དང་པོ། དགེ་རྒན་ནི། སློབ་གཉེར་ཁང་འདིའི་ཤེས་ཡོན་དང་ཀུན་སྤྱོད་ཡར་རྒྱས་འགྲོ་མིན་གྱི་རྩ་བ་དགེ་ རྒན་ལ་རག་ལས་པས། ཐོག་མར་དགེ་རྒན་སོ་སོའི་ངོས་ནས་ལུས་ངག་གི་སྤྱོད་ལམ། དུལ་བ། ཞི་བ། སློབ་མ་ལས་ཡོན་ཏན་ལྷག་པ། སྨྲ་བ་ལ་མཁས་པ། བརྩེ་བའི་བདག་ཉིད་ཅན། གཞན་དོན་བྱེད་པ་ལ་སྐྱོ་བ་སྤོང་བ་སོགས་བཤེས་གཉེན་ནམ་དགེ་རྒན་གྱི་མཚན་ཉིད་མ་ མཐའ་ཞིག་བཅོས་མ་ཚུན་ཆད་ཀྱིས་ཚང་བའི་ཐབས་ལ་རྒྱུན་དུ་འབད་དགོས་ཤིང༌། ལྷག་པར་དུ་ཁས་བླངས་པའི་རང་རྒྱུད་ཀྱི་དམ་ཚིག་དང་སྡོམ་པ། གྲྭ་ཚང་གི་སྒྲིགས་ལམ་མམ་དགེ་འདུན་པའི་ནང་ཁྲིམས་ལ་རང་ཉིད་ཚུལ་བཞིན་དུ་གནས་ ཤིང་གཞན་དེ་ལ་འགོད་པར་མཁས་པ། འདུལ་བའི་བཅས་མཚམས་དང་དགེ་འདུན་པའི་ནང་ཁྲིམས་ལ་འཕྱ་སྨོད་དང་མ་རངས་པའི་རྣམ་ པ་ཙམ་ཡང་མེད་པར་བརྩི་བཀུར་བྱེད་པ། འགྲོ་ཆག་ཉལ་འདུག་གང་ཡིན་ཀྱང་རུང་ཡ་རབས་སྤྱོད་བཟང།དང༌། ངོ་ཚ་ཁྲེལ་གཞུང་ལྡན་པ། རྒྱུན་དུ་ཤེས་ཡོན་དང་སློབ་སྦྱོང་ལ་དགའ་ཞིང་བརྩོན་པ་ཆེ་བ། རྩེད་མོ་དང་འདུ་འཛི་ལ་མི་གཡེང་བ་སོགས་སློབ་མས་མིག་ལྟོས་ཡར་ལྟ་བྱེད་ས་ཡོད་པ་ ཞིག་ངེས་པར་མཛད་དགོས།
གཉིས་པ། སློབ་མའི་ཤེས་ཡོན་དང་ཀུན་སྤྱོད་ཡར་རྒྱས་འགྲོ་ཐབས་སུ་ཞི་དྲག་གི་ཐབས་ཤེས་སྣ་ ཚོགས་ཤིག་བསྟེན་ཆོག་ནའང་དེ་གྲྭ་ཚང་གི་སྒྲིགས་ལམ་བཞིན་མཛད། དགེ་རྒན་རང་ཉིད་ནས་ྋསྐྱབས་རྗེ་རིན་པོ་ཆེའི་བཀའ་དགོངས་དང་གྲྭ་ཚང་གི་དམིགས་ ཡུལ་དང་མཐུན་པའི་མཛད་སྤྱོད་ལེགས་པོ་ཞིག་རྒྱུན་འཁྱོངས་གནང་དགོས་པ་ལས། སེམས་ཀྱི་མངོན་འདོད་དང༌། རང་དབང༌། དེང་རབས་དང༌། གསར་བརྗེ་སོགས་ལ་བསྙད་ནས་བོད་ཀྱི་ཆོས་དང་རིག་གཞུང༌། ཡ་རབས་བཟང་སྤྱོད་དང་རྒྱུ་མཚན་ལྡན་པའི་བོད་མིའི་གོམས་གཤིས་བཟང་པོ་ལ་སྐྱོན་ བརྗོད་དང༌། སྐབས་སུ་མ་བབས་པའི་ལུགས་གསར་སྣ་ཚོགས་ཀྱི་བསམ་བློ་དང་སྤྱོད་ཚུལ་ངན་པའི་རིགས་ ཀྱི་སློབ་སྟོན་བརྒྱུད་བསྒྲགས་དང༌། དེའི་སྐོར་གསལ་འདེབས་དང་འབྲེལ་བའི་འཕྲོས་བཤད་རིགས་སོགས་གཏན་ནས་གནང་མི་ཆོག
