སྔོན་གླེང་།

 

2

༄༅།། ༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་གིས། བོད་མི་རིགས་ཀྱི་གནའ་བོའི་ཡུལ་གོམས་གཤིས་ལུགས་དང་རིག་གཞུང་བཟང་པོ་རྣམས་རྒྱུན་འཛིན་དར་སྤེལ་བྱེད་དགོས་པའི་གལ་གནད་ལ་གཟིགས་ཏེ། དུས་རབས་ཉི་ཤུ་པའི་སྨད་ཀྱི་ཆར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་འདི་ཉིད་གསར་འཛུགས་ཀྱིས་བོད་ཀྱི་ཆོས་རིག་འཛིན་སྐྱོང་གི་མཛད་འགན་བཞེས་ཤིང་། འདས་པའི་བགྲང་བྱ་ཉི་ཤུ་ལྷག་རིང་ཕྱི་ནང་གི་དཀའ་ཚེགས་རིམ་པར་བརྒྱུད་དེ་གཞོན་སྐྱེས་སློབ་མ་ཤེས་ཡོན་གྱི་རང་རྐྱ་འཕེར་བ་མང་པོ་གསོ་སྐྱོང་དང་། བོད་ཀྱི་ཆོས་རིག་སྐོར་གྱི་དཔེ་དེབ་བརྒྱ་ཕྲག་གཅིག་དང་ཕྱེད་ལྷག་སྔ་ཕྱིར་དཔར་འགྲེམས་བྱས་པར་ལམ་སྟོན་སོགས་སྐུ་ངལ་འཛེམས་མེད་ཀྱི་འཕྲིན་ལས་བསྐྱངས་པར་བརྟེན། ༸གོང་ས་ལྷ་མིའི་རྣམ་འདྲེན་འཇིག་རྟེན་ཞི་བདེའི་དེད་དཔོན་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས། ཀིརྟིའི་བྱེས་པ་གྲྭ་ཚང་ཞེས་པ་འདི་ག་ཚོད་ཀྱིས་ཡར་རྒྱས་ཕྱིན་པ་དེའི་ཚོད་ཀྱིས་བོད་སྤྱིའི་དོན་དག་ཐོག་ཕན་ཐོགས་ཀྱི་ཡོད་ཙང་ད་དུང་ཡིན་ནའང་མུ་མཐུད་དུ་ཧུར་ཐག་བྱེད་རོགས་གྱིས། དེང་སང་བོད་སྤྱིའི་གནས་སྟངས་དཀའ་ཉེན་ལས་སྐྱོབ་པའི་ཐབས་ཤེས་ནི་གཞོན་སྐྱེས་ཚོར་སློབ་སྦྱོང་སྤྲོད་རྒྱུ་དེ་རེད། འདིར་བོད་གནའ་རབས་ཀྱི་རིག་གཞུང་གཙོ་བོར་གྱུར་པའི་བོད་ཀྱི་རིག་གཞུང་ཉམས་ཆག་ཤུལ་མེད་དུ་འགྲོ་བཞིན་པའི་སྐབས་སུ་རྣག་ཐོག་གཙག་འཁེལ་ལྟ་བུའི་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད། ཅེས་བསྔགས་བརྗོད་ཀྱི་མེ་ཏོག་སྤྱི་བོའི་རྒྱན་དུ་འཐོར་བ་ནི། ༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེས་དབུ་ཁྲིད་འོག་འདི་གའི་དགེ་སློབ་ལས་བྱེད་སོགས་འབྲེལ་ཡོད་ཡོངས་ནས་འཕྱར་གྲུ་མཉམ་འདེགས་དང་འབད་པ་ལྷོད་མེད་བགྱིས་པའི་འབྲས་རྟགས་སུ་འཁུམས།
དེ་ཡང་འཕགས་ཡུལ་གྱི་སྙན་ངག་སྨྲ་བའི་གཙུག་རྒྱན་སློབ་དཔོན་དབྱུག་པ་ཅན་གྱིས། སྙན་ངག་དམ་པའི་རྒྱན་ལྡན་ནི། །བསྐལ་པའི་བར་དུ་གནས་པར་འགྱུར། །ཞེས་གསུངས་པ་ལྟར། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ལས་ཕུལ་དུ་བྱུང་བ་ནི་རྩོམ་པའི་མཛད་པ་ཉིད་ཡིན་ལ།

