. . . .

ཁཱ་ཤུལ་དཀོན་མེ།

༡༽ བོད་ཀྱི་རྩོམ་རིག་གི་ལོ་རྒྱུས།

 

༄༅།། ང་ཚོའི་གནས་བབས་ཀྱི་ཐོག་ནས་བོད་ཀྱི་རྩོམ་རིག་གི་ལོ་རྒྱུས་ལ་ཞིབ་འཇུག་དང་ཉམས་མྱོང་གི་ཐོག་ནས་མཐའ་དཔྱོད་སོགས་སྤྲོ་བ་བསྲིངས་པའི་ནུས་ཚད་ཁྱད་ཆོས་ལྡན་པ་ཞིག་སྤེལ་རེས་བྱེད་པ་ནི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་མི་རིགས་ཀྱི་འཕེལ་རྒྱས་བསམ་བློའི་ནུས་པ་སོགས་མཐོར་འདེགས་ཀྱི་ཆེད་དུ་ཡིན་ལ། རྩོམ་རིག་གི་ངོ་བོ་ཡང་སྤྱི་ཚོགས་ཡར་རྒྱས་ཀྱི་དུས་སྐབས་སུ་བྱུང་བར་མ་ཟད་གང་དུ་ཡི་གེ་ཡོད་ན་དེར་རྩོམ་རིག་གི་གྲུ་ཆར་འབབ་པ་སྨོས་མེད་དུ་གྱུར། དེར་བརྟེན་ང་ཚོའི་གནའ་བོའི་རིག་གཞུང་གི་ཐོག་མ་ཞང་ཞུང་ནས་བྱུང་བར་ངོས་འཛིན་བྱེད་པ་མང་ཡང་ཡི་གེ་ཕྱོགས་རེ་བ་ཡོད་པས་ཡོངས་ཁྱབ་ཀྱི་ཡི་གེ་ཡོད་པར་སྒྲུབ་མི་ཐུབ་པ་དང་ཞེས་གསུངས་པ་བཞིན། སྐབས་འདིར་ནུས་ཚད་འཕེར་བའི་བོད་སྤྱིའི་རྩོམ་རིག་གི་གཞི་མ་ར་སྤྲོད་ཐུབ་དགོས་ཚེ། ཆོས་རྒྱལ་སྲོང་བཙན་སྒམ་པོས་བཀས་བཅད་མཛད་པའི་ཐོན་མིའི་ཚེ་སྲོག་གི་ཞུན་ཐིགས་དེ་ཡིན་པ་རྩོད་གླེང་མེད།

 

          དེས་ན་ང་ཚོའི་རྩོམ་རིག་གི་ཐོག་མ་ཡང་ཆོས་རྒྱལ་འདི་ཉིད་ཀྱི་སྐུ་རིང་ལ་ཚུགས་པ་ཡིན་ཞེས་བརྗོད་ན། དེ་ལ་འགལ་བ་མེད་དེ་སྐབས་དེར་ཐོན་མིས་ཡི་གེ་བསྡུ་བསྒྲིགས་ཀྱི་ཆེད་རྩོམ་ཅི་རིགས་སྤེལ་ཡོད་པར་ངེས་ལ། ཁོང་གིས་རྒྱལ་པོ་ལ་བྱ་དཀའ་བའི་ལམ་ནས་ཕུལ་བའི་རྩོམ་ཕུད་ཀྱང་དེ་ལས་མ་འདས་མོད། དུས་སྐབས་དེ་ནས་བཟུང་ཉམས་མྱོང་གསར་པ་ངོ་སྤྲོད་ཀྱི་རིམ་པ་དར་རྒྱས་སུ་ཕྱིན་ནས་བོད་དམངས་ཁྲོད་ཀྱི་འཚོ་བའི་སྒྱུ་རྩལ་མངོན་གསལ་དུ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་ཏུན་ཧོང་གི་ཡིག་རྙིང་སོགས་ལས་མཚོན་ཐུབ་ཡོད། འོན་ཀྱང་སྤྱི་ཚོགས་ཀྱི་ཁྱད་འཕགས་དང་སྟོབས་ཤུགས་ལ་བརྟེན་ནས་ཆོས་རྒྱལ་རིམ་བྱོན་གྱིས་གསར་བཏོད་དང་རྒྱུན་འཛིན་དར་རྒྱས་སོགས་ཀྱིས་དེ་དག་རིག་གནས་ཀྱི་རྗེས་ཤུལ་དུ་ལྷག་ནས་ཁྱད་ཆོས་ལྡན་པའི་སྐད་གསར་བཅད་ཀྱི་ལེགས་སྐྱེས་ཕུལ།

