2023.8.8 01ལོ་རེའི་ཕྱི་ཟླ་༨ ཚེས་༨ ཉིན་ནི་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་སྐུའི་འཁྲུངས་ཚེས་ཡིན་ཞིང་། ད་ལོ་སྐུའི་འཁྲུངས་ཡུལ་གཟའ་རུ་རོང་འབྲོང་ཐུན་མོང་གིས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད། 

དེ་ཡང་ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་དགེ་འདུན་པ་གྲངས་བདུན་གྱིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་ཚེ་སྒྲུབ་ཉིན་བདུན་སྔོན་སོང་གི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས། 

ཉིན་དེའི་ཞོགས་པའི་ཆུ་ཚོད་ ༨།༤༠  ཙམ་ནས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་འདུས་མང་དང་། སྐུ་མགྲོན་རྣམ་པ་ཡོངས་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཚོམས་ཆེན་གྱི་བཞུགས་གྲལ་དུ་འཁོད། ཆུ་ཚོད་ ༩ །༡༥ ཙམ་ལ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ཚོགས་དབུར་༸ཞབས་སོར་འཁོད། བཞུགས་ཁྲིར་ཞབས་སོར་འཁོད་མ་ཐག དེ་རིང་ངོས་འདིར་ཁྲི་ཐོག་ལ་བསྡད་ཡོད་ཀྱང་། ང་ཚོ་ཚང་མས་དམིགས་པའི་གཙོ་བོ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་ཕུལ་བའི་མོས་པ་དང་ཐུགས་སྨོན་གནང་རོགས་གནང་། དེ་ལྟར་བྱས་ན་ཕན་ཐོགས་རྒྱ་ཆེན་པོ་ཡོང་གི་རེད། ངས་ནམ་རྒྱུན་ཞུས་བསྡད་ཀྱི་ཡོད་པ་དེ་ག་རང་ཡིན་ཞེས་གསུངས་རྗེས་བརྟན་བཞུགས་དབུ་འཛུགས་གནང་། འཁྲུངས་ཡུལ་གཟའ་རོང་འབྲོག་གི་སྐུ་ཚབ་གཉིས་ཀྱིས་མཎྜལ་འདེགས་འབུལ་ཞུས་ཤིང་། ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་དཀོན་མཆོག་རྒྱ་མཚོ་མཆོག་གིས་མཎྜལ་བཤད་པ་གནང་གྲུབ་པ་དང་། སྐུ་གསུང་ཐུགས་རྟེན་དང་། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད་སོགས་འབུལ་རྫས་རྣམས་རིམ་པར་ཕུལ། གཏང་རག་གི་མཎྜལ་གཟའ་རོང་འབྲོག་གི་སྐུ་ཚབ་གཉིས་ཀྱིས་འདེགས་འབུལ་ཞུས། དེ་ནས་བོད་མིའི་སྒྲིག་འཛུགས་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་མཆོག་དང་། དཔལ་འབྱོར་དྲུང་འཕར་སྐུ་ངོ་བདུད་འདུལ་རྡོ་རྗེ་ལགས། འཆི་མེད་དགའ་ཚལ་གླིང་དང་། བཙུན་དགོན་དགའ་ལྡན་ཆོས་གླིང་། བཙུན་དགོན་འཇམ་དབྱངས་ཆོས་གླིང་གསུམ་གྱི་མཁན་རིན་པོ་ཆེ་རྣམ་པ་གསུམ། བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་། སྤྱི་འཐུས་པདྨ་མཚོ། སྤྱི་འཐུས་རྒྱལ་རོང་ཐུབ་བསྟན་རྒྱ་མཚོ། སྤྱི་འཐུས་ཀརྨ་དགེ་ལེགས་བཅས་དང་། སྤྱི་ཟུར་དགེ་བཤེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས་ལགས་དང་། སྤྱི་ཟུར་བློ་བཟང་ཆོས་འབྱོར། སྤྱི་ཟུར་སློབ་དཔོན་ཆེན་མོ་བསོད་ནམས་རྒྱལ་མཚན་བཅས་དང་། ཆོལ་ཁ་གསུམ་གྱི་དབུས་རྒྱུན་ཚོགས་གཙོ་དང་གཙོ་གཞོན་སོགས། རྡ་ས་མདོ་སྨད་ས་རྒྱུན་ཚོགས་གཙོ། དེ་བཞིན་རིགས་ལམ་སློབ་གཉེར་ཁང་གི་དབུ་འཛིན་ལགས་དང་། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་སོགས་བཞུགས་སྒར་ཁུལ་གྱི་དགོན་སྡེ་ཁག་གི་སྐུ་ཚབ།  བཞུགས་སྒར་ས་གནས་བདེ་དོན་སྐུ་ངོ་། རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་སོགས་ཚོགས་པ་ཁག་གི་སྐུ་ཚབ་དང་མི་སྒེར་སྐུ་མགྲོན་རྣམས་དང་འདུས་མང་ཡོངས་ཀྱིས་རིམ་བཞིན་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས།

