཞལ་ནས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་དང་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ནའོ། །ཞེས་གསུངས་པ་ལྟར། སྐྱབས་མགོན་སྐུ་ཕྲེང་གོང་མ་རྣམས་ཀྱི་རྣམ་ཐར་བདག་གིེར་བཞེས་ཏེ། ༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་༸རྗེ་བཙུན་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོའི་ཞལ་སྔ་ནས་དང་། བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་ཞིང་མན་ངག་རྒྱ་མཚོའི་མངའ་བདག་ཡོངས་འཛིན་རྡོ་རྗེ་འཆང་ཐར་འདོད་འགྱུར་མེད་རྒྱ་མཚོ་དཔལ་བཟང་པོ། གནས་ལྔ་ཀུན་གཟིགས་ཡོངས་འཛིན་པཎྜི་ཏ་དཀོན་མཆོག་ཤེས་རབ། མཁས་ཤིང་གྲུབ་པའི་དབང་ཕྱུག་ཤག་སྐོར་མཁན་རིན་པོ་ཆེ་ཉི་མ་རྒྱལ་མཚན་སོགས་ཀྱི་ཞབས་པད་གཙུག་ཏུ་བཀུར་ཏེ། གཞན་རྗེས་སུ་འཛིན་པའི་ཡན་ལག་བཟོ་དང་གསོ་བ། ལོག་སྨྲ་ཚར་གཅོད་པའི་ཡན་ལག་སྒྲ་དང་ཚད་མ། བདག་ཉིད་ཀུན་ཤེས་པར་བྱེད་བའི་ཡན་ལག་ནང་དོན་རིག་པ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་རྒྱ་མཚོ་ལྟ་བུ་ལ་གསན་བསམ་མཐར་ཕྱིན་པར་མཛད་པའི་འབྲས་རྟགས་སུ་ཨཙརྱའི་སློབ་དཔོན་དང་། དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་ཤིང་། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤེལ་བ་ནི་ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང་། ཐུན་མོང་པ་ལམ་གྱི་གཙོ་བོ་རྣམ་བ་གསུམ་དང་། ཐུན་མོང་མ་ཡིན་པ་འཇིགས་མཛད་དུས་དགྲའི་དབང་ཕྱུག  སྙིང་རྗེའི་ལྷ་གཅིག་འཕགས་མཆོག་ཕྱག་ན་པདྨོ་། དབང་ཆེན་ཡང་གསང་ཧ་ཡ་གྲི་ཝ་སོགས་ཀྱི་ཟབ་ལམ་རིམ་གཉིས་ཀྱི་རྣལ་འབྱོར་ཟབ་མོ་ཐུན་དང་ཐུན་མཚམས་མེད་པར་ཉམས་བཞེས་སུ་མཛད་པའི་སྒོ་ནས་རྒྱལ་བསྟན་རིན་པོ་ཆེ་སྤེལ་བ་ནི་སྤོང་བ་བསམ་གཏན་གྱི་འཁོར་ལོ་དང་། ༸གོང་ས་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྐུའི་མདུན་ན་འདོན་ཆོས་རིག་བཀའ་བློན་གྱི་མཛད་འགན་བཞེེས་པ་དང། བཤད་སྒྲུབ་བསྟན་པའི་འབྱུང་གནས་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་ཕྱག་འདེབས་མཛད་དེ་རིག་པའི་གནས་ལྔ་དང་བཀའ་པོད་ལྔའི་འཆད་ཉན་གསར་འཛུགས། ཕ་ཡུལ་གྱི་དགོན་སྡེ་རྣམས་སུ་གསོ་རིག་འགྲོ་ཕན་སྨན་པ་གྲྭ་ཚང་། ནང་བསྟན་སློབ་གླིང་། ཚད་མའི་དགུན་ཆོས་ཆེན་མོ། ཕར་ཕྱིན་དབྱར་ཆོས་ཆེན་མོ། བཀའ་པོད་ལྔ་དང་རྒྱུད་སྡེ་བཞིའི་འཆད་ཉན་གསར་འཛུགས་དང་ཡར་རྒྱས། མི