 

          ཡིན་ན་ཡང་དུས་རབས་ཀྱི་འགྱུར་འགྲོས་དང་མིའི་སེམས་ཁམས་གཉིས་དཀྱུས་གཅིག་ཏུ་འདྲེས་ཡོད་པར་བརྟེན་གནའ་བཟང་དེང་སྤྱོད་ཀྱི་དཔེ་བཞིན་ས་སྐྱའི་གདུང་རབས་ནས་རྩོམ་རིག་གི་སྐྱེས་སྟོབས་རང་བཞིན་ལྡན་པའི་སྒྱུ་རྩལ་ཁྱད་འཕགས་ཤིག་ཏུ་གྱུར་ཟིན་ནས་ང་ཚོས་འཚོལ་བཞིན་པའི་སེམས་ཁམས་ཀྱི་སྤྱོད་སྟངས་འཛམ་གླིང་དང་མཉམ་འདྲེས་ཀྱི་གོམ་ཁ་བསྒྱུར་འགོ་བརྩམས། དེ་ཡང་རྩོམ་རིག་ནི་ཕྱི་རོལ་ཡུལ་གྱི་བྱ་དངོས་ཀྱི་རྣམ་པ་སྟེ་སྤྱི་ཚོགས་ཀྱི་འཚོ་བ་དངོས་དང་ཁ་བྲལ་ཐབས་མེད་ཅིང་སྤྱི་ཚོགས་གསར་པའི་ནང་མཁས་བརྒྱ་འགྲན་གླེང་གི་རྩོམ་རྩལ་གསར་པའི་ལམ་ཕྱོགས་བསྒྱུར་བ་ཡང་ང་ཚོའི་ལོ་རྒྱུས་ཀྱི་བསམ་བློ་ལ་ཤ་ཞེན་ལྡན་པའི་བོད་མི་རིགས་ཀྱི་སྲོག་རྩ་འཛིན་པའི་ནུས་ལྡན་ཁྱད་པར་བ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད།

 

༢༽ རྩོམ་རིག་དང་མི་རིགས་ཀྱི་ཁྱད་ཆོས།

 

       ༧གོང་ས་༧སྐྱབས་མགོན་ཆེན་པོའི་ཞལ་ནས་ “ང་ཚོ་འགྱེལ་ས་ནས་ལང་རྒྱུའི་དམིགས་ཡུལ་བཟུང་ཡོད་དུས། ང་ཚོའི་སྐད་ཡིག་ཕྱུག་པོ་བཟོ་རྒྱུ་དང་། བོད་ཀྱི་སྐད་ཡིག་ཐོག་ནས་ལས་རིགས་ཆ་ཚང་བྱེད་ཐུབ་པ་ཞིག་ང་ཚོས་བྱེད་དགོས་” གསུངས་པ་བཞིན་བྱ་ཐབས་གང་ལ་བརྟེན་ཀྱང་ཆབ་སྲིད་དང་དཔལ་འབྱོར། སྒྱུ་རྩལ། གསོ་རིག་སོགས་ལ་བོད་རང་གི་ཁྱད་ཆོས་སྤུས་གཙང་ཞིག་ལྡན་ཚེ། མི་རིགས་དེའི་རྩོམ་རིག་ལོ་རྒྱུས་ལ་གཟི་འོད་འཕྲོ་བའི་འཁྲབ་གཞུང་རྒྱུན་ལྡན་ཞིག་བཟོ་ཐུབ་པ་ང་ཚོར་མིག་མཐོང་ལག་ཟིན་དུ་གྱུར་ཡོད། དེ་བཞིན་“ མི་རིགས་ཀྱི་ཁྱད་ཆོས་མེད་ན་མི་རིགས་རྩོམ་རིག་ཅེས་པའང་གླེང་ཐབས་བྲལ་” བ་དེའི་རིགས་དེ་ལ་དོ་སྣང་བྱེད་དགོས་པའི་རེ་སྐུལ་ཞིག་ཞུས་ཡོད་པ་གཤམ་གསལ།

 

          དང་པོ་ནི་རྩོམ་རིག་གི་འཚོ་སྟོབས་མངོན་དགོས་པའི་གསལ་བརྡ་ཞིག་ཡིན་ཞིང་། ཕྱོགས་གཅིག་ནས་བལྟས་ན་རྩོམ་རིག་གི་བརྩམ་བྱའི་ཐད་མི་རིགས་རང་གི་འཚོ་བ་བརྗོད་གཞི་བྱས་ནས་དངོས་པོའི་འཚོ་བ་དང་ཚད་གཞི་ཅན་དུ་འགྱུར་བའི་འཕེལ་ཕྱོགས་ཀྱང་ཡིན།