10 12
11 06
08 09
02 03

དེ་རྗེས་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་དང་པོ་ནས་བཅུ་གཅིག་པའི་བར་གྱི་སྐུའི་འཁྲུངས་ཡུལ་རྣམས་ཀྱི་ངག་རྒྱུན་ལོ་རྒྱུས་ཀྱི་དེབ་སྟོད་སྨད་གཉིས་ཕྱི་ཚེས་ ༧ ཉིན་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་དཔལ་ལྡན་མི་རྗེ་སྐུ་ངོ་སྲིད་སྐྱོང་སྤེན་པ་ཚེ་རིང་དང་། དགེ་བཤེས་ལྷག་རྡོར། བཀའ་ཟུར་སྐུ་ངོ་ཐུབ་བསྟན་ལུང་རིགས། བཀའ་ཟུར་སྐུ་ངོ་འཕགས་པ་ཚེ་རིང་། བཀའ་ཟུར་སྐུ་ལྕམ་རིན་ཆེན་མཁའ་འགྲོ་བཅས་དབུ་བཞུགས་ཐོག་ཕྱི་ནང་གི་སྐུ་མགྲོན་མང་པོ་འཛོམས་སར་དབུ་འབྱེད་མཛད་སྒོ་གནང་ཟིན་པའི་དཔེ་དེབ་གཉིས་ཀྱི་པར་ཕུད་༸ཁོང་རིན་པོ་ཆེར་ཕུལ། 

དེ་ནས་༸སྐྱབས་རྗེ་ཀིརྟི་རིན་པོ་མཆོག་གིས་བརྟན་བཞུགས་དང་འབྲེལ་བའི་བཀའ་སློབ་གསུང་བཤད་གནང་དོན།

བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ལ་ཐུགས་རྗེ་ཆེ་ཞེས་གསུངས་པ་དང་འབྲེལ། ངོས་རང་སྐུ་ཚེ་ཡུན་དུ་བརྟན་པའི་ཞལ་བཞེས་བྱེད་ཐུབ་པའི་ནུས་པ་གང་ཡང་ང་ལ་མེད་པས་ཁས་ལེན་ཐུབ་ཀྱི་མི་འདུག་ཀྱང་། ནམ་རྒྱུན་ཞུས་པ་ལྟར་འཕྲོད་བསྟེན་གང་ལེགས་བྱ་རྒྱུ་ངས་ཁས་ལེན་བྱས་པ་ཡིན། དེ་བཞིན་ཚེ་རིང་པོར་གནས་ཐུབ་པའི་གསོལ་བ་སྨོན་ལམ་འདེབས་ཆོག་གི་རེད་ལ། དེ་ཐུབ་ཀྱི་ཡང་རེད། ཅེས་དང་། གཟའ་རོང་འབྲོག་གི་མི་མང་དང་། རྒྱ་ཆེའི་མང་ཚོགས་ཀྱི་རེ་འདུན་ལྟར་བརྟན་བཞུགས་འབུལ་ལམ་ཞུས་པ་དེར་ནུས་པ་དང་ཕན་ཐོགས་ཏན་ཏན་ཡོད་པ་རེད། དེ་རིང་ངོས་ཀྱི་བླ་གཟའ་དང་སྐྱེས་པའི་ཉིན་མོ། བརྟན་བཞུགས་བཅས་དུས་གཅིག་ཏུ་ཁེལ་བ་དེ་ཡག་པོ་བྱུང་སོང་། ཞེས་དང་། 