གསུམ་པ། སློབ་མའི་ཀུན་སྤྱོད་ཡར་རྒྱས་འགྲོ་ཐབས་སུ་དགེ་སློབ་གཉིས་ཀ་རྒྱུན་དུ་འདྲིས་ གཤིབས་གནང་རྒྱུ་གལ་ཆེ་ནའང༌། དགེ་རྒན་རང་ཉིད་ཀྱི་བསླབ་གྲལ་ལ་རང་ཉིད་ནས་བརྩི་འཇོག དགེ་སློབ་བར་ཚུལ་མིན་གྱི་འབྲེལ་བ་མི་འཇོག་པ། དོན་མེད་འཆལ་གཏམ་ཤོད་རེས་དང༌། རྩེད་འཇོ། བག་ཡངས། ཤག་ཏུ་དོན་མེད་འདུ་འཛོམས་བྱེད་པ། ངའི་སློབ་མ་དང་ཁོའི་སློབ་མ་ཞེས་རང་ཕྱོགས་དང་གཞན་ཕྱོགས་སུ་དབྱེ་བ། སློབ་མ་འགའ་ཤས་ཟུར་ཁྲིད་ཀྱིས་སྤྲོ་སྐྱིད་གཏོང་བ། ཆོས་ལུགས་དང་ལུང་ཚན། དགོན་སྡེ། སློབ་མ་དང༌། འཛིན་གྲྭ་སོགས་རིས་སུ་གཅོད་པ་དང༌། དབྱེན་སྦྱོར་དུ་འགྲོ་གཞིའི་འཆལ་གཏམ་བདེན་རྫུན་བརྒྱུད་བསྒྲགས་ནམ་ཡང་བྱེད་མི་ ཆོག
བཞི་པ། གལ་སྲིད་དགེ་རྒན་ཞིག་ནས་དགེ་འདུན་པའི་སྡེ་འདིའི་ནང་ཁྲིམས་དང་འགལ་བའི་ཉེས་པ་ བསགས་ཡོད་ཚེ་ཉེས་ཆད་སྒྲིགས་གསལ་ལྟར་དང་ལེན་བྱེད་དགོས་པ་སྡེ་འདིའི་གྲྭ་པ་ སྤྱི་མཚུངས་ལས་ཀྱང་ལྷག་པ་ཞིག་ཡིན། ལྷག་པར་རྒྱུགས་ཀྱི་དྲི་བ་སོགས་གསང་བ་དགེ་རྒན་གང་རུང་ནས་ཕྱིར་གྱར་བྱས་པ་དང༌། དགེ་སློབ་ནང་ཁུལ་དཀྲུག་ཤིང་དང་དབྱེན་སྦྱོར། ཆོས་ལ་དཔེ་མཁྱུད་བྱས་པ་བཅས་ཀྱི་ར་འཕྲོད་བྱུང་ཚེ་དགེ་རྒན་གྱི་གནས་རིམ་འོག་ མར་ཕབ་རྒྱུ་སོགས་ཉེས་ཆད་ཀྱང་སྒྲུབ་དགོས།
ལྔ་པ། སློབ་འཁྲིད་གནད་སྨིན། རང་སྦྱོང་འཆར་འགོད་དང་དཔེ་བརྗོད་ལ་དག་ཐེར། སློབ་ཁྲིད་ཚགས་ཚུད་འབྱུང་སླད་སློབ་སྤྱིའི་སྟངས་འཛིན་འོག་སྐབས་རེར་དགེ་རྒན་ ལྷན་འཛོམས་ཀྱིས་བཀའ་བསྡུར་གནང་རྒྱུ། སློབ་ཚན་རྣམས་སློབ་དུས་ཆ་བགོས་བྱས་པའི་ནང་རྫོགས་ཐུབ་པ་ཞིག་མཛད་དགོས་ཤིང༌། སློབ་ཁྲིད་ཀྱི་འཆར་གཞིའི་སྔོན་ལ་སློབ་ཚན་གྲུབ་ཚེ་འབྲེལ་ཡོད་སློབ་ཚན་ནས་གལ་ ཆེ་བ་དང་དཀའ་གནད་སོགས་སློབ་ཁྲིད་གནང་དགོས་པ་ལས་སློབ་ཚན་རྫོགས་པ་ལ་ཆ་འཇོག་ གིས་སློབ་ཐུན་སྟོང་པར་འཇོག་མི་རུང༌། བདུན་རེའི་ནང་གི་སློབ་ཐུན་གཅིག་ལ་སློབ་མ་ཚཱུའི་ལུས་ངག་གི་ཀུན་སྤྱོད་ཡ་རབས་ བཟང་སྤྱོད་དང་ལྷག་པར་དགེ་འདུན་པའི་བསམ་སྤྱོད་མིང་དོན་མཚུངས་པ་ཞིག་ཡོང་ཐབས་ ཀྱི་བསླབ་བྱ་རེ་ངེས་པར་གནང་དགོས།
དྲུག་པ། དགེ་རྒན་ཞིག་ནད་མནར་མ་ཡིན་པར་ཉིན་གཅིག་ལས་མང་བར་དགོངས་པ་ཞུ་དགོས་ཚེ་སློབ་ སྤྱི་བརྒྱུད་ནས་ཁོང་རིན་པོ་ཆེར་སྙན་སེང་བཀའ་འཁྲོལ་ཞུ་དགོས་པ་ལས་རང་བསམ་ གྱིས་སློབ་ཐུན་སྟོང་པར་འཇོག་མི་རུང་ལ། དེའི་རིང་དགེ་རྒན་གྱི་ཚབ་གཏོང་དགོས་པའི་སྔོན་བརྡ་སློབ་སྤྱི་ལ་སྙན་སེང་ཞུ་ དགོས། གལ་སྲིད་སློབ་ཐུན་རེ་ཟུང་ལ་ཕེབས་མ་ཐུབ་པའི་སྒེར་དོན་ཡིན་ཚེ་དགེ་རྒན་རང་ཉིད་ ནས་ཚབ་གསར་གོ་འཕེར་སློབ་ཁྲིད་དམ་ལྟ་རྟོག་ཐུབ་ངེས་རེ་གོ་སྒྲིག་གིས་སློབ་ སྤྱི་ལ་དགོངས་པ་ཞུ་དགོས།