 

              གཉིས་པ་ང་ཚོའི་སྤྱི་ཚོགས་ནང་བཀོལ་སྤྱོད་འདྲ་མིན་གྱི་དབང་གིས་རྩོམ་རིག་གི་ཐོག་ལས་སྣོན་ཞིག་བྱུང་བ་ནི་སྐབས་འདིར་མ་འཚམས་པའི་ཕྱིའི་རིག་གཞུང་གི་ཤུགས་རྐྱེན་ཐེངས་དང་པོ་ཐེབས་པ་དེ་ཡིན་ཞིང་། དེ་དག་གིས་བོད་ཀྱི་འཚོ་བ་བརྗོད་གཞིར་བྱས་ཏེ་དཀར་འདོན་བྱས་ནའང་འགལ་ཆ་མང་དག་ཅིག་ཁུར་ཡོད། དེང་སྐབས་བོད་མིའི་སྤྱི་ཚོགས་ནང་ཆ་མཚོན་ན་མི་རིགས་རྩོམ་རིག་ཐད་ཤིན་ཏུ་སྙོམས་དཀའ་བའི་འགུལ་ཤུགས་ཆེན་པོ་ཞིག་ཐེབས་པ་ནི། ང་ཚོར་སློབ་ཆུང་གི་དུས་ནས་ཕྱིའི་སྐད་ཡིག་བེད་སྤྱོད་བཏང་བས་སློབ་མ་གང་འཚམས་ཤིག་གི་བསམ་བློའི་རྒྱུན་ཤེས་དེར་འཁོར་བ་མ་ཟད་སློབ་ཆེན་གྱི་ནང་དུ་ཡང་བོད་ཀྱི་ཡིག་རྨོངས་ལས་མ་སད་པ་མང་བར་བརྟེན་མི་རིགས་ཀྱི་ཁྱད་ཆོས་ལ་ཉེན་ཚབས་ཆེ་བའི་ཤན་ཞུགས་གསུབ་མི་ཐུབ་པ་ཞིག་ཐེབས་ཡོད། མི་རིགས་གང་ཞིག་ཡིན་ནའང་སྐད་ཀྱི་གྲུབ་ཆ་གཙོ་བོ་རྩོམ་རིག་གི་གདེང་ཚོད་ལ་གཞལ་ནས་བྱུང་བ་ཡིན་དུས་རང་བྱུང་གི་ཅ་དངོས་མང་དག་ཅིག་ལ་ང་ཚོ་ཐ་སྙད་ཀྱིས་རྨོངས་ནས་རྗོད་བྱེད་ཀྱི་གཞི་རྩའི་མ་ལག་གྲུབ་མེད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བལྟས་ཚེ་ང་ཚོས་བརྗོད་བཞིན་པའི་འོས་འགན་དང་མི་རིགས་ཀྱི་རྣམ་པ་གཉིས་ཐ་དད་དུ་སོང་བའི་འགལ་ཆ་ཡོད་སྟབས་ཕྱིའི་ཞིབ་འཇུག་པའི་ནང་ནས་བསམ་པའི་ལྟ་ཚུལ་ཧ་ཅང་གི་རྗེས་ལུས་ཐེབས་ཡོད། དེར་བརྟེན་རྩོམ་རིག་གི་ཉམས་འགྱུར་མི་རིགས་དེ་ཉིད་ཀྱི་འཚོ་བ་བརྗོད་གཞི་བྱས་ནས་དར་རྒྱས་དང་ཤུགས་སྣོན་བྱས་ཏེ་འབྱུང་འགྱུར་གྱི་བརྩམ་བྱ་དག་ཐུན་མིན་རང་བཞིན་དང་ལྡན་པའི་སྒོ་ནས་གནད་འགག་ཅིག་ཏུ་ངོས་འཛིན་བྱ་རྒྱུ་འོས་འགན་དུ་ཆགས་ཡོད། དངོས་འབྲེལ་མིང་དོན་མཚུངས་པའི་བརྩམ་བྱའི་ངག་སྦྱོར་དེ་མི་རིགས་རང་ཉིད་ཀྱི་སྐད་ཡིག་ཐོག་ནས་བེད་སྤྱོད་གང་ཐུབ་བྱས་ན་དེ་དག་གི་ཁྱད་ཆོས་སུ་འགྱུར་མོད། ང་ཚོའི་བྱེད་ཕྱོགས་དེ་ལས་ལྡོག་སྟེ་ལྟ་ཚུལ་མི་མཐུན་པ་འགའ་བྱུང་བ་གཤམ་གསལ། རྩོམ་པ་པོ་བོད་རིགས་ཀྱིས་ཕྱིའི་སྐད་ཡིག་ཐོག་འཛམ་གླིང་གི་སྤྱི་ཚོགས་ངོ་སྤྲོད་དང་ཚན་རིག་གི་ལོ་རྒྱུས་ལ་ལྟ་ཚུལ་སོགས་ཀྱི་ཐོག་ནས་བོད་རང་གི་ཡིག་སྦྱོར་དང་འཚོ་བ་ལ་མཐོང་ཆུང་བྱེད་པ། རྩོམ་རིག་འགྲན་བསྡུར་སྐབས་ཕྱིའི་སྐད་ཡིག་གི་ལྟ་ཚུལ་གཙོ་བོར་བཟུང་ནས་མཐོར་འདེགས་དང་ཡིད་ཆེས་དགའ་ཞེན་སོགས་ཀྱི་རམ་འདེགས་ལ་བརྟེན་ནས་སོ་སོའི་རྩོམ་རིག་ལ་གོ་གནས་མི་སྤྲད་པ། རང་གི་སྐད་ཡིག་བེད་སྤྱོད་བྱས་ཀྱང་གཞན་གྱི་རིག་གཞུང་གི་ཆེ་བ་དང་དེའི་ཡོན་ཏན་བཀོད་ནས་མི་རིགས་རང་ཉིད་ཀྱི་ཁྱད་ཆོས་རྡོག་རོལ་དུ་གཏོང་བ་སོགས་རྩོམ་རིག་གི་རྣམ་པ་འགྲུབ་སའི་ཁོར་ཡུག་ནང་བློ་ཕམ་གྱི་ས་བོན་མི་ཉུང་བ་ཞིག་བཏབ་ཡོད། ཡིན་ནའང་རྩོམ་རིག་གི་འཁྲབ་སྟེགས་སྟེང་མཐོང་ཆོས་སུ་གྱུར་པའི་བོད་མི་རིགས་ཀྱི་ལེ་ཚན་དཔྱད་བསྡུར་གྱི་གོ་རིམ་ཞིབ་ཆ་ལྡན་པའི་སྒོ་ནས་ནང་དོན་དང་རྣམ་པ་གཅིག་གྱུར་མེད་ན་འགྲུབ་ཐབས་མེད། ཚུལ་དེ་ལ་བརྟགས་ནས་མི་རིགས་ཀྱི་ཁྱད་ཆོས་དང་རྩོམ་རིག་གི་རྒྱུན་སྲོལ་གཉིས་གཅིག་མཚུངས་ཀྱི་སྒོ་ནས་དར་སྤེལ་བཏང་སྟེ་རྩོམ་རིག་གིས་ཕྱུག་པའི་མི་རིགས་དང་རིག་གཞུང་ཕུན་སུམ་ཚོགས་པ་ཞིག་བསྐྲུན་ཚེ་གངས་ལྗོངས་ཀྱི་རྣམ་ཤེས་སླར་ཡང་གོ་ལའི་སྟེང་ལན་གཅིག་འོང་བར་ངེས།