གཞན་ཡང་བོད་ནང་དུ་དེ་རིང་ངོས་ཀྱི་སྐྱེས་སྐར་དང་བསྟུན་རྒྱ་ནག་གིས་བཙན་གནོན་དང་དམ་བསྒྲགས་མི་གཏོང་བའི་རེ་བ་ཞུས་ཀྱི་ཡོད། རྒྱ་གཞུང་གིས་བོད་མི་རྣམས་ལ་བཙན་གནོན་དང་དྲག་གནོན་ཐོག་ནས་འཛིན་སྐྱོང་བྱེད་ཐུབ་པའི་བསམ་བློ་དེ་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་ཞིག་ཡིན་ལ། དེ་ལས་བོད་རྒྱ་མི་རིགས་གཉིས་ཀྱིས་གཅིག་སེམས་གཅིག་གིས་ཤེས་པར་བྱས་ཏེ། གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་ཞི་འགྲིག་ཡོང་ཐབས་གནང་དགོས་རྒྱུ་དེ་ཐུན་མོང་གི་ལས་འགན་ཞིག་ཡིན་པ་རེད། རྒྱ་ནག་དབུས་གཞུང་ནས་སྲིད་བྱུས་གུ་ཡངས་དང་འགྲོ་འདུག་གུ་ཡངས་ཡོད་ལུགས་བཤད་ཀྱི་ཡོད་པ་བཞིན། ས་གནས་ཀྱི་ལས་བྱེད་ཚོས་ཀྱང་བོད་མིའི་ཐོག་དམ་བསྒྲགས་མི་བྱེད་པའི་རེ་བ་གནང་བཞིན་ཡོད་ཅེས་སོགས་གསུངས། 

དེ་ནས་ཁོང་རིན་པོ་ཆེ་མཆོག་གིས་འཁྲུངས་ཡུལ་ཐེ་བོ་སོགས་ཀྱི་མི་རྒྱུད་མཆེད་ཁུངས་སོགས་གསུངས་ཏེ་འཁྲུངས་གཞིས་ངོ་སྤྲོད་གནང་། དེ་སྔོན་ཕྱི་ལོ་ ༡༩༨༤ ལོར་ཕྱིའི་ལྟར་སྣང་ལ་ཕ་ཡུལ་དུ་གཉེན་འཕྲད་ལ་སོང་མོད། དོན་དུ་བོད་གཞུང་གི་སྐུ་ཚབ་བྱས་ནས་བོད་ནང་དུ་ལས་འགན་བསྒྲུབ་པར་སོང་བ་ཡིན་པས་སྐབས་དེར་ལས་དོན་གཙོ་བོར་བརྩིས་ཏེ་ཕ་ཡུལ་དུ་གཉེན་འཕྲད་བྱ་རྒྱུ་བྱུང་མེད་ཀྱང་། མ་འོངས་པར་ཕེབས་ཐུབ་པའི་ཐུགས་རེ་གནང་གི་ཡོད་ཅེས་དང་། དེ་རིང་བརྟན་བཞུགས་འབུལ་མཁན་གཟའ་རོང་འབྲོག་གིས་གཙོས་འབྲེལ་ཡོད་མི་མང་རྣམས་ཀྱིས་ངོས་ཀྱིས་ལམ་སྟོན་གང་བྱས་པ་རྣམས་ལག་བསྟར་བྱེད་ཐུབ་རྒྱུ་གལ་ཆེན་པོ་ཡིན་ཞིང་། དགེ་འདུན་པའི་སྡེ་རྣམས་ལ་སྙན་སྒྲོན་བཅུ་གསུམ་སྔ་ཕྱི་གཉིས་དང་། མང་ཚོགས་ལ་བསླབ་བྱ་སོ་གཉིས་སོགས་བསྐུར་ཡོད་ལ། དེ་སྔ་དེ་དག་གིས་ཕན་ཐོགས་དཔེ་མེད་བྱུང་ནས་ལེགས་པའི་ཕྱོགས་ལ་འགྱུར་བ་མང་པོ་སོང་ཡོད་པ་བཞིན་མུ་མཐུད་ལག་ལེན་ཐོག་ནས་ཡར་རྒྱས་འགྲོ་དགོས་པ་གལ་ཆེན་པོ་རེད། ཅེས་དང་། 