་འཇིགས་པའི་སྦྱིན་པའི་སྒོས་དམར་ཟས་སྤངས་པ། རྗེས་བསྟན་གསུང་གི་ཆོ་འཕྲུལ་གྱི་སྒོས་བསླབ་བྱ་སོ་གཉིས་དང་བཅའ་ཡིག་གསལ་འཇུག་ངོགས་ཆ་ལག་དང་བཅས་པ་སོགས་ལྗགས་རྩོམ། བཀའ་གདམས་དགེ་བཤེས་གོང་མ་རྣམས་ཀྱི་རྣམ་ཐར་ལྟར་འཇིག་རྟེན་ཆོས་བརྒྱད་རིང་དུ་སྤངས་ཏེ་སྔར་གྱི་ཀིརྟིའི་བླ་བྲང་ཁམས་གསུམ་ཟིལ་གནོན་ཀྱི་སྲིད་དང་འཇིག་རྟེན་གྱི་བྱེད་སྒོ་མཐའ་དག་མེད་པར་བྱས་ཏེ་ཆོས་ཕྱོགས་ཁོ་ནའི་ཚོགས་སྡེ་ཀིརྟིའི་དགེ་རྩ་ཚོགས་པ་གསར་འཛུགས། ཐུགས་བརྩེ་ཀུན་ནས་བླངས་ཏེ་རབ་མང་བདག་ཅག་གདུལ་བྱ་ཡོངས་ལ་བླང་དོར་གྱི་བཀའ་སློབ་དང་ལམ་སྟོན་དུས་དང་དུས་སུ་མཛད་པ་སོགས་ནི་བྱ་བ་ལས་ཀྱི་འཁོར་ལོའི་སྒོ་ནས་བསྟན་པ་དང་འགྲོ་བའི་དོན་བླ་ན་མེད་པར་མཛད་པ་སྟེ། མདོར་ན་འཁོར་ལོ་རྣམ་གསུམ་དང་། འཆད་རྩོད་རྩོམ་གསུམ། ཐོས་བསམ་སྒོམ་གསུམ། མཁས་བཙུན་བཟང་གསུམ་གྱི་སྒོ་ནས་རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བླ་ན་མེད་པར་མཛད་པའི་བཀའ་དྲིན་ནི་སྟོང་གསུམ་རིན་ཆེན་སྣ་བདུན་གྱིས་བཀང་སྟེ་བསྐལ་བ་རྒྱ་མཚོའི་བར་དུ་ཕུལ་ན་ཡང་ཆ་ཤས་ཙམ་ཡང་གཞལ་བར་ག་ལ་ནུས། འོན་ཀྱང་དེ་རིང་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་དུས་ཚེས་བཟང་པོ་འདིར་གུས་ཅག་སྐུའི་གམ་བཅར་པ་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་བླ་གྲྭ་ཡོངས་ཀྱིས་རང་རང་གི་བསོད་ནམས་ཀྱི་སྐལ་བར་བཀའ་དྲིན་གྱི་ཆ་ཤས་ཙམ་གསབ་པའི་སླད་དུ་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ལོངས་སྤྱོད་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་རྣམས་ཀྱིས་རྒྱུར་བྱས་པ་ལས་རྣམ་པ་སྐུའི་རྟེན་དུ་རྒྱལ་བ་ཚེ་དཔག་མེད་ཀྱི་སྐུའི་སྣང་བརྙན་གསེར་ཟངས་ལས་གྲུབ་པ། གསུང་གི་རྟེན་དུ་འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་ཚར་བཅུ་གསུམ། ཐུགས་ཀྱི་རྟེན་དུ་རྣམ་རྒྱལ་མཆོད་རྟེན། སྐུའི་ན་བཟའ་ཆ་ཚང་སོགས་དངོས་འབུལ་སྟོང་མིན་ཙམ་དང་། གཞན་ཡང་མཎྜལ་རི་རབ་གླིང་བཞི་གླིང་ཕྲན། སྣོད་བཅུད་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ། སྐྱེས་བུ་ཆེན་པོ་ལ་འོས་པའི་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་ཉེ་བའི་རིན་ཆེན་བདུན། འདོད་འཇོའི་བ་དང་བུམ་པ་བཟང་པོ་སོགས་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་ཆོས་ཀྱི་དབྱིངས་དང་མཉམ་པའི་ཞིང་ཁམས་ཀུན་རྒྱས་པར་ཁྱབ་པའི་རྡུལ་ཕྲ་རབ་རེ་རེའང་དེ་ལྟ་བུའི་བཀོད་པ་དཔག་ཏུ་མེད་པས་ཁེངས་ཤིང་། དུས་འཁོར་བ་ཇི་སྲིད་པར་དེ་སྲིད་དུ་དབུལ་བ་ལགས་ན། ཇི་སྐད་དུ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཞལ་ནས། རྡོ་རྗེའི་སྐུ་ལ་སྐྱེ་འཆི་མི་མངའ་ཡང་། །ཟུང་འཇུག་དབང་གི་རྒྱལ་པོའི་ཟ་མ་ཏོག །བདག་ཅག་མོས་པ་ཇི་བཞིན་སྲིད་མཐའི་བར། །མྱ་ངན་མི་འདའ་རྟག་པར་བཞུགས་སུ་གསོལ། །ཞེས་དང་། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་ཞལ་ནས།བདག་ཅག་རྣམས་ཀྱིས་དུས་གསུམ་བསགས་དགེ། འཆི་མེད་ཚེ་ལ་དབང་པ་དྲང་སྲོང་མཐུ། །གཅིག་ཏུ་བསྒྲིལ་བས་རྟེན་འབྲེལ་མི་བསླུ་བས། །བསྐལ་བ་རྒྱ་མཚོའི་བར་དུ་ཞབས་བརྟན་ཤོག །ཞེས་གསུངས་པ་ལྟར། རང་ཅག་རྣམས་ཀྱི་འདི་ཕྱིའི་སྐྱབས་གནས་གཅིག་པུ་ ༸སྐྱབས་མགོན་ཆོས་ཀྱི་རྒྱལ་པོ་གང་ཉིད་བསྟན་པ་དང་འགྲོ་བའི་མགོན་སྐྱབས་སྤྱི་དང་། ཡང་སྒོས་བདག་ཅག་ལྟོས་བཅས་དགོན་མ་ལག་རུ་ལྷ་སྡེ་དང་བཅས་པ་ཡོངས་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་གཅིག་པུར་ཇི་སྲིད་ཉི་ཟླའི་བགྲོད་པ་མ་སྟོང་གི་བར་དུ་བཅོམ་ལྡན་འདས་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་ཞབས་པད་རྡོ་རྗེའི་ཁམས་ལྟར་བརྟན་ཅིང་། རང་ཡུལ་གངས་ཅན་གྱི་ཞིང་འདིར་ཞབས་ཟུང་བཀྲ་ཤིས་ཀྱི་རེ་ཁ་མྱུར་ཏུ་བཀོད་དེ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་དུ་སྐོར་བ་དང་། མགོན་པོ་གང་གི་ཕྱག་མཚན་དུ་བཞེས་པའི་དགོན་མ་ལག་ཐམས་ཅད་ཀྱི་དགེ་འདུན་པ་རྣམས་ཐུགས་མཐུན་ཁྲིམས་གཙང་པའི་སྒོ་ནས་ལམ་བསླབ་པ་གསུམ་གྱི་ཉམས་ལེན། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་སོགས་རྣམ་དཀར་ཆོས་ཀྱི་བྱ་བ་རྣམས་མི་ཉམས་གོང་དུ་འཕེལ་བ་དང་། དེ་དག་རྣམས་ལ་མཆོད་པ་དང་བསྙེན་བཀུར་ཚུལ་བཞིན་དུ་བྱེད་པའི་རུ་ལྷ་སྡེ་ཡོངས་ལ་ཆག་སྒོ་ཉམ་ང་སོགས་བར་གཅོད་ཀྱི་མཚན་མ་ཕྲ་མོ་ཙམ་ཡང་མེད་པར་ཆོས་སྲིད་ལུགས་གཉིས་ཀྱི་བྱ་བ་རྣམས་ཡར་ངོའི་ཟླ་བ་ལྟར་གོང་ནས་གོང་དུ་འཕེལ་བའི་སྐྱབས་འཇུག་དང་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ལགས་ན། དེ་དེ་བཞིན་དུ་ཞལ་གྱིས་བཞེས་པའི་རྡོ་རྗེའི་བཀའ་ལུང་ཟབ་མོ་བདག་ཅག་རྣམས་ཀྱི་སྤྱི་བོའི་བདེ་ཆེན་འཁོར་ལོ་མཛེས་པའི་རྒྱན་དུ་ཅི་ནས་ཀྱང་སྩོལ་བར་མཁྱཻན། མཁྱཻན། མཁྱཻན་ཅེས་གསོལ་བ་འདེབས་པ་ལགས།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.