 

༣༽ ཕྱིའི་སྐད་ཡིག་ལས་བརྩམས་པའི་རྩོམ་རིག་གི་ཉམས་གུད།

 

ང་ཚོས་བློ་རྒྱ་ཆེར་བསྐྱེད་ངང་མེ་ཏོག་མཉམ་བཞད་ཀྱི་དཔེ་བཞིན་མདུན་དུ་འཕོ་བའི་རྩོམ་རིག་འདི་སྤུས་ཀ་ཇེ་ལེགས་སུ་གཏོང་རྒྱུ་གཞིར་བཟུང་གླེང་བར་བྱ་བའི་དོན་གྱི་གཙོ་བོ་ཡང་མི་རིགས་རང་ཉིད་ཀྱི་འཚོ་བ་དངོས་ལ་ལག་ལེན་བསྟུན་ཐབས་བྱེད་དགོས་ན་དོན་གནད་ཆེ་བའི་འགན་ཁ་ཤས་ང་ཚོའི་ཕྲག་པར་འཁུར་དགོས་ཤིང་། དེ་དག་གི་གཙོ་བོ་ཕྱིའི་སྐད་ཡིག་ལས་འཕྲོས་མོལ་བྱུང་བ་དེ་ཡིན། ཁོ་བོའི་བསམ་པར་བོད་མི་རིགས་ཀྱི་ཁྲོད་དུ་བརྗོད་ཚུལ་འདི་རིགས་བློ་ངོར་འབབ་དཀའ་བ་ཞིག་ཡིན་པས་བཏང་སྙོམས་སུ་འཇོག་འདོད་ནའང་ད་ཆ་དེའི་རིགས་ཀྱི་བསམ་བློའི་འཆིང་ཐག་བཀྲོལ་ཏེ་ཕྱོགས་སོ་སོའི་མི་རིགས་ཡར་ཐོན་ཅན་གྱི་མིག་སྔར་འཆམ་པའི་རང་རིགས་ཀྱི་གྲིབ་མ་འདི་གཟུགས་རིས་ཤིག་ཏུ་བསྒྱུར་ཐབས་བྱ་རྒྱུ་ནི་སྤྱི་ཚོགས་འཕེལ་ཕྱོགས་ཀྱིས་ང་ཚོར་སྤྲད་པའི་འགན་དབང་ཞིག་ཡིན། དེས་ན་གོང་དུ་བརྗོད་པའི་ཕྱིའི་སྐད་ཡིག་གི་གནས་ཚུལ་དེ་རིགས་བྱུང་ཚེ་ང་ཚོའི་མི་རིགས་འདི་དུས་རབས་བདུན་པའི་སྔོན་གྱི་གླེན་ལྐུགས་ཀྱི་སྤྱི་ཚོགས་སུ་སླར་ཡང་ལན་གཅིག་འཕོ་རྒྱུ་ལས་མ་འདས་ཤིང་། མེས་པོ་གོང་མ་རྣམས་ཀྱིས་བཏབ་པའི་རྩོམ་རིག་གི་ལོ་ཏོག་དང་པོར་བདག་ཏུ་བཟུང་། བར་དུ་རྩོད་གཞིར་བཞག མཐར་ཉམས་ཆག་ཅན་དུ་གྱུར་པ་ལས་ཕྱི་རབས་ཀྱི་འདུན་པ་ལ་དགོས་དབང་གི་ཆ་ཕྱོགས་གཅིག་ཀྱང་གཏད་རྒྱུ་མ་མཆིས། དེ་དག་རྒྱུ་མཚན་དུ་བྱས་ནས་རྩོམ་རིག་གི་སྟེང་གླེང་བཞིན་པའི་ས་བོན་ཉམས་དམས་སུ་མི་གཏོང་བའི་ཆེད་རང་གི་སྐད་ཡིག་ཕྱུག་པོ་བཟོ་རྒྱུ་དང་མི་རིགས་དེའི་འཚོ་བ་བརྗོད་གཞི་བྱས་ནས་བརྩམས་ཆོས་མང་དག་ཅིག་བཏོན་ནས་གོང་འཕེལ་གྱི་རྐང་པ་བརྟན་པོ་ཞིག་འཛུགས་ཐབས་གནང་རྒྱུ་སྐབས་འདིའི་སྐྱབས་སུ་བཅོལ་བྱ་ཡིན།

 