མཐར་བརྟན་ཞུགས་གོ་སྒྲིག་གནང་མཁན་གཟའ་རོང་འབྲོག་ཐུན་མོང་ལ་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་དང་། སྤྱན་རས་གཟིགས་ཀྱི་སྐུ་བརྙན། ཀིརྟི་སྐུ་ཕྲེང་གསུམ་པ་བསྟན་པ་རབ་རྒྱས་ཀྱི་སྐུ་བརྙན་བཅས་གསོལ་སྩལ་གནང་། 

མཇུག་ཏུ་འདུས་མང་ཡོངས་ནས་དགེ་ལྡན་བསྟན་པ་རྒྱས་པའི་སྨོན་ལམ་དང་། མཆོག་གསུམ་ཤིས་བརྗོད་སོགས་གསུངས་ནས་བརྟན་བཞུགས་ལེགས་པར་གྲུབ་པ་དང་། ཕྱི་ནང་གི་སྐུ་མགྲོན་རྣམས་དང་འདུས་མང་ཡོངས་ལ་ཉིན་གུང་གསོལ་ཚིགས་ཕུལ། 

ནད་ཡམས་ཀྱི་ལོ་ཤས་ལས་གཞན་ལོ་མང་གོང་ནས་ཀིརྟིའི་དགེ་རྩ་ཚོགས་པ་དང་། ཀིརྟིའི་བྱེས་པ་གྲྭ་ཚང་། ཀིརྟིའི་བྱེས་པ་གྲྭ་ཚང་གི་བླ་སྤྲུལ་ལྷན་ཚོགས་བཅས་ཐུན་མོང་གི་ངོས་ནས་བོད་མི་རྣམས་ཀྱི་ཁོག་པའི་སྙིང་དང་དཔྲལ་བའི་མིག སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་སྐུ་ཚེ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་གྲུབ་པའི་རྒྱུར་དམིགས་ནས་ཉམ་ཐག་ནད་པར་སྨན་སྦྱིན་སོགས་དགེ་རྩ་རླབས་ཆེན་བསྒྲུབས་དང་སྒྲུབ་བཞིན་པ་ལྟར། འདི་ལོ་ཡང་གསལ་བསྒྲགས་སྔོན་སོང་གིས་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་འཁྲུངས་ཚེས་དང་བསྟུན་ནས་ནད་པར་སྨན་སྦྱིན་སོགས་གང་ལེགས་གནང་ཡོད། དེ་ཡང་ཕྱི་ཚེས་ ༨ ཉིན་གྱི་ཞོགས་པ་དུས་ཚོད་༦ ཙམ་ལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ལས་སྣེ་རྣམས་དང་། ཀིརྟིའི་དགེ་རྩ་ཚོགས་པའི་རྒྱུན་ལས་བཅས་རྡ་སའི་ཉེ་འཁོར་གྱི་བྱམས་པ་གླིང་རྒན་གསོ་ཁང་དུ་ཕེབས་ནས་དེ་གའི་རྒས་འཁོགས་གྲངས་ ༩༨ དང་། ལས་བྱེད་ ༡༢ བཅས་ལ་རྩམ་པ་དང་མར་སོགས་བཅུད་ལྡན་ཟས་རིགས་དང་། ལག་དངུལ་སྒོར་ ༥༠༠། རེ་དང་། ཉིན་དེར་དུས་གསུམ་གྱི་བཞེས་པ་ལེགས་ཤོས་བཅས་ཕུལ། དེ་བཞིན་བདེ་ལེགས་སྨན་ཁང་གི་ནད་གསོ་ཁང་དུ་ཡོད་པའི་ནད་པ་དང་ལས་བྱེད་སོགས་མི་གྲངས་ ༡༨ ལ་གོང་བཞིན་རྩམ་པ་དང་མར་སོགས་ཟས་རིགས་དང་། བསྙུན་འདྲིའི་ཆེད་ལག་དངུལ་ཧིན་སྒོར་ ༥༠༠ རེ་ཕུལ་བ་དང་། གངས་སྐྱིད་བདེ་སྨན་གྱི་སྨན་པ་དང་སྨན་ཞབས་པ་སོགས་ལས་བྱེད་ཡོངས་དང་ནད་པ་བཅས་ཚང་མར་ཉིན་གུང་གི་བཞེས་ལག་དང་། ནད་པ་དང་སྨན་ཞབས་སོགས་ཉུང་ཤས་ལ་དགོང་མོའི་བཞེས་ལག་ཀྱང་གང་ལེགས་ཕུལ། 