སྙན་ངག་མེ་ལོང་ངམ་ཚིག་རྒྱན་སྣ་ཚོགས་ཀྱིས་སྤྲས་པའི་ལེགས་བཤད་རྣམས་ནི་བསྐལ་པའི་བར་དུ་གནས་ཤིང་དེའི་རྩོམ་ཐབས་སམ་རྒྱན་གྱི་སྦྱོར་ཚུལ་རྣམས་ནི་བོད་མི་རིགས་ཀྱི་རིག་གཞུང་འཆད་རྩོམ་གང་ལའང་ཁ་འབྲལ་ཐབས་མེད་པར་ཤ་ཐིམ་རུས་ཐིམ་དུ་གྱུར་ཡོད།
གནའ་དེང་གི་བོད་ཀྱི་མཁས་པའི་གསུང་རྩོམ་ཡོད་དོ་ཅོག་སྙན་ངག་གམ་ཚིག་རྒྱན་གྱི་རིག་པས་མ་བཅིངས་པ་ཕལ་ཆེར་མེད་ལ། མཁས་པ་མགུ་བའི་གཞུང་གང་ཞིག་རྩོམ་པ་ལའང་ཚིག་རྒྱན་མེད་ན། བསྟན་བཅོས་རྩོམ་པའི་མཁས་པའི་གྲལ་དུ་མི་ཚུད་པས། གངས་རིའི་ལྗོངས་ཀྱི་ལོ་པཎ་དག་གིས་བརྩམས་ཆོས་ནང་བསྟན་རིག་གཞུང་གི་འགྲེལ་ཡང་འགྲེལ་རི་བོའི་གཏོས་དང་མཉམ་པ་དག་ཀྱང་། ཚིག་དོན་གྱི་ཆ་ཕུན་སུམ་ཚོགས་ཤིང། རྩོམ་རིག་གི་ཉམས་འགྱུར་ཆེ་བ། གསུང་རབ་ཀྱི་དོན་ཕྱིན་ཅི་མ་ལོག་པར་ལེགས་པར་འདྲིལ་བ། སྙིང་པོའིི་དོན་ལ་གཞོལ་ཞིང་འབབ་པའི་ཁྱད་ཡོན་ལྷག་པར་ལྡན་ལ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་གིས་ཀྱང་རྩོམ་པའི་རིག་པ་འདི་ཆེས་གལ་ཆེ་བར་གཟིགས་ཏེ་ས་སྟེང་གི་རིན་པོ་ཆེ་རྣམ་པ་གསུམ་གྱི་ཡ་གྱལ་དུ་བགྲངས་ཡོད།
སྤྱིར་རིག་པ་སྨྲ་བ་དག་ཕྱི་ནང་གི་རིག་གནས་ཐམས་ཅད་ལ་མཁས་པར་བྱ་དགོས་པ་དང་། ལྷག་པར་དུ་སྙན་ཚིག་རིག་པའམ་ཚིག་རྒྱན་སྦྱོར་ཚུལ་ལའང་མཁས་པར་བྱ་དགོས་པ་ནི། ཨ་ལག་ཤ་བསྟན་དར་ལྷ་རམས་པས། ཡི་གེ་དག་ཀྱང་སྙན་ངག་མི་ལྡན་ན། །བུད་མེད་མཛེས་མ་སྒྲེན་མོར་རྒྱུ་བ་བཞིན། །མངོན་བརྗོད་གསར་རྙིང་བརྡའ་ཡིས་མ་སྤུད་ན། །གྲོང་ཚིག་འདྲེས་པས་མཁས་པས་དོར་བྱར་འོས། །
ཞེས་གསུངས་པ་ལྟར། སྔོན་བྱོན་མཁས་པ་རྣམས་ཀྱིས་སྙན་ངག་དང་ཚིག་རྒྱན་གྱི་རིག་པ་འདི་སྦྱོར་བ་གལ་ཆེ་བའི་ཚུལ་མང་དུ་གསུངས་ཡོད་པའི་དཔེ་མཚོན་ལྟ་བུར། འདི་གའི་སློབ་སྤྱི་ཟུར་བ་རིག་གནས་སློབ་དཔོན་ཆེན་མོ་དགེ་བློ་བཟང་རྒྱ་མཚོ་མཆོག་གིས་མཛད་པའི་ཆེད་རྩོམ་ཁག་ཕྱོགས་བཏུས་<<དད་གསུམ་པདྨ་དཀར་པོའི་མཆོད་པ་>>ཞེས་པ་ཡིད་ལ་གང་ཤར་ཡིག་ཐོག་ཏུ་ཕབ་པ་མ་ཡིན་པར་བརྗོད་བྱ་དག་ཅིང་གསལ་ལ། རྗོད་བྱེད་ཚིག་ལ་སྙན་འཇེབས་ཆེ་ཞིང་། བོད་རང་གི་ཡུལ་སྲོལ་གོམས་གཤིས་མཚོན་པར་བྱེད་པའི་ཚིག་གམ་སྐད་ཆའི་སྒྱུ་རྩལ་དང་དུས་རབས་བཅུ་གསུམ་པའི་ནང་བོད་དུ་དར་བའི་<<སྙན་ངག་མེ་ལོང་>>གཞུང་གི་རྒྱན་གྱི་སྦྱོར་ཚུལ་གཉིས་གཞི་གཅིག་ཏུ་འདྲེས་པའི་བོད་ཀྱི་གནའ་བོའི་རྩོམ་གཤིས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ལྡན་པས། རྩོམ་རིག་གི་ལས་ལ་གསར་དུ་འཇུག་བཞིན་པའི་བློ་གསལ་དོན་གཉེར་ཅན་རྣམས་ལའང་དགེ་ཕན་ཆེ་བར་མཐོང་ནས་རྩོམ་སྒྲིག་བགྱིས།
འོན་ཀྱང་གུས་ཅག་རྩོམ་སྒྲིག་པ་དག་གི་ཤེས་འཇོན་མྱོང་སྟོབས་ཀྱིས་མ་འདང་བའི་དབང་གིས་ནོར་འཁྲུལ་གང་མང་ཡོད་ངེས་ན་གཟུར་གནས་རྣམ་དཔྱོད་དང་ལྡན་པ་རྣམས་ཀྱིས་འཁྲུལ་སེལ་དང་ཡོ་བསྲང་གི་དགོངས་འཆར་ལྷུག་སྩོལ་ཡོང་བའི་རེ་བ་བཅས།
འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་རྩོམ་སྒྲིག་སྡེ་ཚན་ནས། ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༢ ལ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.