           ཁོ་བོས་རང་གི་མི་རིགས་ཀྱི་ཁྲོད་དུ་ཤི་གསོན་མི་སྙོམས་པའི་གནད་ས་འགའ་མཐོང་བ་འདི་ཤེས་ལྡན་མི་སྣའི་ཁྲོད་ཀྱི་གསང་ཚིག་ལས་ “རྨོངས་ཞེན” དང་ “བག་འཁུམས་” ཞེས་པའི་ཚིག་ལ་འབྲེལ་བྱུང་བ་གཏན་ནས་མིན། གང་ཡིན་ཟེར་ན། བོད་ཀྱི་རྩོམ་རིག་ཁྲོད་ནང་ཆོས་ཀྱི་མཛད་རིམ་ལེགས་གྲུབ་ཟིན་ཡོད་ལ། དེའི་གཞི་རྒྱ་དང་དངོས་སུ་འབྲེལ་ནས་བྱུང་བའི་ལས་རིམ་གྱི་ཕན་འབྲས་ང་ཚོས་བེད་སྤྱོད་བྱེད་སྐབས་དང་པོར་གཞན་ཕན་གྱི་བང་ཁ་བརྡལ། བར་དུ་སློབ་དཔོན་གྱི་ལམ་ཕྱོགས་འཁྲུལ། ཐ་མར་མི་རིགས་ཀྱི་བླ་བཙོངས་ནས་སོ་སོའི་འཚོ་ཐབས་གསོ་སྐྱོང་བྱས་པ་སོགས་གཞི་རྩའི་ནང་ཆོས་ཀྱི་འཕེལ་རིམ་དུ་ང་ཚོར་གྱོང་གུད་ཚབས་ཆེན་ཞིག་བྱུང་ཡོད་པ་མཐོང་ཆོས་སུ་གྱུར་ཡོད། གལ་ཏེ་ལས་རིམ་དེ་ལེགས་གྲུབ་ཟིན་ཡོད་ཚེ་འཛམ་གླིང་གི་ཡུལ་གྲུ་མང་དག་ཅིག་ལ་ང་ཚོའི་སྐད་ཡིག་གི་གོམ་ཁ་བསྒྱུར་ཏེ་རྩོམ་རིག་ལོ་རྒྱུས་ཐོག་རྒྱུན་སྲོལ་ཁྱད་པར་བ་ཞིག་གསར་བཏོད་བྱས་ཡོད། ཡིནའང་མི་རིགས་རང་ཉིད་ཀྱི་སྐད་ཡིག་ཐོག་བསམ་བློའི་སྤེལ་ཤུགས་ཆེན་པོའི་རྡོག་ཁ་ཐོན་པ་ཞིག་མ་བྱུང་ཚེ་རང་གི་མི་རིགས་དང་། ཤེས་ཡོན། ལོ་རྒྱུས་བཅས་ཀྱི་འཕེལ་ལམ་ཡང་འདི་ནས་བཅད་པ་ཡིན་པས་དུས་རབས་ཀྱི་འགག་འཕྲང་འདི་ནས་གངས་ལྗོངས་ཀྱི་མ་ལག་འཐུས་ཚང་ཞིག་མི་རབས་ཕྱི་མ་ལ་ང་ཚོས་རྩིས་སྤྲོད་བྱེད་ཐུབ་ཐབས་མེད། དེར་བརྟེན་ཁ་ཕྱོགས་གཅིག་ཐོན་ངང་ནས་མི་རིགས་རང་གི་ཤེས་ཡོན་དང་སྤྱི་ཚོགས་ཡར་རྒྱས་འགྲོ་ཆེད་རྩོམ་རིག་རྨང་གཞི་དར་སྤེལ་རྒྱུན་མཐུད་བྱས་ནས་དཔེ་མཚོན་བཟང་པོ་ཞིག་དངོས་སུ་བཏོད་ན་རྒྱ་ཆེའི་གཟིགས་སྐྱོང་བ་རྣམས་ཀྱི་དགའ་བསུ་འཐོབ་ཅིང་གྲུབ་ཆ་དང་ལག་ལེན་གཉིས་ཀྱི་ཐོག་ནས་སྣང་ཆུང་དུ་འཇོག་པ་ཡང་མེད། དེ་མིན་རྩོམ་རིག་གི་རྙོག་གླེང་འདིའི་ནང་སྣང་ཆུང་དུ་སོང་ན་ཤི་གསོན་གཉིས་ཀྱི་ལམ་ཁ་ནས་ཐུར་དུ་ལྷུང་སྟེ་ “མང་སྣེ་ཉུང་གིས་མི་བརྟེན་པའི་” དཔེ་བཞིན་སེམས་མཚོན་གྱི་རི་མོ་འགོད་རྒྱུའི་རྒྱུས་མངའ་མེད་པ་ཞིག་ལ་ཆགས་སྲིད།

 

          ད་དུང་ཕྱོགས་གཞན་ནས་བསམ་བློ་བཏང་ན། སྤྱི་ཚོགས་འཕེལ་རིམ་ནང་དངོས་པོའི་གནས་ཚོད་འཇལ་ཐུབ་པའི་བསམ་བློའི་རྒྱང་ཐག་མི་ཆོད་པ་དང་། ཡར་ཐོན་གྱི་ཚད་གཞི་ཆུང་བ། ཆབ་སྲིད་ཀྱི་གཡོ་འགུལ་ཐེབས་པའི་ཕྱི་ཕྱོགས་ཀྱི་མཐོང་རྒྱ་བཅད་པ་སོགས་ནི་མི་རིགས་འདི་ཡར་བསྐྱེད་མ་བྱུང་བའི་མཚོན་རྟགས་གསལ་བོ་ཞིག་རེད། གང་ལྟར་ང་ཚོའི་བསམ་པའི་སྒྱུ་རྩལ་གྱི་རིག་པ་གཙོ་བོར་བརྗོད་པར་འདོད་པའི་ཤུགས་རྐྱེན་དེས་སོ་སོའི་མི་རིགས་ལ་ཁེ་ཕན་གྱི་བང་ཁ་བཏེགས་ནས་བརྩམ་བྱའི་སྐད་ཡིག་དང་བརྗོད་གཞི་གཅིག་མཚུངས་ཀྱིས་མི་རིགས་ཀྱི་ཁྱད་ཆོས་མཚོན་པ། མང་ཚོགས་ཀྱི་རེ་འདུན་མཚོན་ཕྱིར་སྐད་ཡིག་གཞན་ལ་མ་འཐམས་པར་གནའ་བོའི་རྒྱུན་སྲོལ་དར་སྤེལ་བྱེད་པ། རྩོམ་རིག་ལ་ལོངས་སུ་སྤྱོད་ཕྱིར་ངག་སྦྱོར་གྱི་གྲུབ་ཆ་ཡང་དག་པའི་སྒོ་ནས་མི་རིགས་ཀྱི་ཉམས་འགྱུར་ཇི་མ་ཇི་བཞིན་སྟོན་པ་སོགས་རྩོམ་རིག་གི་འཕེལ་རྒྱུན་ལ་དོ་སྣང་ཆེ་བའི་བློ་སྒོ་འབྱེད་ཐུབ་པའི་དྲན་བསྐུལ་གང་ལེགས་བྱེད་དགོས།