སྨན་སྦྱིན་གྱི་རིམ་པ་ནི། དབུས་བོད་ཀྱི་སྨན་རྩིས་ཁང་དང་མེག་གྷན་གྱི་ཡན་ལག་སྨན་ཁང་གཉིས་ལ་ནད་པ་གྲངས་ ༤༤༤། བདེ་ལེགས་སྨན་ཁང་ལ་ནད་པ་གྲངས་ ༢༥༨། ནོར་གླིང་ཁྱུ་གསར་སྨན་ཁང་དུ་ནད་པ་གྲངས་ ༦༧། སྐུ་གཤེགས་བླ་སྨན་དམ་པ་གང་གི་དགེ་ཕྲུག་ཆོས་འཕེལ་སྐལ་བཟང་གི་སྨན་ཁང་ཕན་བདེ་གཅེས་སྐྱོང་ཁང་དུ་ནད་པ་གྲངས་ ༡༣༤། བཅས་གཞུང་སྒེར་གྱི་སྨན་ཁང་ཁག་དྲུག་ནས་ཉིན་ཧྲིལ་པོར་ནད་པ་གྲངས་ ༩༠༣ ་ལ་ཉིན་བདུན་རེའི་རིང་གི་སྨན་སྦྱིན་གནང་། 

དེ་བཞིན་རྡོར་གླིང་སུ་ཁེ་ཀིརྟི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་གི་དགེ་འདུན་པ་རྣམས་ཀྱིས་ཀྱང་ཞོགས་པ་སྔ་བོ་ནས་གནས་བརྟན་ཕྱག་མཆོད་དང་། ཞབས་བརྟན་གསོལ་འདེབས། བསངས་གསོལ་བཅས་གསུང་འདོན་གནང་ཞིང་། ས་གནས་གཞུང་གི་སློབ་གྲྭའི་(yuwak Sangha primary) སློབ་ཕྲུག་རྣམས་ལ་མངར་ཟས་སོགས་སྦྱིན་གཏོང་དང་། ཤིང་ནགས་འདེབས་འཛུགས། རླུང་རྟའི་དར་ལྕོག་འཐེན་པ་སོགས་བྱས་ནས་འཁྲུངས་ཚེས་སྲུང་བརྩི་གནང་། 

གཞན་ཡང་བལ་ཡུལ་ཁུལ་དུ་གནས་སྡོད་འབྲེལ་ཡོད་རྣམས་ཀྱིས་མཆོད་རྟེན་རྣམ་གསུམ་ལ་སྐུ་དཀར་དང་ན་བཟའ་ཕུལ་ཞིང་། མཆོད་མེ་སྟོང་མཆོད། དགེ་འདུན་ལ་བསྙེན་བཀུར་སོགས་ཕུལ་ནས་རྣམ་དཀར་དགེ་བའི་ལས་རྒྱ་མི་ཆུང་བ་གསོག་བསྒྲུབས་གནང་བ་བཅས་ཀྱི་གནས་ཚུལ་མདོར་བསྡུས་སུ།  

13 14 
15 16
17 18
19 20
21 22

 

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.