 

༤༽ སྤྱི་ཚོགས་དང་འཚམས་པའི་རྩོམ་རིག་གི་འཕེལ་རྒྱུན།

 

       མི་རིགས་གང་ཞིག་ཡིན་ནའང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གྱི་དཔེ་འདྲེན་པ་གཅིག་མཚུངས་ཡིན། དེ་བཞིན་ང་ཚོས་ཀྱང་ཉམས་པ་སླར་གསོའི་བསམ་པའི་གནས་ཚོད་ལ་གདེང་འཇོག་བྱེད་སྐབས་རང་བཞིན་གྱིས་ཐབས་ལམ་མི་ཉུང་བ་ཞིག་བྱུང་ཡོད་ཅིང་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ཐོན་ཡོད། དཔེར་ན། སྤྱི་ཚོགས་འཕེལ་རིམ་གྱི་འགྱུར་ལྡོག་ཁྲོད་རིག་གཞུང་སྲུང་སྐྱོབ་དང་མི་རིགས་བདེ་འཇགས་ཀྱི་ཆེད་དུ་ལོ་རྒྱུས་དོན་མཐུན། ད་ལྟའི་སྤྱི་འགྲོས་དང་མཐུན་པའི་བསམ་བློ་ཡར་ཐོན་སོགས་གང་འཚམས་རེ་ང་ཚོར་རྒྱུས་མངའ་ཅན་དུ་གྱུར་ཡོད་ཅིང་མྱོང་ཚོར་གྱི་གོམ་ཁ་ཡང་བསྒྱུར་ཡོད། ཡིན་ནའང་འདིའི་ཐད་ཕྱོགས་ཡོངས་ཆ་མཐུན་པ་ཞིག་བྱུང་མེད་པ་མ་ཟད་གང་འཚམས་ཤིག་གི་སྲོལ་རྒྱུན་གྱི་ལས་རིམ་ནང་ཐལ་འཚུབ་ཆེ་བའི་སྟོང་ཆ་མང་བོ་གླེང་སློང་བྱུང་ཞིང་། ཁ་ཅིག་གི་རྒྱུ་མཚན་ཅི་ཡིན་སྐོར་ཡང་ཤོད་དཀའ་བའི་ལས་རིམ་ཁྱད་མཚར་བ་དག་བྱུང་ཡོད། དེའི་དབང་གིས་ང་ཚོ་རྩོམ་རིག་གི་ལོ་རྒྱུས་ལ་འབད་མཁན་ཞིག་ཡིན་པའི་ཆ་ནས་སྟོང་ཆ་དེའི་དབྱེ་ཞིབ་ལ་མནོ་བསམ་མ་བཏང་བར་རྒྱུས་མངའ་མེད་པ་ཞིག་ཆགས་ནས་མི་ཉམས་གོང་འཕེལ་གྱི་བྱ་བ་ལ་གནོད་སྐྱོན་གང་འཚམས་ཤིག་བཏང་ཡོད་པ་མཐོང་ཐོས་སུ་གྱུར་ཡོད། ཁོ་བོའི་བསམ་པར་དེ་ནི་བཙན་དབང་གི་ཤུགས་རྐྱེན་ཐེབས་པའི་ཉམ་ཆུང་གི་ཁ་ཟས་ཤིག་ལས། སྤྱི་ཚོགས་ཀྱི་བློ་སྟོབས་འཕེལ་བའི་ལམ་ཕྱོགས་གང་ལ་ཡང་ངོས་འཛིན་མི་ཐུབ།

 

          སྤྱི་ཚོགས་དང་འཚམས་པའི་བཀོལ་སྤྱོད་བྱེད་པ་ལ་དང་པོ་ཐལ་དྲགས་པའི་ལས་རིམ་འདི་དངོས་སུ་འབྱོར་བ་མིན་པས་བསམ་བློ་རྗེས་ལུས་སུ་ཐེབས་པ་དང་། དངོས་སྤྱོད་ཀྱི་ལག་ལེན་དང་བསྟུན་ནས་རྗེས་འབྲེལ་སྐྱོང་དགོས་ཤིང་མར་མེ་རླུང་གཟིམ་ལྟར་རྩ་བའི་དམ་བཅའ་བོར་ནས་བྱིས་སྒྲུང་ལྟ་བུ་ཞིག་འཛིན་པ་ཡང་འབྱུང་སྲིད་པས། གཙོ་བོ་ད་ལྟའི་སྐབས་སུ་ང་ཚོ་འཛམ་གླིང་དང་མཉམ་འདྲེས་ཀྱིས་རྩོམ་ལུགས་ལྟ་བ། གཙོ་སྐྱོང་བྱེད་པའི་ལས་རིམ་འདི་མངོན་དགོས་ཚེ་ལྟ་ཚུལ་འགའ་ང་ཚོས་གོང་འཕེལ་ལ་གཏང་དགོས་པས།

 

          དང་པོ། མི་རབས་གོང་མའི་ལྟ་ཚུལ་ཙམ་མ་ཡིན་པར་སྐབས་འདིར་འཛམ་གླིང་ནང་མཉམ་འདྲེས་ཀྱིས་གཙོ་སྐྱོང་ཐུབ་པ་ལ་རྩོམ་རིག་གི་ངོས་ནས་བསམ་བློ་ཕྱུག་པོ་བཟོ་རྒྱུ་དང་མི་རིགས་ཀྱི་རྣམ་པ་གསལ་སྟོན་བྱ་རྒྱུ།

 

          གཉིས་པ། རྩོམ་རིག་ནི་མི་རིགས་གོང་འཕེལ་དང་སྤྱི་ཚོགས་སློབ་གསོ་འབྱུང་བའི་རྒྱུ་ཆ་ཡིན་ཞིང་དེའི་ལྟ་སྤྱོད་ནི་རྩོམ་པ་པོ་ལ་དབང་བས་བསམ་བློ་དང་རང་བཞིན་དེར་སྟོབས་ཤུགས་བསྐྱེད་རྒྱུ་དང་དེ་གུ་ཡངས་གཏོང་དགོས།

 

       གསུམ་པ། རྩོམ་མཁན་གྱི་རང་མདངས་ལས་བྱུང་བའི་ལྟ་བ་བཟང་ངན་གང་ཡིན་རུང་དེ་ནི་རིགས་དེའི་བདག་དབང་བྱེད་པ་ལས་ཡོད་ཚད་ཀྱི་ལག་པ་རྐྱོང་བའི་འགན་དབང་རྩ་བ་ནས་མིན།

 

              དེ་དག་རྒྱུ་མཚན་དུ་བྱས་ནས་མི་ཉམས་གོང་འཕེལ་གྱི་ལས་དབང་ཚད་མཐོར་གཏོང་རྒྱུ་དང་བྱ་དངོས་ཐམས་ཅད་སྤྱི་ཚོགས་ཀྱི་ལམ་ཁར་ཞུགས་པའི་མཐུན་འགྱུར་དང་ཡིད་ཆེས་འབྱུང་བ་བློ་སྤོབས་ཅན་དུ་འགྱུར་ཞེས་ཁོ་བོས་སྨྲ་བྱེད་ཀྱི་མདུད་རྒྱ་གྲོལ་ཆོག འདིར་བརྗོད་བཞིན་པའི་མི་ཉམས་གོང་འཕེལ་ནི་ཚད་མཐོ་ཅན་ལ་དབང་བའི་བྱ་ལས་སྣ་ཚོགས་ཀྱི་སྤྱོད་ཡུལ་ཞིག་སྟེ་སྐབས་རེར་སྤྱི་ཚོགས་དང་མཉམ་འདྲེས་བྱུང་ཞིང་སྐབས་རེར་སྤྱི་ཚོགས་ཀྱི་ལྟ་སྤྱོད་ལས་བརྒལ་བ་སོགས་བྱ་བ་སྣ་ཚོགས་སྤེལ་བར་བརྟེན་གོང་དུ་བརྗོད་པའི་རིགས་དེའི་བདག་དབང་བྱེད་པ་ཞེས་པའི་གནད་འདི་དངོས་ཡོད་ཀྱི་ལམ་ནས་བགྲོད་ཐུབ་པ་ཧ་ཅང་གལ་ཆེའོ། །

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.